ད་ཅི་ལས་ཀ་གྲོལ་རྗེས། བདག་ཁྱིམ་དུ་ཕྱིར་ལྡོག་སྐབས་ཀྱི་ལམ་བར་ནས་སྐད་འཕྲིན་གྱི་བར་སྟོང་ཉུལ་སྐབས། སྙན་ངག་པ་ཨ་ཁུ་རོང་པོ་གངས་དཀར་གྱི་སྐད་འཕྲིན་གྱི་བར་སྟོང་དུ‘‘བཙན་པོ་དྲ་བ’’རུ་དཔལ་ལེགས་ལྡན་ནག་པོའི་གླུའི་སྐོར་གྱི་དཔྱད་ཐོ་གསར་པ་ཞིག་སྤེལ་ཡོད་པའི་ཚིག་ཕྲེང་གཅིག་བྲིས་པ་མཐོང་། ཁ་སང་རྒན་ཚངས་དབང་བསྟན་པས་བྲིས་པའི‘‘«དཔལ་ལེགས་ལྡན་ནག་པོའི་གླུ»བོད་འགྱུར་མའི་སྐོར་གླེང་བ’’བཀླགས་ཚར་ཙམ་ཡིན་སྟབས། «དཔལ་ལེགས་ལྡན་ནག་པོའི་གླུ»ཡི་སྐོར་གྱི་དཔྱད་ཐོ་གསར་པ་དེར་དོ་སྣང་གིས་བམ་ཀློག་ཅིག་བྱེད་དགོས་བྱུང་།

བདག་གིས་གོང་གི་དཔྱད་ཐོ་གསར་པ་འདི་ཆ་ཚང་ཞིག་ཀློག་ཁོམ་མ་བྱུང་ནའང་། ཨ་ཁུ་རོང་པོ་གངས་དཀར་གྱི་སྐད་འཕྲིན་གྱི་བར་སྟོང་དུ། ཇོ་ནང་ཏཱ་ར་ནཱ་ཐས་དབྱངས་ཅན་སྒྲ་མདོ་གསན་རྗེས«དཔལ་ལེགས་ལྡན་ནག་པོའི་གླུ»ཡི་ལེའུ་གཉིས་བསྒྱུར་ཡོད་པ་དང་། བསྟན་འགྱུར་ཁྲོད་ཀྱི་གླེགས་བམ་ཅིག་གི་ནང«དཔལ་ལེགས་ལྡན་ནག་པོའི་གླུ»ཡི་ཚིགས་བཅད་རེ་ཟུང་དྲངས་འདུག་པར་མ་ཟད། ཕལ་ཆེར་བསྟན་འགྱུར་ཁྲོད་ཀྱི་ལེགས་ལྡན་གྱི་གླུའི་ཚིགས་བཅད་དེ་དག་བོད་ཡིག་ཏུ་ཐོན་པའི་འགྱུར་རྙིང་ཤོས་མིན་ནམ་སྙམ་ཞེས་མཆན་བུ་ཞིག་བཏབ་པ་ཡིན། དེ་རྗེས་ཁོང་གིས་དེ་གལ་ཆེན་ཡིན་པ་དང་། གལ་ཏེ་རྙེད་ན་ཚུར་དྲངས་ཏེ་དེའི་སྐོར་གྱི་རྩོམ་ཡིག་ཅིག་བྲིས་ན་ལེགས་ཚུལ་དང་། ད་དུང་དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་དང་དེབ་དཀར་མིན་པའི་བརྩམས་ཆོས་གཞན་ལ་ཡང་གསེར་ངོ་གསེར་དུ་ཤེས་ན་ཅི་མ་རུང་སྙམ་པ་ཡོད་ཅེས་གསུངས་བྱུང་།

དེ་ནས་བརྗོད་གཞི་འདིའི་སྐོར་ལ་བསམ་བློ་གཏོང་བཞིན་ཁྱིམ་དུ་ལོག བདག་གིས་བསྟན་འགྱུར་ཁྲོད་དུ«ལེགས་ལྡན་ནག་པོའི་གླུ»ཡི་ཚིགས་བཅད་རེ་ཟུང་གསལ་བ་ཤེས་པ་འདི་ལྟ་རྒྱ་ཐོས་རྒྱ་ཆེ་སོང་བས་མ་རེད་མོད། ལོ་གཉིས་ཀྱི་སྔོན་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་བའི་བསྟན་བཅོས‘‘ཆོས་ཀྱི་ཚིགས་སུ་བཅད་པ’’དེ་བསྐྱར་ཀློག་བྱེད་སྐབས་ཤིག་ལ།  བསྟན་བཅོས་དེའི་ཚིགས་བཅད་རེ་ཟུང་སྔར་བོད་ཀྱི་མཁས་པ་རྣམས་ཀྱིས་བསྒྱུར་ཡོད་མེད་སྐོར་བཙལ། སྐབས་དེར་བསྟན་བཅོས་དེའི་འགྱུར་ལས་འཕྲོས་ཏེ་རྩོམ་ཐུང་ཞིག་ཀྱང་བྲིས་ཡོད། དེ་དང་ཆབས་ཅིག མཁས་དབང་དམ་པ་དེའི་འགྱུར་གཞན་དག་སྟེ«ལེགས་ལྡན་ནག་པོའི་གླུ»ལྟ་བུ་དང་། «ལེགས་སྦྱར་བང་མཛོད»བཅས་ལའང་དོ་སྣང་བྱས་པ་ཡིན། སྐབས་དེར་ཇོ་ནང་ཏཱ་ར་ནཱ་ཐས་དབྱངས་ཅན་སྒྲ་མདོ་གསན་རྗེས«དཔལ་ལེགས་ལྡན་ནག་པོའི་གླུ»ཡི་ལེའུ་གཉིས་བསྒྱུར་ཡོད་པ་དང་། བསྟན་འགྱུར་ཁྲོད་ཀྱི་གླེགས་བམ་ཞིག་གི་ནང«དཔལ་ལེགས་ལྡན་ནག་པོའི་གླུ»ཡི་ཚིགས་བཅད་རེ་ཟུང་ཡོད་པའང་ཤེས་པར་གྱུར།

ཁྱིམ་དུ་ཐོན་རྗེས། བདག་གིས་གློག་ཀླད་བེད་སྤྱོད་ཀྱིས་ཞིབ་འཇུག་པ་གཅན་བཟོད་རྒྱམ་གྱི‘‘མཁས་དབང་དགེ་འདུན་ཆོས་འཕེལ་བརྒྱུད་ནས་དཔལ་ལེགས་ལྡན་ནག་པོའི་གླུ་དང་ཉེ་བར་བཅར་བ’’ཞེས་པའི་དཔྱད་ཐོ་གསར་པ་འདི་བཀླགས་པ་ཡིན། ངོ་སྤྲོད་ཧ་ཅང་ལེགས་པོ་བྱས་འདུག་པས་ཐུགས་རྗེ་ཆེ་ཞུ།  ངའི་དྲན་སྣང་ལ་༡༩༤༡ལོར་མཁས་དབང་དགེ་འདུན་ཆོས་འཕེལ་ལ་གྲོགས་པོ་རྒྱ་གར་པ་ཞིག་གིས་གྲོགས་མཛད་དེ«དཔལ་ལེགས་ལྡན་ནག་པོའི་གླུ»བོད་ཡིག་ཏུ་བསྒྱུར་བ་དང་། སྐབས་དེར«ལེགས་ལྡན་ནག་པོའི་གླུ»ཡི་ཚོགས་པའམ་ཆོས་ཚོགས་གང་རུང་ཞིག་གིས་བསྟན་བཅོས་དེ་སྐད་གཉིས་ཤན་སྦྱར་བྱས་ཏེ་རྒྱ་གར་དུ་པར་སྐྲུན་བྱས་པའི་བཤད་རྒྱུན་ཞིག་བྲིས་པའི་དེབ་ཅིག་མཐོང་བའི་ཚོར་བ་འདུག་མོད། ད་ལྟ་བསམ་བློ་ཞིབ་ཏུ་བཏང་ནའང་དེབ་མིང་མ་དྲན། དེབ་དེ་འདྲ་ཞིག་དོན་དངོས་སུ་པར་སྐྲུན་བྱས་ཡོད་མེད་ཤེས་རྒྱུ་གལ་ཆེན་པོ་རེད་ལ། གལ་སྲིད་མ་འོངས་པར་མཇལ་ཡུལ་དུ་མངོན་ན་ནི་དམ་པ་ཁོང་གིས་བསྟན་བཅོས་དེ་ཆ་ཚང་བསྒྱུར་ཡོད་མེད་དང་། ད་དུང་ཁོང་གི་འགྱུར་གྱི་སྐོར་ལའང་ངེས་ཤེས་གསར་པ་ཞིག་རག་གི་སྙམ།

ནུབ་འཚལ་གྱི་རྗེས་སུ། བདག་གིས་བསྟན་འགྱུར་ཁྲོད་ཀྱི་ལེགས་ལྡན་གྱི་གླུའི་ཚིགས་བཅད་དེ་དག་གང་དུ་ཡོད་མེད་སྐོར་བཙལ་འདོད་མ་བྱུང་། རྒྱུ་མཚན་ནི་ཁ་སང་དེ་རིང་བདག་གིས་བརྗོད་གཞི་གཞན་པ་ཞིག་ལ་འཇུས་ནས་བསྡད་ཡོད། སྐབས་རེར་བརྗོད་གཞི་ཞིག་གི་སྟེང་ལ་ངར་ལངས་ཡོད་སྐབས་བརྗོད་གཞི་གཞན་པ་ཞིག་ལ་གློ་བུར་དུ་འཇུ་དགོས་བྱུང་ཚེ། དེས་བརྗོད་གཞི་སྔ་མ་དེར་བཅངས་པའི་སེམས་ཁམས་དེ་རྦད་ཀྱིས་བརླག་འགྲོ་བའི་ཉེན་ཁ་འདུག་པས་ཡིན། ཡིན་ནའང་། བདེན་དཔང་སྟོན་ཆེད་ཚེགས་ལ་མ་འཛེམས་པར་རེ་ཞིག་བསྟན་འགྱུར་རིན་པོ་ཆེ་ཕར་སློག་ཚུར་སློག་བྱེད་དགོས་བྱུང་།  «དཔལ་ལེགས་ལྡན་ནག་པོའི་གླུ»ཡི་ཚིགས་བཅད་འཁོད་པའི་བསྟན་བཅོས་དེ་ནི་རྒྱ་གར་གྱི་སློབ་དཔོན་མཻ་ཏྲི་པས་མཛད་པའི«དབང་བསྐུར་བ་ངེས་པར་བསྟན་པ་ཞེས་བྱ་བ་བཞུགས་སོ། །»ཞེས་པ་དེ་རེད་ལ། རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་བོད་ཡིག་ཏུ་བསྒྱུར་འདུག དུས་རབས་བཅུ་གཅིག་པའི་ནང་ནག་འཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ཟེར་བ་ཞིག་དང་། གོ་རུབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ཞེས་གྲགས་པ་གཉིས་འཁྲུངས་ཡོད་ནའང་། སྐབས་འདིའི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ནི་ནག་འཚོ་ལོ་ཙཱ་བ་རེད་འདུག ཁོང་གི་གསུང་རྩོམ་ཁྲོད་དུ«དབང་བསྐུར་བ་ངེས་པར་བསྟན་པ»འབྱུང་ཞིང་། «དབང་བསྐུར་བ་ངེས་པར་བསྟན་པའི་བཀའ་འགྲེལ»ཞེས་པའི་འགྲེལ་པ་ཞིག་ཀྱང་མཛད་ཡོད་པ་མཇལ་བྱུང་།

ལོ་གཉིས་ཀྱི་སྔོན་ལ། བདག་གིས་བསྟན་འགྱུར་ཁྲོད་དུ«དཔལ་ལེགས་ལྡན་ནག་པོའི་གླུ»ཡི་ཚིགས་བཅད་རེ་ཟུང་མཐོང་བ་དྲན་ནའང་། དོ་དགོང་ཞིབ་ཏུ་བཙལ་སྐབས། «དབང་བསྐུར་བ་ངེས་པར་བསྟན་པ»འི་ནང«ལེགས་ལྡན་ནག་པོའི་གླུ»ཡི་ཚིགས་བཅད་གཅིག་ལས་མི་འདུག དེ་ནི་འདི་ལྟར། ལེགས་ལྡན་གྱི་གླུ་ལས་ཀྱང་། དངོས་པོ་བདེན་པ་ཡོད་མ་ཡིན། ། མི་བདེན་དངོས་ཀྱང་ཡོད་མ་ཡིན། །དེ་དག་གཉིས་གའི་མཐའ་མཐོང་བ། །དེ་ཡིས་དེ་ཉིད་མཐོང་བའོ། ། ཞེས་པའོ། ། ཚིགས་བཅད་འདི་ད་ལྟ་མཇལ་དུ་ཡོད་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་པའི«དཔལ་ལེགས་ལྡན་ནག་པོའི་གླུ»ཡི་ལེའུ་དེ་དག་གི་ནང་མཇལ་རྒྱུ་མི་འདུག དེ་ལྟ་ན་ཚིགས་བཅད་འདི་ནི«དཔལ་ལེགས་ལྡན་ནག་པོའི་གླུ»ཡི་ལེའུ་གཞན་ཞིག་གི་ཚིགས་བཅད་ཅིག་ཡིན་པ་ཞོར་ནས་ཤེས་ཐུབ། གང་ལྟར། «དཔལ་ལེགས་ལྡན་ནག་པོའི་གླུ»ཡི་མིང་དང་དེའི་ཚིགས་བཅད་གཅིག་བོད་ཀྱི་བསྟན་བཅོས་ཁྲོད་དུ་བྱུང་དུས་ནི་ཕལ་ཆེར་དུས་རབས་བཅུ་གཅིག་པའི་ནང་རེད།

དུས་རབས་བཅུ་བདུན་པའི་ནང་ཀུན་མཁྱེན་ཇོ་ནང་ཏཱ་ར་ནཱས་ར་ནཱ་ཐས་བྲམ་ཟེ་པཎྚི་ཏ་ཀྲྀཥྞ་ཞེས་པ་དེའི་མདུན་ནས་དབྱངས་ཅན་སྒྲ་མདོ་གསན་རྗེས་ལེའུ་རེ་ཟུང་ རྩེད་མོའི་ཚུལ་དུ་བསྒྱུར་སྐོར་ཞིག་གསུངས་འདུག་མོད། ཁོང་གིས་ལྷ་ཁྱབ་འཇུག་གི་མཚན་སྟོང་དང་། སྙིང་པོའི་གླུ་ཆེ་ཆུང་། ལེགས་ལྡན་གྱི་གླུ། སྲིད་སྒྲུབ་ཀྱི་གླུ། དབང་ཕྱུག་གི་སམ་བ་ད་ཞེས་པ་དང་། གྲངས་ཅན་པའི་གཞུང་ཅི་རིགས་པ་བྲམ་ཟེའི་པཎྜི་ཏ་གཞན་ཞིག་གི་ངག་ལས་ཐོས་ཚུལ་ཞིག་གསུངས་འདུག་གོ ། གང་ལྟར་མ་འོངས་པར་ཇོ་ནང་ཏཱ་ར་ནཱས་ར་ནཱ་ཐས་བསྒྱུར་བའི་ལེའུ་དེ་གཉིས་དང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་བའི«དཔལ་ལེགས་ལྡན་ནག་པོའི་གླུ»ཡི་འགྱུར་ཆ་ཚང་འཐོབ་པའི་སྨོན་ལམ་དང་། ནམ་ཞིག་འདབ་གཤོག་གཉིས་ལྡན་གྱི་ལོ་ཙཱ་བ་ཞིག་གིས་མུ་སྟེགས་བྱེད་རྣམས་ཀྱི་འབྲལ་སྤང་དུ་འཆང་བའི་བསྟན་བཅོས་འདི་བོད་ཡིག་ཏུ་ཆ་ཚང་བསྒྱུར་ཐུབ་པའི་རེ་བ་ཤིན་ཏུ་ཆེའོ། །

དེས་ན་འདིར་བདག་གིས་སྙིང་པོ་ཡོད་མེད་ལ་ལྟོས་པར«དཔལ་ལེགས་ལྡན་ནག་པོའི་གླུ»ཡི་ཚིགས་བཅད་ཅིག་བཙལ་བའི་གོ་རིམ་གླེང་ཟིན། ད་ནི་ནམ་གུང་བསླེབ་གྲབས་འདུག བཀྲ་ཤིས་བདེ་ལེགས།

༢༠༡༧/༡༡/༠༢