གཟུགས་ཀྱི་སྙེ་མའི་སྐོར།  དང་པོ།

དེ་སྔོན་ཟི་ལིང་དུ་”གཟུགས་ཀྱི་ཉི་མ་”ཞེས་པའི་ཟ་ཁང་ཞིག་ཕྱེས་པ་རེད།     དེའི་འཕྱོར་མཛེས་རྒྱན་སྤྲོས་ཀྱི་ལས་ཀ་ནི་ངའི་གྲོགས་པོ་ཞིག་གིས་འགན་ཁུར་ནས་བསྒྲུབས་པ་རེད།       སྒོ་ཕྱེས་པའི་རྗེས་སུ་ང་ལ་གསོལ་སྟོན་ཞིག་བཤམས་སོང་།      གསོལ་སྟོན་གྱི་ཉིན་ལ་”གཟུགས་ཀྱི་ཉི་མའི་གསོལ་སྟོན་ཁང་”གི་སྦྱིན་བདག་དང་།   ངའི་གྲོགས་པོ་གཉིས་ཀྱིས་ང་ལ་གཟུགས་ཀྱི་ཉི་མའི་གསོལ་སྟོན་ཁང་གི་བཟོ་བཀོད་ཀྱི་ཐད་ནས་བསམ་འཆར་ཞིག་བཤད་རོགས་ཟེར།     དེ་ནས་ངས་ད་མི་བཤད།   བཤད་ན་ངའི་ཁ་ནང་ནས་ཅི་ཡོང་འདི་ཡོང་མི་ཤེས།     གཅིག་བྱས་ན་དེ་རིང་ཁྱེད་གཉིས་ལ་ཕོག་ཐུག་བཟོས་ནས་ངའི་ཁ་ནང་ལ་ཅི་ཡང་མི་རེག་ནའང་ཐང་ཞེས་ཀུ་རེ་བྱས་པ་ཡིན།      ཁོ་གཉིས་ཀྱིས་ཅིས་ཀྱང་བཤད་དགོས་ཞེས་ནན་ཏན་བྱས་སོང་།

དེ་ནས་ངས་གར་སྟེགས་རྒྱབ་ལོག་གི་འབྲུག་དེའི་སྐེད་པ་ཕྲ་སོང་བ་རེད།       མཇུག་མ་ཐུར་ལ་ཕྱོགས་པ་ཡང་མི་ལེགས།      ཟ་ཁང་གི་མིང་ལ་གཟུགས་ཀྱི་ཉི་མ་ཟེར་བའི་སྐབས་སུ།       ཉི་མ་བྲིས་པ་ནི་དོན་དུ་ཡིག་ནོར་ཞིག་རེད།     འབྲུག་གི་སྐེད་པ་ཕྲ་བ་དེ་ཡོང་སྒོ་ལ་གནོད་པ་དང་མཇུག་མ་ཐུར་ལ་བརྐྱངས་པ་དེ་ཡང་རྒྱུན་སྐྱོང་ལ་གནོད་པ་འབྱུང་བའི་མཚན་མ་རེད།            གནའ་དུས་ཡིག་རྙིང་རྣམས་སུ་”གཟུགས་ཀྱི་ཉི་མ་”ལ་”གཟུགས་ཀྱི་སྙེ་མ་”ཞེས་བྲིས་ཡོད་པ་རེད།     ཅེས་བཤད་པ་ན།      

ཁོ་གཉིས་ཀྱིས་དོགས་མི་བདེ་བའི་ངང་ནས།      ང་ལ་གསལ་བཤད་བྱས་སོང་།      འབྲུག་གི་སྐེད་པ་ནི་དངོས་གནས་ཕྲ་དྲགས་འདུག     འོན་ཏེ་མཇུག་མ་ཐུར་ལ་བརྐྱངས་པ་དང་།     གཟུགས་ཀྱི་ཉི་མའི་མིང་ཡིག་ནོར་ཡིན་པ་དེ་ཁས་ལེན་དཀའ་ཞེས་སྦྱིན་བདག་གིས་འཕྲལ་དུ།        རྒན་བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་བསྒྲིགས་པའི་《ཀུན་འདུས་ཞལ་ཐང་ཆེན་མོའི》དཔེ་ཆ་དེ་ཁྱེར་འོངས་ནས་ང་ལ་བསྟན་བྱུང་།     ལྟོས།     འདིར་ཡང་”གཟུགས་ཀྱི་ཉི་མ་”བྱ་བ་ལས་ཁྱེད་ཀྱིས་བཤད་པ་ལྟར་”གཟུགས་ཀྱི་སྙེ་མ་”ཞེས་བྲིས་མི་འདུག་ཅེས་བཤད་སོང་།

ངས་ཁོ་གཉིས་ཀྱིས་བཤད་པ་བཞིན་དཔེ་ཆ་གང་མང་ཞིག་ཏུ་དེ་ལྟར་བྲིས་ཡོད་པ་ཁས་བླངས་པ་ཡིན།      ཡིན་ནའང་།    གལ་ཏེ་ང་ཡིན་ཚེ་”གཟུགས་ཀྱི་སྙེ་མ་”ཞེས་བྲི་རྒྱུ་རེད་ཅེས་ལན་བཏབ་པ་ཡིན།

དེ་ལྟར་ཡིན་པའི་གནས་ལུགས་ནི།  《བཀའ་ཆེམས་ཀ་ཁོལ་མ》རུ།      གཟུགས་ཀྱི་སྙེ་མའི་གཏམ་རྒྱུད།      ཅེས་པ་དང་།    ས་སྐྱ་པཎ་ཆེན་གྱི《མཁས་འཇུག》ནང་དུ།      གཟུགས་ཀྱི་སྙེ་མ་ཞེས་བྲིས་ཡོད་པ་དང་།     ཨུ་རྒྱན་གླིང་པའི《བཀའ་ཐང་སྡེ་ལྔ》རུ་ཡང་།     གཟུགས་ཀྱི་སྙེ་མའི་སྒྲུང་ཞེས་འཁོད་ཡོད་པས།       སྔོན་གྱི་དཔེ་རྙིང་རྣམས་སུ་གཟུགས་ཀྱི་སྙེ་མ་བྱ་བ་ལས་གཟུགས་ཀྱི་ཉི་མ་ཞེས་བྲིས་མེད་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་རོ།།    (ཕྱིས་སུ་མཁས་དབང་དགེ་ཆོས་ཀྱི་གསུང་དུ་ཡང་གཟུགས་ཀྱི་སྙེ་མ་ཞེས་བྲིས་པ་ཞིག་མཐོང་སོང་)

ངས་བསམ་ན་གཟུགས་ཀྱི་སྙེ་མ་དེ་གཟུགས་ཀྱི་ཉི་མ་ལ་འཕོ་འགྱུར་བྱུང་བའི་རྒྱུ་རྐྱེན་ནི།      མངོན་བརྗོད་སྐོར་གྱི་དཔེ་ཆ་རྣམས་བོད་ནང་ལ་རྒྱ་ཁྱབ་ཏུ་དར་རྒྱས་བྱུང་བ་ནས་བཟུང་རིམ་གྱིས་འགྱུར་ལྡོག་བྱུང་བ་ཞིག་རེད་སྙམ།     དེ་ཡང་གཙོ་བོ་མངོན་བརྗོད་ཀྱི་དཔེ་ཆ་ཁག་ཏུ་”གཟུགས་ཀྱི་སྙེ་མ་”་བྱ་བའི་སྐབས་སུ།     སྨད་འཚོང་མའི་མིང་གི་རྣམ་གྲངས་ཡིན་ཞེས་གསལ་བ་དེ་རེད།      ནང་དོན་དེའི་རྐྱེན་གྱིས་སྙེ་མ་ནི་ཉི་མ་རུ་འགྱུར་བའི་མགོ་བརྩམས་པ་རེད་འདོད་དོ།།

          དེ་རིང་ཉིན་ཐོ་ཞིག་མཐོང་བའི་རྐྱེན་བྱས་ཏེ་འཕྲལ་དུ་ཚངས་དབང་གིས་ཟིན་ཐོ་རུ་བཀོད་པའོ།།      2017/5/18/

 

                 

གཟུགས་ཀྱི་སྙེ་མའི་སྐོར།  གཉིས་པ།

 

ཉེ་སྔོན་ངེད་ཀྱིས་རང་གི་སྐད་འཕྲིན་སྟེང་དུ“གཟུགས་ཀྱི་སྙེ་མ”ཡི་སྐོར་ནས་བསམ་ཚུལ་འགའ་བཤད་པ་ཡིན།     དེ་རིང་ཡང་དེའི་སྐོར་གླེང་བར་འདོད།       གཙོ་བོ་ངས་གཟུགས་ཀྱི་སྙེ་མ་ཞེས་པའི་མིང་བརྡ་དེའི་འཕོ་འགྱུར་དང་དེ་དང་འབྲེལ་བའི་གནས་བབ་འགའ་གླེང་འདོད་བྱུང་།       སྤྱིར་ན་མིང་བརྡ་དེ་ནི་རིག་གཞུང་གི་ངོས་ནས་བཤད་ན་དེ་འདྲའི་གལ་ཆེ་བ་ཞིག་ཡིན་སྣང་མི་བསམ་ཡང་།            ང་ཚོས་གནད་དོན་སྐོར་ཞིག་ལ་སྣང་ཆུང་བྱས་ཏེ་གནས་ཚུལ་ངོ་མ་བོར་སོང་བ་དེ་འདྲའང་འདུག་སྙམ།     

དེ་སྔོན་ངེད་ཀྱིས་གཟུགས་ཀྱི་ཉི་མ་ཞེས་བྲིས་པ་ནི་ནོར་བ་རྒྱུན་འབྱམས་སུ་སོང་བའི་གནས་ཚུལ་ཞིག་རེད་ཅེས་བཤད་པ་ཡིན།     ལྟ་ཚུལ་དེ་འདྲ་ཞིག་བཏོན་པའི་རྗེས་སུ།     དྲྭ་གྲོགས་རེ་གཉིས་ཀྱིས་དེ་ནི་གདམ་ང་ཡིན་པ་ལས་ནོར་བ་ཞིག་མིན་པར་བཤད།

    ངས་གཟུགས་ཀྱི་ཉི་མ་ཞེས་བྲིས་ན་ནོར་བ་རེད་ཟེར་དོན་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤིག་ལ་བརྟེན་ནས་བཤད་པ་ཡིན།       ང་ཚོས་ནམ་རྒྱུན་བཤད་པའི་སྐབས་ཀྱི་གདམ་ང་བྱ་བ་ནི་གང་རུང་གི་དོན་རེད།     གསལ་བོར་བཤད་ན་གང་ཡིན་ནའང་ཆོག་ཟེར་བ་ལྟ་བུ་རེད།       འོན་ཏེ།      “གཟུགས་ཀྱི་སྙེ་མ”་དང་།     གཟུགས་ཀྱི་ཉི་མ་གཉིས་གདམ་ང་ཡིན་གསལ་གྱི་ཁུངས་ལུང་ཡིག་ཚང་གང་ཡང་མཐོང་མ་བྱུང་ཡང་།      འོན་ཏེ།      དེ་གདམ་ང་ཡིན་ཚུལ་གྱི་ཁུངས་ལུང་བཙལ་དགོས་ན།    ཐོག་མར་གཟུགས་ཀྱི་ཉི་མ་བྱ་བའི་སྒྲུང་དེ་སྒྱུར་རྩོམ་ཡིན་མིན་ཤེས་རྒྱུ་དེ་གལ་ཆེན་པོ་རེད།    གལ་ཏེ་སྒྱུར་རྩོམ་ཡིན་ན།     སྐད་ཡིག་གང་ནས་བསྒྱུར་བ་སོགས་ལ་ཞིབ་འཇུག་བྱ་རྒྱུ་དེ་གཙོ་བོ་རེད།

 སྔ་རབས་ཀྱི་མཁས་པ་ཚོས་གཟུགས་ཀྱི་སྙེ་མ་ནི་གཏམ་རྒྱུད་དང་།     ལྷ་སྒྲུང་དང་།    ཟློས་གར་བཅས་ལས་གང་གི་ཁོང་གཏོགས་ཡིན་པའི་ཐད་ལ་བཞེད་སྲོལ་མི་འདྲ་བ་བྱུང་འདུག་སྟེ།    ཨོ་རྒྱན་གླིང་པའི་ 《བཀའ་ཐང་སྡེ་ལྔ》རུ།     སྒྲུང་ངམ་ལྷ་སྒྲུང་ཡིན་པར་བཤད།       《བཀའ་ཆེམས་ཀ་ཁོལ་མ》ལས།      གཏམ་རྒྱུད་ཀྱི་རིགས་ཡིན་པར་བཤད་པ་དང་།      ས་པཎ་གྱི་《མཁས་པར་འཇུག་པའི་སྒོ》ཞེས་པ་ལས།      ཟློས་གར་བསྟན་བཅོས་ཀྱི་ཁོངས་གཏོགས་ཡིན་པར་བཤད་དོ།།

ཉེ་ཆར་མཐོང་བའི་གཟུགས་ཀྱི་ཉི་མའི་རྣམ་ཐར་ལ་པར་གཞི་མི་འདྲ་བ་འགའ་བྱུང་ཡོད་པ་མཐོང་།      པར་གཞི་ཚང་མ་གཅིག་ཡིན་ནམ།        ཡང་ན་མི་འདྲ་བ་ཕྲན་བུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཡང་ཤེས་མ་སོང་།    བོད་ཀྱི་ནང་བསྟན་དཔེ་ཚོགས་ཁང་གིས་བསྒྲིགས་པའི་གྲས་སུ་དེའི་ཤིང་པར་ཞིག་འདུག      ཁ་བྱང་ལ་“དྲང་སྲོང་གི་བུ་མོ་བྲམ་ཟེ་གཟུགས་ཀྱི་ཉི་མའི་རྣམ་ཐར་བཞུགས་སོ།།”  ཞེས་གསལ།     ཡིན་པ་ནི་ཤིང་པར་སྣ་ཐུང་རེད།      དཔེ་ཆ་དེའི་མཇུག་བྱང་དུ།     བོད་ལུགས་རབ་བྱུང་བཅུ་དྲུག་པའི་ནང་ཚན་དཔལ་གདོང་ཞེས་པ་འབྱུང་བ་གསུམ་ལྡན་ཆུ་མོ་བྱ་ལོ།     དབྱིན་ཇི་འདས་ལོ་ཆིག་སྟོང་དགུ་བརྒྱ་སོ་གསུམ་པའི་(1933)ལོར་ཀ་སྦུག་ཏུ་པར་གསར་བསྐྲུན་སྐབས་པར་བྱང་སྨོན་ཚིག་གཡར་ཕྲལ་ཙམ་དུ་བྱེད་པ་པོ་བོད་ཡིག་གསར་འགྱུར་པར་དབོན་ཁུ་ནུ་མཐར་ཕྱིན་པས་སོ།།

གོང་དུ་བཤད་པའི་དཔེ་ཆ་དེའི་ལྡེབ་མ་1་ནས་3་བར་ནང་དོན་འདི་འདྲ་ཞིག་མཐོང་སོང་།       “དྲང་སྲོང་གི་བུ་མོ་གཟུགས་ཀྱི་ཉི་མའི་རྣམ་ཐར་འདི་ཉིད་གཏམ་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ།      དེ་དག་གི་དོན་འཆད་པ་ལ་བྱའི་སྒྲུང་དང་།      རོའི་སྒྲུང་།       སྤྲེའུ་ལྷ་ལོན་གྱི་སྒྲུང་།      རྒྱལ་པོ་མ་སྔའི་སྒྲུང་།    ཡིད་འཕྲོག་མའི་སྒྲུང་།      རྒྱལ་པོ་སྤྱི་ལ་དགའི་སྒྲུང་།       ཉ་མོ་རྒད་པོའི་བསྟན་བཅོས།     མགྲིན་བཟང་རྒྱའུའི་བསྟན་བཅོས།       གཞན་ཡང་འདུལ་བ་དང་།    མདོ་སྡེ་དུ་མ་ནས།      གཏམ་རྒྱུད།     འདོད་སྲེད་ཅན་འཁོར་བ་ལས་ངེས་པར་བྱུང་བའི་དྲན་བསྐུལ།        བྲམ་ཟེ་གཟུགས་ཀྱི་ཉི་མའི་བསྟན་བཅོས་འདི་ཉིད།       སྔོན་བོད་དུ་བཻ་རོ་ཙ་ན་དང་།     ཤེའུ་ལོ་ཙྪ་བ་གཉིས་ཀྱིས་བསྒྱུར་པ་ལས།     ཤེའུ་ལོ་ཙྪ་བའི་རྗེས་སུ་འབྲངས་ནས།       དེ་ཡང་གཏམ་རྒྱུད་ཉན་པ་ལ་དམ་ཚིག་སྡོམ་པ་གསུམ་སྲུང་དགོས་ཏེ།      ཤེས་ཀྱང་གོང་སྤྱོད་མི་བྱེད་པ་དང་གཅིག      བར་དུ་མ་ཡེངས་པར་ཉན་པ་དང་གཉིས།      ཐ་མ་འཆལ་བར་མི་གཏོང་བ་དང་གསུམ་པོ་ཐུགས་ལ་བཞག་ནས་གསན་པར་ཞུ།   ཞེས་གསལ།     

གོང་གསལ་གྱི་ནང་དོན་ཁག་ལ་གཞིགས་ན།     དཔེ་ཆ་དེའི་མིང་ཆ་ཚང་ལ།       《དྲང་སྲོང་གི་བུ་མོ་གཟུགས་ཀྱི་ཉི་མའི་རྣམ་ཐར》ཞེས་པ་ཡིན་པ་དང་།        གཞན་རྣམ་ཐར་གཏམ་རྒྱུད་ཀྱི་རིགས་ཡིན་པ་མ་ཟད་སྒྱུར་རྩོམ་ཡིན་པའང་གསལ་བོར་བཤད་འདུག      ལོ་ཙཱ་བ་ནི་བཻ་རོ་ཙ་ན་དང་ཤེའུ་ལོ་ཙཱ་བ་གཉིས་ཡིན་ཞེས་བཤད་ཡོད་དེ།         བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ།      བཻ་རོ་ཙ་ན་དངཤེའུ་ལོ་ཙཱ་བ་ཞེས་པའི་མཚན་ཅན་གཉིས་བྱོན་ཡོད་པ་མཐོང་།      གཅིག་ནི་དུས་རབས་8____9་སྐབས་སུ་བྱོན་པའི་བཻ་རོ་ཙ་ན་སྟེ་ཡོངས་གྲགས་ཀྱི་ལོ་ཙཱ་བ་ཆེན་པོ་དེ་ཉིད་དང་།     ཤེའུ་ལོ་ཙཱ་བ་ཞེས་སྨན་རྩིས་ཀྱི་ཡིག་ཚང་ཁག་ཏུ་གསལ་བ་དེ་གཉིས་རེད།     ཡང་གཅིག་ནི་དུས་རབས་11__12སྐབས་སུ་བྱོན་པའི་རྒྱ་གར་གྱི་པཎྚི་ཏ་བཻ་རོ་ཙ་ནའམ་བཻ་རོ་ཙ་ན་རཀྵི་ཏ་དང་།     ཤེའུ་ལོ་ཙཱ་བ་བཛྲ་དེ་བ་ཞེས་པ་དེ་གཉིས་རེད།      ལོ་པཎ་ཕྱི་མ་འདི་གཉིས་ནི་ཙ་མི་པཎ་ཆེན་གྱི་དངོས་སློབ་རེད།      དེས་ན་༼དྲང་སྲོང་གི་བུ་མོ་གཟུགས་ཀྱི་ཉི་མའི་རྣམ་ཐར༽་བྱ་བ་ནི་གོང་གི་ལོ་ཙཱ་བ་དེ་གཉིས་ཀྱི་འགྱུར་ཡིན་ནམ།   ཕྱི་མ་གཉིས་ཀྱི་འགྱུར་ཡིན་གང་ཡིན་གསལ་བོར་བཤད་ཡོད་པ་ཞིག་མཐོང་མ་མྱོང་།     ༼བཀའ་ཆེམས་ཀ་ཁོལ་མ༽་རུ།       ར་མོ་ཆེའི་ལྡེབས་རིས་སུ་༼གཟུགས་ཀྱི་སྙེ་མའི་གཏམ་རྒྱུད༽་བྲིས་ཞེས་པ་ལ་བརྟགས་ན་ལོ་ཙཱ་བ་ནི་གོང་མ་གཉིས་ཡིན་ནམ་སྙམ།

ཡང་འདི་སྒྱུར་རྩོམ་ཡིན་པའི་བཤད་ཚུལ་གཞན་ཞིག་ནི་རཀ་ར་བཀྲས་མཐོང་གི་《གསར་བསྒྱུར་རཱ་མ་ཡཱ་ནའི་རྟོགས་བརྗོད།》 ཞེས་བྱ་བ་ལས།

“རྗེ་ས་པཎ་ཆེན་པོ་ཉིད་ཀྱིས་མཛད་པའི་མཁས་པ་ལ་འཇུག་པའི་སྒོར།       རྩོམ་པའི་སྐབས་སུ་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང་།    གཟུགས་ཀྱི་སྙེ་མའི་ཟློས་གར་ཞེས་གསུངས་པ་ནི་དེང་སང་རང་རེའི་གཟུགས་ཀྱི་ཉི་མ་འདིའི་ཁུངས་ཡིན་ཚོད་དུ་སྣང་ལ།      གང་ལྟར་གཟུགས་ཀྱི་སྙེ་མ་དང་ཉི་མའི་ཟློས་གར་གྱི་བསྟན་བྱའི་འདྲེན་མ་གཙོ་མོ་དེ།       རི་དྭགས་ལས་སྐྱེས་པར་བཤད་པ་མཚུངས་པས།      ནག་མོའི་ཁོལ་གྱིས་མཛད་པ་ཤ་ཀུནྟ་ལ་ཡང་།        སྔར་ལན་གཅིག་བོད་དུ་བསྒྱུར་པའམ་ཟློས་གར་འདི་ཤིན་ཏུ་གྲགས་ཆེ་བས་འདི་ལ་གཞི་བྱས་ཏེ།     གཟུགས་ཀྱི་སྙེ་མའམ་ཉི་མ་བྱུང་བའང་སྲིད་སྙམ།       ཤ་ཀུནྟ་ལའི་ཟློས་གར་ནི་ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་པར་མཛད་དེ།        བྱ་ལེན་མའི་ཟློས་གར་ཞེས་མིང་བསྒྱུར་མཛད་ལ།     རིན་སྤུངས་པའི་མངོན་བརྗོད་ཀྱི་སྤྱི་སྡེའི་ཡན་ལག་ནང་།       ས་ཀུནྟ་ལ་ནི་འོད་དང་བྱ་ཞེས་བྱུང་།       ཆོས་རྒྱལ་དགེ་དབང་གིས་ཀྱང་ཐུབ་པ་རྭ་གཅིག་པ་དང་དྲང་སྲོང་གི་བུ་མོ་པདྨ་ཅན་ཞེས་པ་རི་དྭགས་མོ་ལས་སྐྱེས་པའི་ཡལ་འདབ་ཤིན་ཏུ་སྙན་པ་ཞིག་དཔག་བསམ་འཁྲི་ཤིང་དུ་བཞུགས།     

ཞེས་གོང་འཁོད་ཀྱི་ནང་དོན་ཁག་ལ་དཔྱད་ན།     “གཟུགས་ཀྱི་ཉི་མ”ནི“གཟུགས་ཀྱི་སྙེ་མ”ཡིན་པ་དང་།     དེ་གཉིས་ནི་སློབ་དཔོན་ནག་མོ་ཁོལ་གྱིས་བརྩམས་པའི“བྱ་ལེན་མའི་ཟློས་གར”བྱ་བ་དེར་ཐུག་ཡོད་པར་བཤད་དོ།།      དེས་ན་ཁོང་གི་བཤད་ཕྱོགས་ཡིན་ན་“གཟུགས་ཀྱི་སྙེ་མ”ཡི་ཐོག་མའི་མ་རྩོམ་གྱི་མཛད་པ་པོ་ནི་སློབ་དཔོན་ནག་མོ་ཁོལ་ལ་ཐུག་ཡོད་པ་ནི་མངོན་གསལ་རེད།

ད་ནི་གོང་གསལ་གྱི་ཡིག་ཚང་རྣམས་ལ་དཔྱད་རྗེས་ང་ཚོས་གསར་དུ་ཤེས་ཐུབ་པ་ཞིག་ནི་རང་རེས་ནམ་རྒྱུན་བཤད་པའི་གཟུགས་ཀྱི་ཉི་མའི་རྣམ་ཐར་ནི།        གཟུགས་ཀྱི་སྙེ་མ་ལ་ཐུག་པ་དང་།     དེ་ནི་སྒྱུར་རྩོམ་ཡིན་པ་མ་ཟད་ཐོག་མའི་མ་རྩོམ་ལྟ་བུ་ནི་སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པའི་བྱ་ལེན་མའི་ཟློས་གར་པ་ཐུག་ཡོད་པའང་ཤེས་ཐུབ་བོ།།

དེ་ཡང“གཟུགས་ཀྱི་སྙེ་མ”ཞེས་པ་ནས“གཟུགས་ཀྱི་ཉི་མ”རུ་བསྒྱུར་བའི་གོ་རིམ་དེ་ཇི་འདྲ་ཞིག་ནས་བྱུང་བ་ཞིབ་ཏུ་ཤེས་དཀའ་ཡང་།       ངས་ཚོད་དཔོག་བྱས་པ་ཡིན་ན།       དེ་ནི་དུས་རབས་བཅུ་བཞི་པའི་རྗེས་ནས་བྱུང་བའི་གནས་ཚུལ་ཞིག་རེད་བསམ།       ད་ཕན་ངེད་ཀྱིས་མཐོང་བའི“གཟུགས་ཀྱི་ཉི་མ”ཞེས་བྲིས་ཡོད་པ་ཡིག་ཚང་སྔ་ཤོས་ནི་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི《སྡོམ་གསུམ་གྱི་རབ་ཏུ་དབྱེ་བའི་རྣམ་བཤད》ལས།      “ཟློས་གར་གྱི་བསྟན་བཅོས་གཟུགས་ཀྱི་ཉི་མ་ལ་སོགས་པ་གསན།    “ཞེས་གསལ་བ་དེ་ཡིན།      ངས་མཇལ་བའི་ཁོང་གི་གསུང་འབུམ་ནི་ཤིང་པར་རེད།     ནམ་ཞིག་ལ་ཤིང་པར་དུ་བཀོད་པ་དང་།     དེ་དུས་མ་རྩོམ་ལ་བསྒྱུར་བཅོས་མཛད་ཡོད་མེད་སོགས་ཀྱི་གནས་ཚུལ་མ་ངེས།    གལ་ཏེ་བྱུང་མེད་ན་ནི་འདི་སྔ་བ་རེད་འདོད།

སྔོན་གྱི་རྒྱ་གར་གྱི་བསྟན་བཅོས་དང་བོད་ཀྱི་གསུང་འབུམ་རྣམས་སུ།   དཔེ་ཆའི་ཁ་བྱང་ལ་སྙེ་མ་དང་འབྲེལ་བའི་ནང་དོན་ནི་ཤིན་ཏུ་མང་སྟེ།      དཔེར་ན།    ཨ་བྷྱ་ཀ་རའི《མན་ངག་སྙེ་མ》དང་།    《རྡོ་རྗེ་ཐེག་པའི་ལྟུང་བའི་སྙེ་མ》དང་།  《དུས་འཁོར་རྟོགས་བརྗོད་དཔག་བསམ་སྙེ་མ》དང་།    《དབུ་མའི་སྙེ་མ》སོགས་ལྟ་བུའོ།།     

    

མདོར་ན།      “གཟུགས་ཀྱི་སྙེ་མ”ནས“གཟུགས་ཀྱི་ཉི་མ”རུ་བསྒྱུར་བའི་གོ་རིམ་ནི་གོང་དུ་བཤད་པ་དེ་ལྟར་ཡིན་འདུག་བསམ།      ནམ་ཞིག་ལ“གཟུགས་ཀྱི་སྙེ་མ”ཡི་རྒྱ་གཞུང་རྙེད་ཚེ་སྙེ་མའི་སྐད་དོད་རེད།    ཡང་ན་ཉི་མའི་སྐད་དོད་ཡོད་པ་གང་ཡིན་གསལ་བོར་ཤེས་ཐུབ་རྒྱུ་རེད་སྙམ།      

 

            2017/11/3/         ཚངས་དབང་གིས།