བཅར་འདྲི་བྱེད་ཡུལ། མཁས་དབང་དགེ་སློང་ས་ཕུད་ཐུབ་བསྟན་དཔལ་ལྡན།

བཅར་འདྲི་བྱེད་མཁན། ཨཱཅཱརྱ་བདེ་ཆེན་སྒྲོལ་མ།

བཅར་འདྲི་བྱེད་དུས། ༢༠༡༧ཟླ༩ཚེས༢༨ཉིན།

བཅར་འདྲི་བྱེད་ཡུལ། ལ་དྭགས་ལྕོག་ལམ་ས།

དགེ་སློང་ས་ཕུད་མཆོག་གི་ལོ་རྒྱུས་མདོར་བསྡུས།

ལ་དྭགས་ཀྱི་ལོ་རྒྱུས་མཁས་དབང་དགེ་སློང་ས་ཕུད་ཐུབ་བསྟན་དཔལ་ལྡན་མཆོག་ནི་ཕྱི་ལོ༡༩༤༡ལོར་ལ་དྭགས་ས་ཕུད་བཅུ་ཚོ་ལ་སྐུ་འཁྲུངས་ཤིང་ཕྱི་ལོ༡༩༥༡ལོར་གྲྭ་བ་བྱས་ཏེ་བོད་དུ་ཕེབས་ནས་ཕྱི་ལོ༡༩༥༩བར་ལྷ་ས་འབྲས་སྤུངས་དགོན་ལ་སློབ་གཉེར་གནང་བ་དང་། དེ་རྗེས་ཕྱིར་ལ་དྭགས་སུ་ཕེབས་ནས་རྒྱལ་སྲས་བ་ཀུ་ལ་རིན་པོ་ཆེ་མཆོག་གི་དགོངས་དོན་བཞིན་ཤྲི་ལང་ཀར་སློབ་གཉེར་ལ་ཕེབས། ཕྱི་ལོ༡༩༦༧ལོར་ཕྱིར་ལ་དྭགས་སུ་ཕེབས་ནས་བོད་ཡིག་དགེ་རྒན་གནང་། ཕྱི་ལོ༡༩༨༠ལོ་ནས་ལ་དྭགས་ཤེས་རིག་ལས་ཁུངས་སུ་ཕེབས་ནས་བོད་དང་ཧི་མ་ལ་ཡའི་རིག་གནས་དང་འབྲེལ་བའི་ཕྱག་ལས་གནང་། ཕྱི་ལོ༢༠༠༡ལོར་ལ་དྭགས་ནང་ཚོགས་ཀྱིས་མཁས་པའི་གཟེངས་བསྟོད་ཀྱི་ཕྱག་རྟགས་ལག་ཁྱེར་ཕུལ། ཁོང་གིས་སྔ་ཕྱིར་དཔེ་དེབ་༢༠ལྷག་བརྩམས་གནང་མཛད་ཡོད་པ་ལས་ཕྲན་གྱིས་བཀླགས་མྱོང་བ་ནི་ལ་དྭགས་ཞེས་པ་དང་། ཆགས་རབས་གནད་དོན་ཀུན་ཚང་ཞེས་པ། རྟེན་རྙིང་རིན་ཆེན་དོ་ཤལ་ཞེས་པ་བཅས་ལ་དྭགས་ཀྱི་ལོ་རྒྱུས་དང་འབྲེལ་བའི་དེབ་གསུམ་ཡིན་ནོ།།

 

དྲི་བ་དྲིས་ལན།

༡། དྲི་བ། བོད་བཙན་པོའི་གདུང་རྒྱུད་ལ་དྭགས་སུ་མ་སླེབས་སྔོན་ལ་ལ་དྭགས་ཀྱི་དབང་བསྒྱུར་གནས་སྟངས་གང་འདྲ་ཡིན་ནམ།

ལན། བོད་བཙན་པོའི་གདུང་རྒྱུད་ཕྱི་མ་ལ་དྭགས་སུ་མ་སླེབས་སྔོན་ལ་ལ་དྭགས་སུ་ཇོ་རབས་ཀྱིས་དབང་བསྒྱུར་བྱས་ཡོད་ལ། དེ་ཡང་ཇོ་རབས་ཁ་ཤས་ཡོད་པ་ལས་སྟོད་ཀྱི་རྒྱ་པ་ཇོ་དང་སྨད་ཀྱི་ཇོ་སྦག་དར་སྐྱབས་གཉིས་གྲགས་ཆེ་ཤོས་ཡིན།

༢། དྲི་བ། ལ་དྭགས་ཀྱི་མི་རིགས་གྲུབ་ཚུལ་གང་འདྲ་ཡིན་ནམ།

ལན། ལ་དྭགས་ལ་སྔོན་གྱི་དུས་སུ་སྟོད་ཕྱོགས་ལ་མོན། མོན་ནི་ཉུང་ཏི་ཕྱོགས་ནས་ཡོང་བ་ཡིན། སྨད་ཕྱོགས་ལ་འབྲོག་པ། དེ་རྗེས་བོད་རིགས་དར། བོད་པས་མོན་དང་འབྲོག་པ་གཉིས་དབང་དུ་བསྒྱུར་ནས་བོད་རིགས་རྣམས་ད་ལྟ་གར་རྒུད་ཕྱོགས་སུ་གནས་ཡོད།

༣། དྲི་བ། ལ་དྭགས་ཀྱི་ཏོག་མཁར་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ལ་ཐོད་ཡིན་ཟེར་བ་དེ་དོན་དངོས་ཐོག་རྒྱལ་པོ་སྲོང་བཙན་དུས་སྐབས་ཀྱི་ཡིན་ནམ།

ལན། དེ་ནིི་རྒྱལ་པོ་སྲོང་བཙན་སྒམ་པོ་རང་གི་སྐབས་ཀྱི་ཡིན་རྒྱུ་མ་རེད་སྙམ། ཕྱིས་ཀྱི་རྒྱལ་པོ་གང་རུང་ཞིག་གི་ལ་ཐོད་ཡིན་པ་ལ་སྲོང་བཙན་སྒམ་པོ་ནས་བརྒྱུད་པའི་མཚན་བཏགས་པ་ཡིན་འགྲོ།

༤། དྲི་བ། བོད་ཀྱི་ལོ་རྒྱུས་སུ་གསལ་ཁ་མེད་པའི་བོད་སྟོད་ཕྱོགས་ཀྱི་ས་མཚམས་ནུབ་ཁ་ཆེ་ལ་རྩ་ཞེས་པ་དེ་གང་ལ་ངོས་འཛིན་པ་ཡིན་ནམ།

ལན། ནུབ་ཁ་ཆེ་ལ་རྩ་ནི་ད་ལྟ་ཀཤིསྨར་དང་ལ་དྭགས་ཀྱི་མཚམས་ལ་Zojila མཛོ་ཤི་ལ་ཟེར་བ་དེ་ཡིན་ལ། སྔོན་ཆད་དེ་ནི་ལ་དྭགས་རྒྱལ་པོ་དག་གི་རྟ་འཚོ་ས་ཡིན། མཛོ་ཤི་ལ་ཟེར་བ་ཡང་ལ་དེ་ཧ་ཅང་གཟར་བོ་ཡིན་པས་བཏགས་པ་དང་། དེའི་ཉེ་འཁོར་ལ་ད་དུང་Drass མདའ་ར་ཟེར་བ་དམག་སའི་མིང་ཐོག་པ་སོགས་ཡོད།

༥། དྲི་བ། ལ་དྭགས་ཀྱི་དགོན་རྙིང་ཁག་གི་ལྡེབས་རིས་ཀྱི་ལོ་རྒྱུས་གང་འདྲ་ཡིན་ནམ།

ལན། ལ་དྭགས་ཀྱི་ལྡེབས་རིས་རྙིང་པ་དག་ལ་ལོ་གཅིག་སྟོང་ལྷག་གི་ལོ་རྒྱུས་ཡོད་ལ། དེ་དག་དུས་རིམ་བཞི་རུ་དབྱེ་ཆོག་པ་ཡིན། དུས་རིམ་དང་བོ་ནི་བླ་མ་ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐུ་དུས་བཞེངས་པ་དང་། དུས་རིམ་གཉིས་པ་ནི་བླ་མ་ལོ་ཙཱ་བའི་སློབ་རྒྱུད་དག་གིས་བཞེངས་པ། དུས་རིམ་གསུམ་པ་ནི་སྔོན་གྱི་རྒྱལ་པོ་རྣམས་ཀྱིས་བཞེངས་སུ་གསོལ་བ། དུས་རིམ་བཞི་པ་ནི་དེང་རབས་ཀྱི་ལྡེབས་རིས་བཅས་ཡིན།

༦། དྲི་བ། ཤེལ་གྱི་རྒྱལ་བ་རིགས་ལྔའི་སྐུ་བརྙན་བྲག་བརྐོས་དེ་བོད་བཙན་པོའི་རྒྱལ་རབས་ཀྱི་སྐུ་དུས་སུ་བཞེངས་པ་ཡིན་ནམ།

ལན། དེ་ནི་ཕྱི་ལོ༩༠༠ནང་ལ་དྭགས་སུ་ལི་ཡུལ་གྱི་དམག་བྱུང་སྐབས་ལ་དྭགས་ཀྱི་ཇོ་དང་མངའ་རིས་རྒྱལ་པོ་སྐྱིད་བདེ་ཉི་མ་མགོན་གཉིས་རུབ་ནས་ལི་ཡུལ་གྱི་དམག་ཕམ་པར་བྱས་རྗེས་ལ་དྭགས་རྒྱལ་པོས་མངའ་རིས་རྒྱལ་པོ་སྐྱིད་བདེ་ཉི་མ་མགོན་ལ་ཕུལ་བའི་ས་རྟགས་ཡིན།

༧། དྲི་བ། ལ་དྭགས་ཀྱི་དགོན་པ་རྙིང་ཤོས་དེ་གང་ཡིན་ནམ།

ལན། ལ་དྭགས་ཀྱི་དགོན་པ་རྙིང་ཤོས་ནི་ཨལ་ལྕི་དང་གསུམ་མདའ། མང་རྒྱུ་གསུམ་ཡིན།

༨། དྲི་བ། ལོ་ཙཱ་བ་རིན་ཆེན་བཟང་པོས་བཞེངས་པའི་ལྷ་ཁང་ལ་གཙུག་ལག་ཁང་ཟེར་བ་ཆོས་འཁོར་ཟེར་བ་སོགས་མིང་མི་འདྲ་བ་ཡོད་པ་གང་ཡིན་ནམ།

ལན། བླ་མ་ལོ་ཙཱ་བ་རིན་ཆེན་བཟང་པོས་བཞེངས་པའི་དགོན་པ་ཆེ་ཤོས་ལ་གཙུག་ལག་ཁང་ཟེར་ལ། དེ་ནི་གུ་གེ་མཐོ་གླིང་དང་པུ་རང་གི་ཁྭ་ཆར་སོགས་ཡིན། དེ་ལས་ཆུང་བ་ལ་ཆོས་འཁོར་ཟེར། དེ་ནི་ཏ་པོ་ཆོས་འཁོར་དང་ཨལ་ལྕི་ཆོས་འཁོར་ཡིན། ཆུང་ཤོས་ལ་ལྷ་ཁང་ཟེར་བ་ཡིན།

༩། དྲི་བ། ཧི་མ་ལ་ཡའི་ཁུ་ནུ་དང་སྤྱི་ཏི། ལ་དྭགས་སོགས་སུ་ལྷ་དང་ལྷ་མོས་བཞེངས་པའི་ལྷ་ཁང་ཟེར་བ་མང་པོ་ཞིག་ཡོད་པ་དེ་དག་གང་འདྲ་ཡིན་ནམ།

ལན། དེ་ལ་ལྷ་དང་བླ་མས་བཞེངས་ཟེར་བ་དང་ལྷ་དང་ལྷ་མོས་བཞེངས་ཟེར་བ་ཡོད་པ་རེད། དེ་ནི་ལོ་རྒྱུས་ལ་མ་ངེས་པ་དང་མ་གསལ་བའི་སྐྱོན་རེད། དོན་དག་དངོས་ནི་ལྷ་བླ་མ་ཡེ་ཤེས་འོད་སོགས་ཀྱིས་བཞེངས་པ་ལ་ལྷ་དང་བླ་མའམ་ལྷ་དང་ལྷ་མོས་བཞེངས་ཞེས་བཤད་པ་རེད།

༡༠། དྲི་བ། ལ་དྭགས་ཀྱི་རྒྱལ་པོ་དག་གིས་ལ་དྭགས་གླེ་ཙམ་ལ་དབང་བསྒྱུར་བ་ཡིན་ནམ། ཡང་ན་ལ་དྭགས་ཀྱི་ས་ཕྱོགས་ཐམས་ཅད་ལ་དབང་བསྒྱུར་བ་ཡིན།

ལན། ལ་དྭགས་ཀྱི་རྒྱལ་པོ་དག་གིས་ལ་དྭགས་ཀྱི་ས་ཕྱོགས་ཐམས་ཅད་ལ་དབང་བསྒྱུར་བ་མ་ཡིན། དཔེར་ན། ཟངས་དཀར་ནི་དུས་ཕྱིས་སུ་ལ་དྭགས་ཀྱི་རྒྱལ་ཁོངས་སུ་བཅུག་པ་ཞིག་ཡིན། རྒྱལ་པོ་སེངྒེ་རྣམ་རྒྱལ་གྱི་སྐབས་སུ་ལ་དྭགས་ཙམ་མ་ཟད་མངའ་རིས་ཕྱོགས་ལ་དམག་བརྒྱབ་ནས་གུ་གེ་རྒྱལ་པོ་ཡང་བསད་པ་རེད།

༡༡། དྲི་བ། བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་མི་ཁ་ཆེ་ཡུལ་དུ་སློབ་གཉེར་ལ་འགྲོ་སའི་ལམ་ཁ་དེ་ལ་དྭགས་བརྒྱུད་ནས་ཡིན་ནམ།

ལན། ལ་དྭགས་བརྒྱུད་ནས་ཕེབས་པ་མི་གསལ། ཟངས་དཀར་ལ་ཕེབས་མིན་ཡང་མི་ཤེས། ཡིན་ནའང་། ཟངས་དཀར་ལ་ཁ་ཆེ་ཟངས་ལམ་ཞེས་འབོད་པ་ཡོད། ཕལ་ཆེར་མངའ་རིས་ནས་ཐོན་ཏེ་སྤྱི་ཏི་བརྒྱུད་ནས་ཕེབས་ཀྱི་ཡོད་པ་འདྲ།

༡༢། དྲི་བ། ཧི་མ་ལ་ཡའི་ཁུ་ནུ་སོགས་སུ་རི་དྭགས་སྐྱིན་པ་དེ་ལྷ་ཡི་ཆིབས་པར་རྩི་སྲོལ་ཡོད་པ་ལྟར་ལ་དྭགས་སུ་རི་དྭགས་སྐྱིན་ལ་ངོས་འཛིན་གང་འདྲ་ཡིན་ནམ།

ལན། ལ་དྭགས་ལ་རི་དྭགས་སྐྱིན་ཡོད་པ་རེད། ས་མཐོ་ས་ལ་འདུག་པ་ཞིག་རེད། དེ་ལ་ལྷ་སྐྱིན་ཞེས་སྔོན་གྱི་འབོད་སྲོལ་ཞིག་ཀྱང་འདུག མ་ཟད་ལ་དྭགས་རང་གི་དམག་གི་རྟགས་ལ་རི་དྭགས་སྐྱིན་བཞག་ཡོད་པ་ཡིན།

 

གསལ་བཤད། གོང་གི་བོད་དང་ཧི་མ་ལ་ཡའི་ལོ་རྒྱུས་དོན་གནད་སྐོར་གྱི་བཅར་འདྲི་ཐུང་ངུ་འདི་ནི་ཕྱི་ལོ༢༠༡༧ཟླ༡༠ཚེས༢༥ཉིན་ཨཱཅཱརྱ་ཤ་བོ་རྟ་མགྲིན་ནམ་སྨྱུག་མིང་ལ་བདེ་ཆེན་སྒྲོལ་མར་འབོད་པས་ཝཱ་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཞི་འཚོ་དཔེ་མཛོད་ཁང་དུ་ཡིག་འབེབས་ཀྱིས་གཏན་ལ་ཕབ་པ་དགེ་གྱུར་ཅིག