1  འཇིམ་སྐུ་འདི་རིག་འཛིན་ཀློང་གསལ་སྙིང་པོའི་སྨན་སྐུ་རེད།   དེང་སང་ཀཿཐོག་དགོན་ཅདུ་བཞུགས་པར་བཤད།     སྐུ་འདི་ནི་རིག་འཛིན་ཀློང་གསལ་སྙིང་པོ་ཁོང་རང་གི་ཕྱག་བཟོ་ཡིན་ཚུལ་མཁྱེན་ཡངས་བཀྲ་ཤིས་བསམ་འགྲུབ་ལགས་ཀྱིས་བཤད།   

2  ཐང་ག་འདི་ཟི་ཁྲོན་རྟེན་རྫས་བཤམས་སྟོན་ཁང་དུ་བཞུགས།   ཁ་བྱང་ལ་སྲོང་བཙན་སྒམ་པོ་ཡིན་པ་དང་།     ཉེ་རབས་ཀྱི་རེད་ཅེས་བྲིས་འདུག་ཀྱང་།      ང་ཚོས་བལྟས་ན།     ཐང་ག་འདི་ནི་དོན་དུ་རིག་འཛིན་ཀློང་གསལ་སྙིང་པོ་ཡིན་པ་དང་།     དུས་རབས་བཅུ་དགུའི་སྐབས་ཀྱི་རེད།     རིག་འཛིན་ཀློང་གསལ་སྙིང་པོ་སྐུ་མདོག་ཅུང་ཟད་སྨུག་པོ་སྤྱན་ཕུར་ཚུགས་སུ་གཟིགས་པ་དང་།    ཨག་ཚོམ་ཅན།      ཐོད་དཀྲིས་ཀྱི་སྟེང་ལ་འོད་དཔག་མེད་ཀྱིས་བརྒྱན་པ། ཕྱག་གཡས་ན་པད་སྡོང་དང་གཡོན་ན་བུམ་པའམ་གཏེར་སྒྲོམ་བསྣམས་པ།      རི་དྭགས་ཀྲྀཥྞ་ཤ་རའི་པགས་པའི་གདན་ལ་བཞུགས།    སྟེང་གི་དབུས་སུ་འོད་དཔག་མེད་དང་།    གཡས་སུ་གཏེར་སྟོན་བདུད་འདུལ་རྡོ་རྗེ་དང་།     གཡོན་ན་ཀཿཐོག་དཀོན་མཆོག་རྒྱལ་མཚན་ཡིན་ནམ་བསམ།     ཞོལ་ན་ཆོས་སྐྱོང་མ་གཟའ་དམ་གསུམ་བཅས་སོ།།   

རིག་འཛིན་ཀློང་གསལ་སྙིང་པོ། (1625___1692)

ཁོང་གི་འཁྲུངས་ཡུལ་ནི་ཀམ་པོ་གནས་(དེང་སང་བཤད་ན།    དཀར་མཛེས་ཁུལ་ལི་ཐང་རྫོང་དགེ་བསྙེན་རི་བོ་བྱ་བ་དེ་ན་ཡོད)ཀྱི་ཉེ་བའི་ཡུལ་ཕྱོགས་དཔྲ་བར་གྲགས་པའི་བྱེ་བྲག་བྱེས་པ་བྱ་བ་ཡིན།    ཡབ་སྔགས་འཆང་ཀུན་དགའ་དོན་གྲུབ་དང་ཡུམ་དཀོན་མཆོག་སྒྲོན་མའི་སྲས་སུ་ཤིང་མོ་གླང་གི་ལོར་(སྤྱི་ལོ་1625)འཁྲུངས།     གྲུབ་དབང་བསྟན་པ་རྒྱ་མཚོར་གུར་དྲག་གི་དབང་གསན།     དགུང་ལོ་བདུན་ཙམ་ནས་ཡི་གེ་འབྲི་ཀློག་སྦྱངས།    དགུང་ལོ་ཉེར་གཉིས་སྟེང་ཀཿཐོག་ཏུ་བྱོན།     དཀོན་མཆོག་རྒྱལ་མཚན་ལས་རྫོགས་ཆེན་དགོངས་པ་ཟང་ཐལ་སོགས་གསན།      སླར་ཡང་ཡུལ་ཕྱོགས་སུ་ཕེབས་ནས་ཆོས་ལུང་རི་ཁྲོད་སོགས་སུ་སྒྲུབ་པ་མཛད་པས་རྩ་གསུམ་རྒྱ་མཚོའི་ཞལ་གཟིགས།          གཏེར་ཆེན་བདུད་འདུལ་རྡོ་རྗེའི་དྲུང་དུ་ཕེབས་དགོས་པའི་ལུང་བསྟན་བྱུང་བ་ལྟར་སྤོ་བོར་བྱོན།     རིག་འཛིན་དེ་ཉིད་ཀྱིས་ལུང་བསྟན་པ་ལྟར་སླར་རང་ཡུལ་དུ་ཕེབས།      མཁའ་ཀློང་རི་ཁྲོད་དུ་བསྙེན་སྒྲུབ་མཛད།       དགུང་ལོ་སོ་གཉིས་སུ་སོན་པ་ས་ཕོ་སྤྲེའུ་ལོར་རྣལ་འབྱོར་པ་སྐུ་མདོག་དམར་སྨུག་རུས་པ་རྒྱན་ཅན་ཞིག་གིས་གཏེར་གྱི་ཁ་བྱང་བསྩལ།    དེ་ཉིད་སློབ་དཔོན་རིན་པོ་ཆེའི་རྣམ་འཕྲུལ་ཡིན་པ་ངེས་ཤེས་རྙེད།     ས་ཁྱི་ཧོར་ཟླ་དང་པོའི་ཚེས་བཅུ་ལ་ཁེ་མི་འགྱུར་རྡོ་རྗེའི་བྲག་ནས་སྐུ་གསུམ་རྡོ་རྗེ་སྙིང་པོ་དང་།  རྩ་གསུམ་རྡོ་རྗེ་སྙིང་པོའི་སྐོར་རྣམས་གསང་སྟབས་སུ་བཞེས་ཏེ་ཉམས་བཞེས་མཐར་ཕྱིན་པར་མཛད།      རིམ་པར་གཉིས་པ་ལི་ཐང་གནམ་ཆེན་བྲག་དཀར་ནས་གུར་དྲག་ཡེ་ཤེས་རབ་འབར།   གསུམ་པ་སྒྲོལ་མ་བྲག་གི་མགུལ་ནས་སྲོང་བཙན་སྒམ་པོའི་ཐུགས་རྗེ་ཆེན་པོ་སྙན་བརྒྱུད་གཙུག་རྒྱན་ནོར་བུ།      བཞི་པར་རི་བར་གྱི་བྲག་ནས་རྫོགས་ཆེན་ཡང་སྙིང་ཀུན་ཟབ།        ལྔ་པ་ཁེ་ནང་གཏེར་གནས་གསུམ་ནས་བི་མ་ལའི་ཆོས་གཏེར་མན་ངག་ཟབ་པ་སྐོར་གསུམ།       དྲུག་པ་རོལ་པ་བདེ་ཆེན་ཁང་ནས་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས།      བདུན་པ་སྔོ་རྒྱ་གནས་ནས་གནམ་ལྕགས་ཀྱི་རྡོ་རྗེ་སོགས་དང་།      བརྒྱད་པ་སྣ་བྲག་དཀར་རྡོ་རྗེའི་ཡང་རྫོང་ནས་ཚེ་སྒྲུབ་ཡང་གསང་བླ་མེད།       དགུ་པ་ཤིང་སྒོ་གངས་ར་ནས་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད།       བཅུ་པ་གནས་དེའི་གཡུ་མཚོ་ནས་མཁའ་འགྲོ་ཡང་གསང་བླ་མེད།     བཅུ་གཅིག་པ་དེའི་བོན་གནས་ནས་བོན་གཏེར།     བཅུ་གཉིས་པ་རྫོགས་པ་ཆེན་པོ་སྒྱུར་འཕྲུལ་གསང་བ་ཡང་ཁོལ།    བཅུ་གསུམ་པ་ཕ་ཝ་བོན་མོ་ནས་ཕྱི་ནང་གསང་བའི་ལུང་བསྟན་དང་བསྟན་སྲུང་དྲག་སྔགས་སྐོར།     བཅུ་བཞི་པ་ངོ་ཐི་གཡུང་དྲུང་ནས་ཟབ་གཏེར་གཅིག   བཅོ་ལྔ་པ་ཀཿཐོག་དམ་ཕུག་དང་ཉེ་བ་ནས་དམ་པ་བདེ་གཤེགས་ཀྱིས་སྦས་པའི་སྒྱུ་འཕྲུལ་གླེགས་བམ་ཞིག་ཡང་གཏེར་དུ་སྤྱན་དྲངས་པ་རྣམས་ལས།     ངོ་ཐིའི་གཏེར་ཁ་ད་ལྟ་མི་གསལ་བས་མི་བགྲང་།     བི་མ་ལའི་ཟབ་པ་སྐོར་གསུམ་གཏེར་གནས་ཐ་དད་པས་སོ་སོར་བགྲངས་པའི་བཅུ་དྲུག་ཏུ་གྲགས་ཤིང་།     

མཚན་གྱི་རྣམ་གྲངས་ཨོ་རྒྱན་མདོ་སྔགས་གླིང་པ།     ཧཱུྃ་ནག་ནམ་མཁའ་རྡོ་རྗེ་སོགས་མང་དུ་གྲགས།     

སོག་པོའི་རྒྱལ་པོ་མཁའ་འགྲོའང་རྫུ་འཕྲུལ་གྱིས་དད་དེ་དགོན་གནས་དང་བསྙེན་བཀུར་ཕུལ།    ས་སྐྱོང་སྡེ་དགེ་སོགས་མི་ཆེན་མང་པོས་བླ་མར་བཀུར།      

སྐུ་ཚེའི་སྨད་ལ་ཀཿཐོག་རྡོ་རྗེ་གདན་དུ་བཞུགས་ནས་ཆོས་ཀྱི་འཕྲིན་ལས་བསྐྱངས།        གདན་ས་ཆེན་པོ་འདི་ཉིད་གཙོར་གྱུར་པའི་གནས་ཆེན་རྣམས་སུ་རྟེན་བཞེངས་རྒྱ་ཆེར་མཛད།     དགུང་ལོ་དྲུག་ཅུ་རེ་བརྒྱད་པ་ཆུ་སྤྲེལ་ལོར་(1692)སྐུ་ཆོས་དབྱིངས་སུ་འཐིམས།    

བརྒྱུད་འཛིན་གྱི་སློབ་མ་གཙོ་བོ་བསོད་ནམས་ལྡེའུ་བཙན་སོགས་རྒྱལ་སྲས་སྐུ་མཆེད་དང་།     དབོན་བཀྲ་ཤིས་འོད་ཟེར།       ཀུན་བཟང་ཁྱབ་བདལ་ལྷུན་གྲུབ།     རྟག་བླ་པདྨ་ནོར་བུ་སོགས་བྱོན།    གཏེར་ཆོས་རྣམས་ཀྱི་དབང་ལུང་གི་རྒྱུན་དེང་སང་བར་བཞུགས་སོ།།

མཆན།      

1     འཇིམ་སྐུའི་སྐུ་པར་ནི།    མཁྱེན་ཡངས་བཀྲ་ཤིས་བསམ་འགྲུབ་ལགས་ཀྱིས་མཁོ་འདོན་བྱས་པ་ཡིན།

2    སྐུ་ཐང་གི་པར་ནི་སྒོ་བུ་ཤ་བོ་ཚེ་རིང་ལགསཀྱིས་མཁོ་སྤྲོད་བྱས་པ་ཡིན།      

                   2017/11/6/       ཚངས་དབང་གིས།