རྒྱ་ཡིག་གི家ཡི宀 འདི་ཡིས་ཁང་པ་མཚོན་པ་དང་དེའི་འོག་གི豕འདི་ཡིས་ཕག་མཚོན། དེ་བས་ཕག་གསོ་བའི་གནས་གཞིའམ་ཁང་པ་ལ་家་ཞེས་སྦྱར་བ་དང་། བོད་ཡིག་ནི་སྒྲ་གཟུགས་ཡི་གེ་ཡིན་པས། ཁྱིམ་ཞེས་པའི་ཡི་གེ་འདི་ཇི་ལྟར་བྱུང་བར་བཤད་དཀའ་ནའང་། ཁྱིམ་ཞེས་པའི་ཐ་སྙད་འདིའི་སྤྱོད་སྟངས་ལ་བརྟག་ཚེ་རྒྱ་སྐད་ཇི་བཞིན་གནས་གཞིའམ་ཁང་པ་ཞིག་ལ་གོ་བ་མིན་པ་ཤེས་ཐུབ།  དཔེར་ན། རང་ཉིད་གཞི་འདུག་བྱེད་སའི་ཁང་པ་ཉོས་ཀྱང་། དེ་ལ་ཁྱིམ་ཉོ་བ་ཞེས་པའི་བཤད་སྟངས་མི་འབྱོར་ཞིང་། རང་ཉིད་གཞི་འདུག་བྱེད་སའི་ཁང་པ་གསར་དུ་ལས་ཀྱང་དེ་ལ་ཁྱིམ་ལས་པ་ཞེས་ཀྱང་མི་འབྱོར། དེ་ལས་ལྡོག་སྟེ་ཁྱིམ་སྒྲིག་ལྟ་བུ་དང་ཁྱིམ་བཅས་ལྟ་བུའི་བཤད་སྟངས་སྤྱོད་དུས། དེ་ནི་གཉེན་སྒྲིག་པར་གོ་ལ། འབྲེལ་བ་མེད་པའི་ན་གཞོན་ཕོ་མོ་གཉིས་ཀྱི་གཏན་ཆགས་སུ་སོང་བའི་འབྲེལ་ཐག་དེ་གནས་གཅིག་ཏུ་བསྡུས་པ་ལ་ཁྱིམ་སྒྲིག་དང་ཁྱིམ་བཅས་ཞེས་པའི་ཐ་སྙད་འདི་སྤྱོད་པར་བྱེད།  དེ་བཞིན་དུ་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ལྟ་བུའི་སྤྱོད་སྟངས་ལ་བརྟག་ཀྱང་ཚོགས་སྡེ་གཅིག་པའི་འབྲེལ་བ་ཞིག་ལ་གོ་བཞིན་ཡོད་པ་ཤེས་ཐུབ།

བལྟས་ཡོང་ཚེ་རྒྱའི家 ཡིས་གནས་གཞི་གཙོ་བོར་བཟུང་ཞིང་། ང་ཚོའི་ཁྱིམ་ཅེས་པའི་ཐ་སྙད་ཀྱིས་སྐོར་ཁག་གཅིག་པའི་འབྲེལ་བ་ཞིག་གཙོ་བོར་བཟུང་ཡོད་པ་དེ་རེད། ང་རང་ཟི་ལིང་དུ་གཞི་བཅས་ཏེ་མི་ལོ་བཅུ་ལྷག་འདས་ཟིན་མོད། ནམ་རྒྱུན་ཁ་པར་ལས་ད་ལྟ་གང་དུ་ཡོད་ཅེས་པའི་དྲིས་ལན་དུ་ང་རང་ཁྱིམ་དུ་ཡོད་ཅེས་ལན་འདེབས་བཞིན་ཡོད་ཀྱང་། ལན་དེ་འདེབས་ཐེངས་རེར་ངའི་བསམ་བློའི་ཁུགས་སོ་གང་ཞིག་ཏུ་ཁྱིམ་ཞེས་པའི་ཐ་སྙད་འདི་སྦྱོར་མི་བདེ་བའི་སྣང་བ་ཞིག་ཀྱང་སྐྱེས་ཀྱིན་ཡོད། དེ་ནི་ཆུང་དུས་ནས་ངའི་སེམས་ཀྱི་བག་ཆགས་ནང་མའི་ཆེས་ཟབ་སར་འཐིམ་ཡོད་པའི་ཡུལ་ལམ་ཁྱིམ་ཞེས་པའི་ཐ་སྙད་དེ་ནི་ཕ་མ་དང་སྤུན་སྲིང་། ཤ་ཉེ་སོགས་ཀྱི་འབྲེལ་པ་ཆགས་པའི་སྐོར་ཁག་དེ་ལ་ངོས་བཟུང་ཡོད་པས་ཡིན་ཞིང་། སྐོར་ཁག་དེ་དང་ཁ་བྲལ་པའི་ཟི་ལིང་གི་ངའི་ཁང་པ་དེ་ལ་ཡུལ་ལམ་ཁྱིམ་ཞེས་པའི་མིང་འདི་སྦྱོར་སྐབས་མི་བདེ་བའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཀྱིན་ཡོད་པ་ཡིན། གལ་ཏེ་རྒྱ་ཞིག་གིས་རྒྱ་སྐད་ཀྱིས་在哪儿ཅེས་དྲིས་ཚེ། 在家ཞེས་ལན་འདེབས་པ་ལ་མི་བདེ་བའི་སྣང་བ་ཅི་ཡང་མི་འབྱུང་ཞིང་། དེའང་རྒྱའི་སྐད་ཀྱི家དེ་མ་གཞི་ནས་ཁང་པ་ཞིག་ལ་ངོས་འཛིན་གྱི་ཡོད་པས་མི་བདེ་བའི་སྣང་དོགས་སྐྱེས་དགོས་དོན་ཡང་མེད་དོ །

མཐར་གཏུག་ན་བོད་ཀྱི་བྱིས་པ་ཞིག་དང་རྒྱའི་བྱིས་པ་ཞིག་ལ་རང་རང་གི་སེམས་ནང་གི་ཁྱིམ་དང家དེ་རི་མོར་འབྲི་རུ་བཅུག་པ་ཡིན་ན། རྒྱའི་བྱིས་པ་དེས་ཁང་པ་ཞིག་འབྲི་སྲིད་ལ། བོད་ཀྱི་བྱིས་པ་དེས་ཕ་མ་དང་སྤུན་སྲིང་གིས་བསྐོར་པའི་ཚོགས་པ་ཞིག་འབྲི་སྲིད། དེ་ནི་ང་ཚོས་རྒྱུན་པར་གླེང་པའི་སྐད་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ཡིན་ཞིང་། སྐད་རིགས་མི་གཅིག་པས་ཐ་སྙད་སོ་སོར་འཐིམས་པའི་རྣམ་ཤེས་ཀྱང་མི་གཅིག་ཟེར་བའང་འདི་ལྟ་བུ་ཞིག་ལ་བཤད་བཞིན་ཡོད།    ཡང་བསྐྱར་ཞིབ་འདང་ཞིག་བརྒྱབ་ན་འབྲེལ་བ་ཞིག་ལ་ངོས་འཛིན་པའི་ཁྱིམ་དང་ཁང་པ་ཞིག་ལ་ངོས་འཛིན་པའི་家གཉིས་ལ་སྐད་རིགས་སམ་ཐ་སྙད་རང་སྟེང་དུ་བཟང་ངན་གྱི་དབྱེ་བ་ཞིག་ཨེ་ཡོད་ཅེས་པ་དེ་རེད།

སྐད་རིགས་ཀྱི་ཆེ་ཆུང་ནི་སྐད་རིགས་དེ་བཀོལ་སྤྱོད་བྱེད་པའི་མི་གྲངས་ཀྱི་མང་ཉུང་ལ་ཐུག་འདུག་པས། 家ནི་ཁྱིམ་ལས་སྤྱོད་རྒྱ་ཆེ་བ་བདེན་མོད། སྤྱོད་རྒྱའི་ཆེ་ཆུང་ཙམ་གྱིས་སྐད་རིགས་དེ་ལ་མཆོག་དམན་དབྱེ་མི་ཆོག་ལ། སྐད་རིགས་ཀྱི་སྤྱོད་རྒྱའི་ཆེ་ཆུང་དེ་སྐད་རིགས་དེའི་བཟང་ངན་དང་འབྲེལ་ཡོད་པ་ཞིག་གཏན་ནས་མིན་ནོ།། 家ཞེས་པའི་ཐ་སྙད་དེ་ཁང་པ་ལ་ངོས་འཛིན་པས་སྐད་འདི་མཆོག་ཏུ་བརྩི་ཞིང་དེ་ལ་བརྟེན་ཏེ་སྤྱོད་རྒྱ་ཆེ་རུ་སོང་བས་མིན་ཞིང་། ཁྱིམ་ཞེས་པའི་ཐ་སྙད་དེ་འབྲེལ་བ་ལ་ངོས་བཟུང་བས་དམན་པར་གྱུར་སོང་བའང་མིན། སྐད་རིགས་རེ་རེ་བཞིན་ཁྱིམ་ཞེས་པར་ཁྱིམ་གྱི་དོན་སྙིང་དང་རྣམ་ཤེས་ཡོད་པ་དང་家ཞེས་པར་家ཡི་དོན་སྙིང་དང་རྣམ་ཤེས་ཡོད་པས་བཟང་ངན་དགར་རྒྱུ་ཡོད་པའི་གནས་ཤིག་མིན་ནོ།།

འདི་ལས་ད་དུང་གཞན་ཞིག་མཐོང་ཐུབ་པ་ནི། སྐད་རིགས་ནི་བརྡ་སྤྲོད་པའི་ཡོ་བྱད་ཁོ་ན་ཞིག་ལ་བརྩིས་ཏེ་ཁྱིམ་གྱི་ཚབ་ཏུ家འཇོག་པ་དང། ཕན་ཚུན་གང་འདོད་དུ་བརྗེ་ཆོག་པ་ཞིག་ཀྱང་མིན་པའང་མཐོང་ཐུབ། ། སྐད་རིགས་ནི་བརྡ་སྤྲོད་པའི་ཡོ་བྱད་ཙམ་དུ་བཤད་པ་ནི་སྐད་རིགས་ཆེ་ཤོས་ཀྱི་བདག་པོ་ཚོ་ཡིན་ལ། སྐད་རིགས་དེའི་བླ་སྲོག་གམ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ་རིག་གནས་སོགས་སྣང་མེད་དུ་བཞག་པའི་མངོན་རྟགས་ཀྱི་ཚིག་ལོག་ཞིག་ཀྱང་རེད། དགོད་བྲོ་པའི་དཔེ་ཞིག་དྲངས་ན། སྐད་རིགས་ནི་བརྡ་སྤྲོད་པའི་ཡོ་བྱད་ཅིག་ལས་མ་འདས་ཚེ། གོན་པ་ནི་ཙག་འགོག་པའི་ཡོ་བྱད་ཅིག་ལས་མ་འདས་སོ་ཞེས་བཤད་ཆོག་གོ།།

གཞན་གོང་དང་འབྲེལ་བའི་བསམ་ཚུལ་རྣལ་མ་ཞིག་བྲིས་ན།  ད་ཆར་ས་སྒང་འདིའི་ཡུལ་གྲུ་གང་དུའང་སྐད་རིགས་ལ་བཟང་ངན་དང་མཆོག་དམན་འབྱེད་པའི་བཤད་སྲོལ་འདིའི་རིགས་ལ་རུལ་དྲི་ཁ་བའི་སྐྱུག་རོ་བཞིན་ཀུན་གྱིས་འཛེམ་བཞིན་ཡོད་ཅིང་། ལྷག་པར་ཏུ་རང་རེའི་བོད་པ་ཚོའི་སྐད་རིགས་ཀྱི་མཆོག་དམན་དང་བཟང་ངན་ལྟ་བུའི་བཤད་སྲོལ་འདི་ཁ་ནང་དུ་གླེང་རྒྱུ་ལ་གཟབ་པར་རིགས་ཤིང་ཁ་ནང་དུ་ལོབ་ཀྱང་མི་རིགས་སོ། ། རྒྱུ་མཚན་ནི། སྐད་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ་རྣམ་ཤེས་དེ་སྣང་མེད་དུ་བསྐྱུར་ཞིང་། སྐད་རིགས་ཆེ་ཆུང་དེ་སྐད་རིགས་ཀྱི་བཟང་ངན་ལ་འཁྲུལ་ཏེ་རིགས་དགར་བའི་ལྟ་བ་འདི་ཁྱབ་ཆེ་རུ་ཕྱིན་ཚེ། ང་ཚོས་ཕ་སྐད་སྦྱངས་བ་ནི་བླུན་རྟགས་ལས་ཀྱང་ཆེ་བའི་བླུན་རྟགས་ཤིག་ཏུ་འགྱུར་འགྲོ་བས་སོ།།

 

པདྨ་རྡོ་རྗེ།   ཟི་ལིང་།

སྤྱི་ལོ2017ལོའི་ཟླ10པའི་ཚེས4ཉིན།