དེ་རིང་དགོས་དབང་གིས་བརྡ་རྙིང་ངམ་ཐ་སྙད་གཉིས་ཀྱི་སྐོར་ནས་ཅུང་ཙམ་ཞུ། དེ་ནི་(ལིངས་) ཟེར་བ་དང་(སྐྱིན་) ཟེར་བ་གཉིས་ཡིན། ལིངས་ཟེར་བ་འདི་དེང་སང་གི་རྩོམ་རིགས་གང་གི་ནང་ནས་ཀྱང་མཐོང་རྒྱུ་མེད་པ་ལྟར་སྣང་། དེའི་དོན་ནི་རི་དྭགས་རྔོན་པའི་དོན་རེད། གནའ་རབས་ཡིག་ཆའི་ཁོང་ནས་རི་དྭགས་སྔོན་པའི་སྐོར་བཤད་སྐབས་རྣམས་སུ་(ལིངས་བཏང་) ཟེར་བ་ལས་རི་དྭགས་སྔོན་ཞེས་པ་མང་པོ་མི་ཡོང་སྙམ།

དེ་ནས་(སྐྱིན་) རེད། སྤྱིར་བཏང་བྱས་ན་(སྐྱིན་) ཟེར་བ་འདི་དངོས་ཟོག་གཡར་སྐྱིས་བྱས་པའི་ལན་སྐྱིན་ཚབ་དང་སྐྱིན་པ་སྤྲད་(སྐྱིན་) ཞེས་དག་ཡིག་རྣམས་སུ་འགྲེལ། འོན་ཏེ་སྐབས་འདིའི་བརྗོད་པའི་(སྐྱིན་) ཟེར་བ་དེ་སྐྱིན་ཚབ་ཀྱི་(སྐྱིན་) མ་ཡིན་པར་(རི་དྭགས་སྐྱིན་) ཟེར་བ་དེ་ཡིན།

རི་དྭགས་འདི་ནི་དཀྱིལ་ཤར་ཨེ་ཤ་ཡའི་རི་རྒྱུད་གཡང་གཟར་དང་བྲག་རོང་འབྲོག་སར་གནས་འཆའ་བཞིན་པའི་རི་དྭགས་བཟོ་ལྟ་རྭ་དང་ཧ་ཅང་འདྲ་བ་ཞིག་ཡིན་ལ། བོད་པའི་འབྲོང་ལྟར་རྩ་ཆེ་ཞིང་རྔོན་རྒྱབ་སྟེ་ཤ་ཟོས་ན་བྲོ་བ་ཆེ་ཞིང་འབྱུང་ཁམས་བདེ་པར་བཤད། མ་ཟད་(རི་དྭགས་སྐྱིན་) ཀྱི་མགོ་རྭ་ཆ་ཚང་བར་ཁང་པའི་ནང་གི་རྩིག་ངོས་དག་དང་སྒོའི་ཡ་ཐེམ་སོགས་ལ་འགེལ།

སྤྱིར་ང་ཚོའི་ཁ་རྒྱུན་དུ་རི་དྭགས་གནའ་དང་རྒོ་བའི་ཤ་ཟོས་རྗེས་ར་ལུག་གི་ཤར་བྲོ་བ་དེ་ཙམ་མི་འདུག་ཟེར་བ་ལྟར། གནའ་དུས་སུ་བོད་མངའ་རིས་ཁུལ་དང་དེའི་མཐའ་འཁོར་གྱི་མི་རིགས་དག་གིས་སྐྱིན་ལ་ལིངས་བཏང་སྟར་ཤ་ཟ་བར་ཧ་ཅང་དགའ། ར་ལུག་གི་ཤ་ལས་(སྐྱིན་) གྱི་ཤར་བྲོ་བ་ཆེ་ཞིང་། སྐྱིན་ལ་ལིངས་བཏང་ནས་ནང་མི་དང་ཉེ་འཁོར་ལ་ཤ་འགྱེད་དང་མགྲོན་འབོད་ཀྱང་བྱེད་སྲོལ་ཡོད། དེ་ནི་ཉམས་སྤྲོ་བའི་ཆེད་དུའང་བཤད།

ཕྱོགས་གཞན་ཞིག་ནས་རི་དྭགས་སྐྱིན་ལ་ལིངས་གཏོང་བ་ནི་ཁོང་ཅག་གི་ཉིན་རེའི་འཚོ་རྟེན་དང་ཡང་འབྲལ་བ་དམ་ཟབ་ཡོད་ཅིང་། སྐྱིད་བསད་རྗེས་གནའ་བོའི་ལུགས་སྲོལ་ལྟར་རང་ཉིད་ཀྱི་དགྲ་གེགས་ནད་གདོན་སོགས་ཞི་ཆེད་བསླངས་པའི་ལྷ་ཐོ་(རྡོ་རྩིག་དང་དེའུ་འབུམ་) ལ་མཆོད་པ་བྱེད་ཅིང་། དེ་ལ་ལྷ་ཕུད་ཀྱང་ཟེར།

ད་དུང་ཆེས་གལ་ཆེ་བ་ཞིག་ནི། གནའ་མི་ཚོས་རང་རང་གི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བྱ་བྱེད་རྣམས་རི་མོར་འབྲི་བ་དང་བརྐོ་བར་བྱེད་ཅིང་། རྡོ་ཕ་བོང་ཆེན་པོ་དང་བྲག་ངོས་དག་ལ་(རི་དྭགས་སྐྱིན་) དང་དེ་སྔོན་པའི་བྱ་བྱེད་དང་མདའ་གཞུ་རྒྱུབ་ཏུ་འཁུར་བ་དང་ལག་ཏུ་བཟུང་། རྟར་ཞོན་པ་སོགས་ཀྱི་རི་མོར་བརྐོས་ཡོད། བརྐོས་རིས་དེའི་རིགས་ནི་དེང་སྐབས་དཀྱིལ་ཤར་ཨེ་ཤ་ཡའི་མཐོ་སྒང་གི་རི་བྲག་གང་སར་མཐོང་རྒྱུ་ཡོད་ཅིང་། གནའ་རབས་ཞིབ་འཇུག་པ་དང་ལོ་རྒྱུས་སྨྲ་བ་དག་གིས་བརྐོས་དེ་དག་ལ་རང་བློར་འཚམས་པའི་འགྲེལ་བ་སྣ་ཚོགས་བརྩམས་དང་རྩོམ་བཞིན་མཆིས།

ང་རང་ཧི་མ་ལ་ཡའི་རི་ཁུལ་དུ་གནའ་འཆའ་བའི་ཁུ་ནུ་དང་པེ་ཏེ། གར་ཞ་དང་ལ་དྭགས་སོགས་ཀྱི་ས་ཁུལ་ཡངས་པོར་མྱུལ་ཞིབ་སྐབས་ས་གནས་དེ་དག་གི་གནའ་མི་ཚོས་རང་རང་གིས་འཚོ་བའི་ཁྲོད་ནས་བརྐོས་པའི་(རི་དྭགས་སྐྱིན་ལ་ལིངས་གཏོང་)བའི་རི་མོ་མང་པོ་གང་སར་བརྐོས་འདུག་པ་མཐོང་མྱོང་ལ། ཕྱི་རྒྱལ་མཁས་པའི་དཀྱིལ་ཤར་ཁུལ་དུ་ཞིབ་འཇུག་དཔྱད་དེབ་མང་པོར་ཡང་འཁོད་ཅིང་། རི་དྭགས་སྐྱིན་ནི་སེམས་ཅན་ཀུན་ལས་རྩ་ཆེན་དུ་བརྩིས་ཡོད་པ་ཁྱིམ་ཚང་གི་རྩིག་ངོས་དག་དང་གྲོང་དང་གྲོང་ཁྱེར་གྱི་བཞི་མདོ་དག་ཏུ་རྡོའི་ཀ་ཆེན་སྟེང་དུའང་རི་དྭགས་སྐྱིན་འགྱིངས་ཉམས་ལྡན་པའི་འདྲ་གཟུགས་བཞེངས་པར་བསམ་ན། བཤད་མི་དགོས་པར་རི་དྭགས་ཀྱི་རྒྱལ་པོ་ལྟར་དུ་གལ་ཆེན་དུ་འཛིན་པའི་སེམས་ཁམས་དེ་ཤེས་ཐུབ།
ཡིག་རིགས་གཞན་དག་དང་ལྷག་དོན་གོང་བཀོད་ཡུལ་གྲུ་དག་གི་ཡུལ་མི་ཚོར་དེ་དག་གི་སྐོར་སྐད་ཆ་ཡང་དྲིས་པའི་བརྒྱུད་རིམ་ཁྲོད་ནས། ཡུལ་མི་ཚོས་བརྐོས་པའི་(རི་དྭགས་སྐྱིན་ལ་ལིངས་གཏོང་བའི་བརྐོས་རིས་)དེ་ཚོར་ཡང་མི་རིགས་དང་ས་གནས་རང་རང་གི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་ནས་བརྐོས་སྟངས་མི་འདྲ་བ་དང་འགྲེལ་བཤད་དང་དགོས་དམིགས་མི་འདྲ་བ་རེ་ཡོད་པ་རྟོགས།

༢༠༡༡ ལོར་ཕྲན་གྱིས་ལ་དྭགས་ཨ་ལྕི་ཆོས་སྐོར་ནས་གསུམ་མདའ་ཆུང་ལ་རྐང་ཐང་གིས་བགོལ་ཀ་འདྲ་ལ་ཞེས་པའི་ཕ་རོལ་ནས་སྐྱིན་སྐོར་ཞིག་རྒྱུ་བ་པར་བླངས་ཡོད་མོད། གར་ཡོད་རེག་མ་སོང་བས་ཕྱིས་སུ་འགོད་ཐབས་ཞུ།

 

2016/09/08/