ཁེ་ཉིན་ཨ་ཁུ་རོང་པོ་གངས་དཀར་ལགས་དང་མཉམ་དུ།      ཁོང་གིས་བསྒྱུར་བའི་རྩོམ་ཡིག་ཅིག་ལས་འཕྲོས་པའི་《དཔལ་ལེགས་ལྡན་ནག་པོ་ཆེན་པོའི་གླུ》(薄伽梵歌)ཡི་སྐོར་གྱི་གནས་བབ་དང་གནད་དོན་འགའ་ལ་བསམ་ཚུལ་ཞུས་པ་ཡིན།       

ང་ལ《དཔལ་ལེགས་ལྡན་ནག་པོའི་གླུ》ཡི་སྐོར་གྱི་དཔེ་ཆ་རྒྱ་འགྱུར་མ་འགྱུར་མི་འདྲ་བ་གསུམ་ཡོད།       ཨ་ཁུ་རོང་པོ་གངས་དཀར་ལགས་ཀྱིས་ཛྙཱ་ན་བ(嘉娜娃)་ཡིས་བསྒྱུར་བའི་འགྱུར་གྱི་སྟེང་ནས་བསྒྲིགས་པའི་སང་དབྱིན་རྒྱ་གསུམ་ཤན་སྦྱར་མ་དེར་ཞིབ་གཟིགས་གནང་རྗེས།      དེའི་སྐོར་ནས་དྲི་བ་ཞིག་བྱས་སོང་།        ངས་རང་གི་ལྟ་ཚུལ་ལྟར《དཔལ་ལེགས་ལྡན་ནག་པོའི་གླུ》ཡི་སྐོར་དང་དེ་དང་འབྲེལ་བའི་གནས་ཚུལ་མདོར་བསྡུས་ཤིག་གསལ་བཤད་བྱས་པ་ཡིན།

ངེད་ཀྱིས་ནི《རྒྱ་གར་ཆོས་འབྱུང་གསར་མ》རུ།       སུམ་ཅུ་རྩ་གསུམ་གྱི་སྐད་དོད་ལ་སང་སྐད་དུ་ཏྲི་དི་བེ་ཤཿཞེས་པ་དེ་ནི་དེང་སང་བོད་ལ་ཊི་བེ་ཊི་བྱ་བའི་མིང་དེའི་ཁུངས་ཡིན་པར་འདུག་ཅེས་པ་དེར་དམིགས་བསལ་ཞིག་དོ་སྣང་བྱེད་དགོས་བྱུང་།    བཤད་ཚུལ་དེའི་ཁུངས་ནི《དཔལ་ལེགས་ལྡན་ནག་པོའི་གླུ》ལ་གཏུགས་པར་བཤད།   ད་ལོ་མཁས་པ་ཞིས་ཏཱ་སི(徐达斯)ལགས་ལ་ཐུག་དུས་ཁོང་གིས་ང་ལ་བོད་ཡིག་གི་ཐོག་ལ《དཔལ་ལེགས་ལྡན་ནག་པོའི་གླུ》ཡི་འགྱུར་ཡོད་མེད་ཡང་བསྐྱར་སྐད་ཆ་དྲིས་སོང་བས། ངས་ཡོད་ནི་ཡོད་པ་རེད།    འོན་ཏེ་འགྱུར་ཆ་ཚང་ཡོད་པ་མ་རེད་ཅེས་ཞུས་པ་ན།    ཁོས་ང་ལ་དེ་སྔོན་ཀྲུང་དབྱངས་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་པོ་ཝང་ཡོ(王尧)ལགས་ལ་དེའི་སྐོར་དྲིས་པ་ན།  དགེ་རྒན་ཝང་ཡོ་ལགས་ཀྱིས་ཡོད་མ་རེད་གསུངས།  དེ་ནས་ངས་བོད་ཡིག་གི་ཐོག་ལ་མེད་པ་ཤ་སྟག་བྱས་ནས་སྐད་ཆ་བཤད་པ་ཡིན།    ད་བསམ་ན་རྗེས་མ་བོད་ཀྱི་རིག་གཞུང་གི་གནད་དོན་སྐོར་ལ་དྲི་བ་ཡོད་ན་ཅིས་ཀྱང་བོད་མི་ཞིག་ལ་དྲི་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་རེད་བསམ་ཞེས་བཤད་སོང་།    

རྗེ་བཙུན་ཏཱ་ར་ནཱ་ཐས་བསྒྱུར་བའི《ལེགས་ལྡན་གྱི་གླུ》དེ་ད་ཕན་ངེད་ཀྱིས་ནི་མཇལ་མྱོང་མེད།  ཁོང་གི་རང་རྣམ་དུ་གསལ་བ་ལྟར་ན།   ཁོང་གིས《ལེགས་ལྡན་ནག་པོའི་གླུ》དེ་བོད་ཡིག་ཏུ་བསྒྱུར་བ་ནི་རྩེད་མོའི་ཚུལ་དུ་ཡིན་པ་ལས་དམིགས་ཡུལ་གཞན་གང་ཡང་མེད་ཅེས་གསུངས་འདུག་མོད།           དོན་དུ་དེ་དུས་བྲམ་ཟེ་པཎྚི་ཏ་ཀྲྀཥྞ་ཞེས་པ་དེའི་ཤུགས་རྐྱེན་ཡིན་ནམ་སྙམ།  རྒྱུ་མཚན་ནི།  དེ་དུང་ཁོང་གིས་བྲམ་ཟེ་པཎྚི་ཏ་ཀྲྀཥྞ་དེའི་མདུན་ནས་རིག་བྱེད་ཀྱི་གཞུང་སྟེ།   བྱེ་བྲག་པ་དང་།  རིག་པ་ཅན་པ་དང་།    རིག་བྱེད་མཐའ་པ་བཅས་སྦྱངས་པ་བྱེད་བཞིན་པའི་སྐབས་ཡིན་པའི་ཕྱིར་རོ། །རྗེ་བཙུན་ཏཱ་ར་ནཱ་ཐས་བསྒྱུར་བའི《ལེགས་ལྡན་ནག་པོའི་གླུ》ལ་ལེའུ་གཉིས་མ་གཏོགས་མེད་ཅེས་རང་རྣམ་དུ་བཤད་དོ།།

ད་ལོ་དབྱར་ཁ་ཞིས་ཏཱ་སི་ལ་ཐུག་དུས།   བོད་ཡིག་ཏུ་ཆ་ཚང་མ་བསྒྱུར་བ་དང་།    བསྒྱུར་བ་རྣམས་ཀྱང་དོ་སྣང་གིས་མ་ལྡེང་བ་མ་གཏོགས་ལོ་བཞི་བརྒྱའི་སྔོན་ཞིག་ནས་བོད་ཡིག་ལ་སྒྱུར་མགོ་བརྩམས་འདུག་པ་མངོན་གསལ་རེད་འདུག་ཅེས་བཤད་པ་ན།    ཁོང་གིས་རྗེ་བཙུན་ཏཱ་ར་ནཱ་ཐའི་འགྱུར་དེ་དེང་སང་ཡོད་མེད་ཐོག་ནས་ཤེས་འདོད་ཆེན་པོ་སྐྱེ་གིན་ཡོད་པའི་བསམ་ཚུལ་བསྟན་སོང་།

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་བའི《དཔལ་ལེགས་ལྡན་ནག་པོའི་གླུ》(薄伽梵歌)དེ་ལའང་ལེའུ་གཉིས་པ་ནས་བཞི་པའི་བར།    དེ་ནས་ལེའུ་བཅུ་གཉིས་བཅས་བསྡོམས་པའི་ལེའུ་བཞི་བསྒྱུར་བ་ལས་ཆ་ཚང་བསྒྱུར་ཚར་མི་འདུག      ངས་དྲན་པ་ནོར་སོང་བ་མིན་ན།     དགེ་ཆོས་ཚང་གིས་དེ་བསྒྱུར་བ་ལ་ཅུང་ཟད་དོགས་པ་ཞིག་ཀྱང་སྐྱེས་ཡོད་དམ་སྙམ།      ཧོར་ཁང་ཚང་ལ་བསྐུར་བའི་འཕྲིན་ཡིག་ཡིན་ནམ།      ཡང་ན《དེབ་དཀར》གྱི་སྐོར་གླེང་བ་གང་ཡིན་གསལ་བོར་མི་དྲན་ཡང་།      ཕྱི་རོལ་མུ་སྟེགས་པའི་གཞུང《དཔལ་ལེགས་ལྡན་ནག་པོའི་གླུ》བསྒྱུར་བས་ཁོང་ལ་བོད་ཀྱི་སྲུང་མ་ཚོའི་བཀའ་ཆད་ཕོག་ནས་དོན་མེད་དུ་བཙོན་ལ་འདུག་དགོས་པ་སོགས་ཀྱི་སྐད་ཆ་ཞིག་བཤད་ཡོད་དམ་སྙམ།     

རྣམ་རྟོག་དེའི་རིགས་ཀྱི་དབང་གིས་ཡིན་ནམ་གང་ཡིན་བཤད་དཀའ་ཡང་།      འཛམ་གླིང་སྟེང་ཤུགས་རྐྱེན་ཆེས་ཆེ་བའི་གནའ་བོའི་གསུང་རྩོམ་གསུམ་གྱི་གྲས་སུ་གཏོགས་པའི《དཔལ་ལེགས་ལྡན་ནག་པོའི་གླུ》ནི་ད་ལྟའི་བར་བོད་ལ་ནི་སྐལ་བ་ཆད་ཡོད་པ་འདི་རེད།

མདང་དགོང་ཡང་བཤད་ཕྱོགས་ཤིག་གིས་སྐྱབས་ཆེན་བདེ་གྲོལ་ལགས་ཀྱིས《དཔལ་ལེགས་ལྡན་ནག་པོའི་གླུ》ཡི་སྐོར་གླེང་བྱུང་བས།      ང་ཚོས་དེའི་སྐོར་ནས་བགྲོ་གླེང་འདྲ་བྱས་ཏེ་དུས་ཚོད་རིང་བོར་འགོར།

རྒྱུ་མཚན་ཅི་ཡིན་ཤེས་མ་སོང་ཡང་།     རྗེ་བཙུན་ཏཱ་ར་ནཱ་ཐ་དང་།     མཁས་དབང་དགེ་ཆོས་སོགས་ཀྱི་ལོ་རྒྱུས་ལ་གཞིགས་ན།     《དཔལ་ལེགས་ལྡན་ནག་པོའི་གླུ》ཡི་བོད་འགྱུར་མ་དེ་བོད་དུ་སྐུ་འཁྲུངས་པ་ལ་ད་དུང་དུས་ཚོད་རིང་ཙམ་ཞིག་བསྒུག་དགོས་པ་མིན་འགྲོ་བསམ།།

   

2017/10/31/        ཚངས་དབང་གིས།