དབྱངས་གསལ་ཡི་གེ་བྱུང་ཚུལ། 

ཡོངས་གྲགས་ཀྱི་བཤད་སྲོལ་ལྟར་ན། ཧྥི་ཎི་ཞ1པས་སོ་སོའི་ཤེས་རབ་ཀྱི་རྩལ་ལ་བརྟེན་ནས་གནའ་བོའི་ཨེ་ཇིབ་ཀྱི་རི་མོའི་ཡི་གེར་འགྱུར་བ་བཏང་བ་ལས་གསལ་བྱེད་ཡི་གེ་ཐོག་མ་སྟེ་ཧྥི་ཎི་ཞའི་ཡི་གེ་བྱུང་ཞིང་། རིམ་གྱིས་ཧྥི་ཎི་ཞའི་ཡི་གེ་དེ་ཉིད་འཛམ་གླིང་གི་ཤར་ནུབ་གཉིས་སུ་མཆེད་པ་རེད། ནུབ་ཕྱོགས་གྷི་རིག་པས་ཧྥི་ཎི་ཞའི་ཡི་གེ་དེར་དཔེ་བལྟས་ནས་གྷི་རིག་གི་ཡེ་གེ་བཟོས་པ་དང་། གནའ་བོའི་རོ་མ་པས་གྷི་རིག་གི་ཡི་གེར་དཔེ་བལྟས་ནས་ལཱ་ཊིང་ཡི་གེ་བཟོས་ཤིང་དེ་ལས་ཡོ་རོབ་ཀྱི་ཡི་གེ་གཞན་དག་བྱུང་། ཡང་སི་རི་ཡ་པས་ཧྥི་ཎི་ཞའི་ཡི་གེར་དཔེ་བལྟས་ནས་ཨ་ར་མེག་ཡི་གེ2བཟོས་ཤིང་། ཨ་རབ་པས་ཨ་ར་མེག་ཡི་གེར་དཔེ་བལྟས་ནས་ཨ་རབ་ཀྱི་ཡི་གེ་བཟོས། ཡང་རྒྱ་གར་པས་ཨ་ར་མེག་ཡི་གེར་དཔེ་བལྟས་ནས་ཚངས་པའི་ཡི་གེ3བཟོས་ཤིང་། ཚངས་པའི་ཡི་གེ་རྐྱེན་བྱས་ཏེ་གུཔྟའི་ཡི་གེ4བྱུང་། འདིར་གུཔྟའི་ཡི་གེ་ནི་རང་རེའི་ད་ལྟའི་བོད་ཡིག་འདི་བཟོ་དུས་གང་ལ་དཔེ་བལྟ་སའི་ཁུངས་ཡིན5ལ། དེ་བཞིན་ལེགས་སྦྱར་དང་ཧིན་ཡིག་སོགས་ཀྱི་ཁུངས་ཀྱང་ཡིན།

གོང་འཁོད་འཛམ་གླིང་གི་ཡི་གེའི་བྱུང་ཚུལ་ལ་གཞི་བཅོལ་ན། ཉི་ཧོང་དང་རྒྱ་ནག་གི་ཡི་གེ་ཕུད། བོད་ཡིག་དང་དབྱིན་ཡིག་སོགས་འཇིག་རྟེན་འདིའི་དབྱངས་གསལ་ཡི་གེ་ཕལ་མོ་ཆེའི་མཆེད་ཁུངས། ཕུ་དེད་ཚེ་ཧྥི་ཎི་ཞའི་ཡི་གེར་ཐུག་ཡོད་པར་བཤད།6

བོད་ཀྱི་སྐད་ཡིག 

དབྱངས་གསལ་ཡི་གེ་ནི་འབྲུ་ཉུང་། ཟོར་ཡངས། ཤེས་སླ། མཚོན་སྟོབས་ཆེ་བ་ཞིག་ཡིན་པ་སྨོས་མེད་ཐོག བོད་ཡིག་ནི་གཙོ་བོ་རྣམ་དབྱེ་དང་ཚིག་ཕྲད་ལ་བརྟེན་ནས་དོན་རྣམས་སོ་སོར་སྟོན་པའི་ཡི་གེ་རྨད་དུ་བྱུང་བ་ཞིག་ཡིན། སྤྱིར་རང་རེའི་ཡི་གེ་འདི་བཟོས་ནས་ཡུན་རིང་མ་ཕྱིན་པའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ནས། བསམ་ཡས་གཙུག་ལག་ཁང་གི་སྒྲ་བསྒྱུར་གླིང་དུ་ལོ་ཆེན་བཻ་རོ་ཙ་ན་སོགས་ཀྱིས་ཟབ་ཅིང་བརླིང་བའི་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་གཞུང<<རྩ་བ་ཤེས་རབ>>དང<<མངོན་པ་མཛོད>>་སོགས་སྒྱུར་མགོ་བཙུགས་ཡོད་ཅིང་། ལོ་པཎ་རིམ་བྱོན་གྱིས་ཡང་ཡང་ཞུ་དག་གནང་བར་བརྟེན། འགྱུར་ཡིག་སྤུས་གཙང་ཚད་ལྡན་ཐོན་འདུག་ཚུལ་རྒྱུས་ཡོད་ཀུན་ལ་རླུང་ལྟར་གྲགས། བྱེ་བྲག་ཏུ། ཆོས་ཀྱི་ཐ་སྙད་སྒྱུར་སྟངས་ཐད་ནས་ཞུས་ན། ལེགས་སྦྱར་གྱི“སངས་རྒྱས”དང“བྱང་ཆུབ”ལྟ་བུའི་བརྡ་ཆད་གནད་ཅན་དག བོད་སྐད་དུ་དོན་སྒྱུར་ཡག་ཐག་ཆོད་མཛད་ཡོད་ནའང་། དབྱིན་སྐད་དུ་ལེགས་སྦྱར་སོར་བཞག་དང་རྒྱ་ནག་སྐད་དུ་སྒྲ་སྒྱུར་བྱས་ཡོད་འདུག རྩིས་འཁོར་རིག་པའི་ཐད་ནས་ཞུས་ན། སློབ་དཔོན་བློ་བཟང་བསྟན་འཛིན་གྱི་གསུང་ཞིག་ཏུ། རྩིས་འཁོར་རིག་པ་ནི་ཨ་རི་ནས་དབྱིན་ཡིག་ཐོག་བྱུང་བ་ཞིག་ཡིན་མོད། འོན་ཀྱང་རྩིས་འཁོར་ལ་འཕྲོད་ཤོས་ཀྱི་ཡིག་རིགས་དང་པོ་སྟེ་ལེགས་སྦྱར་ཕུད་པའི་ཡིག་རིགས་གཉིས་པ་ནི་བོད་ཡིག་ཡིན་ཚུལ། རྒྱ་གར་གྱི་རྩིས་འཁོར་རིག་པའི་རིགས་གཅིག་རྐང་འཛིན་པ་ཞིག་གིས་ཁོང་ངོ་མར་བཤད་མྱོང་གསུངས་ཡོད་ཅིང་། རྩིས་འཁོར་རིག་པ་དང་བོད་ཡིག་གཉིས་ཀར་མཁས་པའི་བོད་པ་ཞིག་གིས། རྩིས་འཁོར་རྒྱབ་ལོགས་ཀྱི་རིག་པ་ཇི་ལྟ་ཇི་ལྟར་ཟབ་ཏུ་ཕྱིན་ན་བོད་ཡིག་ནི་དེ་ལྟ་དེ་ལྟར་འཕྲོད་ཚུལ་སྨྲས་པ་གུས་པས་ཀྱང་དངོས་སུ་གོ་མྱོང་། སྙན་ངག་གི་ཐད་ནས་ཞུས་ན། གྲུ་ཤན་སེམས་པ་མེད་ཀྱང་། །རྟ་མགོས་ཕྱི་མིག་ལྟ་གི །ཁྲེལ་གཞུང་མེད་པའི་བྱམས་པས། །ང་ལ་ཕྱི་མིག་མ་བལྟས། །ཞེས་པ་ལྟ་བུས་བོད་ཡིག་ཚེག་ཁྱིམ་ཉི་ཤུ་རྩ་བཞི་ཙམ་གྱིས་སྒྲུང་ཆ་ཚང་ཞིག་ཤོད་ཡོད་པར་མངོན།7  ཡར་སྔོན་གུས་པས་བོད་ཀྱི་རྩོམ་རིག་ལ་ཞིབ་འཇུག་གནང་མཁན་ཧྥ་རིན་སི་པ་ཆོས་ཉིད་དབང་མོ་བྱ་བར། ཁྱེད་ནི་ཧྥ་ཡིག་དང་དབྱིན་ཡིག བོད་ཡིག་བཅས་མཁྱེན་མཁན་རེད། ཉིད་ཀྱིས་གཟིགས་ན་ང་ཚོའི་བོད་ཡིག་འདི་ཡི་གེ་ག་འདྲ་ཞིག་རེད་ཅེས་དྲིས་པར། ཁོང་གིས་བོད་ཡིག་ནི་ཡི་གེ་ཧ་ཅང་ཡག་པོ་ཞིག་རེད། དཔེ་གཅིག་བཞག་ན། ང་ཚོ་ཧྥ་རན་སིའི་ཐ་སྙད་མི་ཉུང་བ་ཞིག་ཡིག་འབྲུ་མང་པོས་གྲུབ་ཡོད། འོན་ཀྱང་བོད་ཡིག་གི་ཐ་སྙད་མང་ཤོས་ལ་ཚེག་ཁྱིམ་གཉིས་ཙམ་ལས་མེད། དེ་ནི་བོད་ཡིག་གི་ཡོན་ཏན་ཆེན་པོ་ཞིག་རེད་གསུངས། དེ་དག་གཞིར་བཞག་ནས་དཔགས་ན། དབྱངས་གསལ་ཡི་གེའི་ཁྲོད་ཡིག་འབྲུ་ཉུང་ངུས་ཐ་སྙད་གྲུབ་པ་དང་དོན་ཁ་ཚང་ཞིག་སྟོན་ནུས་པ་རེ་ཟུང་ལས་མེད་པ་འདྲ།   

རྣམ་དབྱེ་སོགས་བརྡ་སྤྲོད་ཀྱི་རྣམ་གཞག་ནི་འགྲོ་བ་མིའི་ངག་སྤྱིའི་ངོ་བོར་རང་ཆས་སུ་གྲུབ་ཡོད་ནའང་། བྱེ་བྲག་ཏུ་མི་རིགས་རེ་རེའི་སྐད་ཆ་བཤད་སྟངས་མི་འདྲ་བའི་དབང་གིས། དངོས་སུ་བརྡ་སྤྲོད་སྐབས་རྣམ་དབྱེ་སོགས་མངོན་དུ་གྱུར་མ་གྱུར་གཉིས་ཀ་སྣང་། རང་ཅག་བོད་ཀྱི་སྐད་ཆ་ནི་དེ་གཉིས་ལས་སྔ་མ་སྟེ་རྣམ་དབྱེ་སོགས་མངོན་དུ་གྱུར་བའི་རིགས་སུ་གཏོགས་གཤིས། གང་བསྟན་པར་བྱ་བའི་དོན་དེ་འཁྲུལ་མེད་རྣམ་འབྱེད་དུ་སྟོན་ཐུབ། དཔེར་ན། རྒྱ་ནག་སྐད་དུ咬死了猎人的狗ཞེས་པའི་ཚིག་རྐང་དེ་ལྟ་བུར་མཚོན་ན། རྒྱ་སྐད་རང་ངོས་ནས་ཀྱང 咬死了/猎人的狗དང咬死了猎人的/狗8ཞེས་དོན་མི་འདྲ་བ་གཉིས་སུ་གོ་བ་ལེན་ཆོག་པས། སྐབས་དེར་དོན་གང་ཞིག་སྟོན་གྱི་ཡོད་པ་ཚོད་ཐིག་དཀའ་བར་སྣང་། འོན་ཀྱང་ཚིག་རྐང་དེ་བོད་སྐད་དུ་བསྒྱུར་ན། “སོ་བཏབ་སྟེ་རྔོན་པའི་ཁྱི་བསད”ཅེས་དང་། “སོ་བཏབ་སྟེ་རྔོན་པ་བསད་པའི་ཁྱི”ཞེས་དོན་གཉིས་མ་འདྲེས་པར་སྟོན་ཐུབ། རྒྱ་ནག་སྐད་ནི་དེ་ལྟར་རྣམ་དབྱེ་སོགས་བག་ལ་ཞ་བའི་རིགས་སུ་གཏོགས་གཤིས། རྒྱ་གར་ནས་ཆོས་ཀྱི་གཙུག་ལག་ཚུར་སྒྱུར་དུས<<རིགས་སྒོ>>དང<<རིགས་པ་ལ་འཇུག་པ>>9གཉིས་མ་གཏོགས་ཚད་མའི་གཞུང་ཕལ་མོ་ཆེ་བསྒྱུར་མེད་ཅིང་།10  འགྱུར་ཟིན་པ་དེ་དག་ལ་ཕྲིན་ལས་འཕེལ་མེད་པ་ནི། ཁོ་ཚོའི་སྐད་ཡིག་ལའང་འབྲེལ་བ་ཡོད་ཅེས་ཤེས་ནས་སྨྲ་མཁན་དག་གིས་གསུངས། དེ་ག་ནང་བཞིན། རྒྱ་ནག་སྐམ་ས་རུ་བརྒྱ་ལོ་ཉི་ཤུ་པའི་དུས་སྟོད་ནས་བརྩམས་ཏེ་མཁས་པ་རྣམས་ཀྱིས་བརྡ་རྙིང་པའི་རྒྱ་ཡིག་གུད་དུ་བཞག་ནས། ཕལ་སྐད་ཡི་གེར་འགོད་སྐབས་དབྱིན་ཡིག་གི་བརྡ་སྤྲོད་སྟངས་ཚུར་ལེན་ཅི་ཐུབ་བྱས་པར་བརྟེན། ད་ཆར་ཚན་རིག་དང་གཏན་ཚིགས་སོགས་བསྒྱུར་བ་ཐའེ་ཝན་གྱི་འགྱུར་ལས་ཡག་ཙམ་ཐོན་ཡོད11ཟེར། དེ་ལྟར་ཡང་རྒྱ་ཡིག་དབྱངས་གསལ་ཡི་གེར་སྒྱུར་དགོས་བསམ་མཁན་སྔར་མི་ཉུང་བ་བྱུང་ཡོད12ཅིང་། ནང་སྒོས་སུ་སྒྲ་རིག་པའི་མཁས་དབང་ལུའེ་ཧྲུའུ་ཞང13གིས་སྐུ་ཚེ་གང་བོར་སོ་སོའི་སྐད་ཡིག་ལ་ཉམས་ཞིབ་དཔྱིས་ཕྱིན་མཛད་མཐར། ཉེ་སྔོན་རྒྱུ་མཚན་ཁུངས་ཐུབ་བཞི་བཀོད་ནས་རྒྱ་ཡིག་དབྱངས་གསལ་ཡི་གེར་སྒྱུར་དགོས་ཚུལ་སྨྲས་པ་ནོར་བར་སྒྲུབ་ཐུབ་མཁན་ཞིག་ད་ཕན་བྱུང་མེད་པའི་ཚོད། ཁོང་གིས་བཀོད་པའི་རྒྱུ་མཚན་དེ་དག་ནི། “རྒྱ་ནག་གི་ཡི་གེ་ཤེས་སླ་བ་ཞིག་ཏུ་གཏོང་དགོས་པ་དང་། རྒྱ་ནག་གི་ཡི་གེ་འགྲོས་མགྱོགས་པའི་དེང་རབས་རིག་གནས་བྱ་གཞག་གི་འགན་ཐེག་པ་ཞིག་ཏུ་གཏོང་དགོས་པ། རྒྱ་ནག་གི་སྐད་དང་ཡི་གེ་འཛམ་གླིང་གི་རིག་གནས་ཚུར་ལེན་བྱེད་བདེ་བའི་སྐད་ཡིག་ཅིག་ཏུ་གཏོང་དགོས་པ། རྒྱའི་ངག་ཐོག་གི་སྐད་ཆ་ཕུན་ཚོགས་སུ་འགྲོ་ཐུབ་ཅིང་། དེང་གི་ཕལ་སྐད་ལམ་ནས་བྲིས་པའི་རྒྱ་ཡིག་བཅིངས་པ་ལས་འགྲོལ་དགོས”14ཞེས་པ་བཅས་ཡིན། ཁོང་གིས་གང་སྨྲས་པ་དག་ནི། ངེད་ཅག་གི་ཡི་གེ་ཐེ་བའི་དབྱངས་གསལ་ཡི་གེ་སྤྱིའི་ཡོན་ཏན་གཙོ་བོ་དག་ཡིན་པ་ང་ཚོས་ཤེས་དགོས། 

 

སྐད་ཡིག་དང་བདེ་སྐྱིད། 

སྤྱིར་བཏང་གི་བཤད་སྲོལ་དུ་སྐད་ཆ་ནི་སྐྱེས་བུ་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་ཡོ་བྱད་ཅིག་རེད། འོན་ཀྱང་དོན་དམ་པར་སྐད་ཆ་ནི་དེ་ཙམ་ལས་རིང་དུ་འདས་ཏེ། མིའི་རིགས་ཁྱུ་ཞིག་རིགས་ཁྱུ་གཞན་དག་ལས་ཐ་དད་དུ་གྱུར་ནས་མི་རིགས་རང་མཚན་པ་ཞིག་ཆགས་པའི་ཉེར་ལེན་གྱི་རྒྱུ་ཡིན། ཇི་ལྟར་ཞེ་ན། འགྲོ་བ་མི་ནི་བརྡ་ལ་བརྟེན་པའི་ལུས་ཅན་ཞིག་ཡིན་ཕྱིན། རང་རིགས་ཀྱི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ། མཛེས་དཔྱོད་ལྟ་བ་བཅས་ཀྱིས་བསྡུས་པའི་བརྡ་དོན་མཐའ་དག་རང་གི་སྐད་ཆའི་ནང་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་འདྲེས་ཡོད་ལ། ཡང་སྐད་ཆའི་ལམ་ནས་བརྡ་དོན་དེ་དག་རབས་ཕྱི་མའི་རྒྱུད་ལ་བཞག་དང་འཇོག་གི་ཡོད། དེར་མ་ཟད། ལུས་ཅན་གཞན་དག་དང་རྦད་དེ་མི་འདྲ་བ་ཞིག་ལ། ཡི་གེ་ཡོད་པའི་མི་རིགས་དག་གིས་སོ་སོའི་མི་རབས་སྔ་མ་སྔ་མའི་ཤེས་རིག་ཡིག་ངོར་བཀོད་དེ་ཉར་ཚགས་ཐུབ་ཡོད་ཅིང་། མི་རྒྱུད་ཕྱི་མ་ཕྱི་མས་སོ་སོའི་ཡི་གེ་བསླབས་པ་ལས་རང་ཉིད“སུ་ཡིན་པ་དང་། གང་ནས་འོངས་པ། གང་དུ་འགྲོ་དགོས”སོགས་ལེགས་པར་རྟོགས་ཀྱི་ཡོད། འོ་ན་དེ་རིགས་ཤེས་པས་ཅི་ཕན་ཟེར་ན། ཡང་། མི་ནི་ཐུན་མོང་གི་དྲན་པ་ཅན་གྱི་ལུས་ཅན་ཞིག་ཡིན་ཞིང་། མི་ཐོག་སྔོན་མའི་བྱུང་རབས་ནི་ཁོང་ཅག་གི་ཡིད་ཀྱི་གཏད་སོའམ་སེམས་ཀྱི་རྟེན་ཕུར་དུ་སོང་ཡོད་སྟབས། རིགས་ཀྱི་དྲན་པ་མ་ཉམས་པར་བསྡད་ཡོད་ན། མི་ཚོགས་སྟུག་པོའི་གསེབ་ཏུ་རང་ཉིད་དྭ་ཕྲུག་ལྟར་ཡུལ་པོར་ལུས་པའི་ཁེར་སྡུག་གིས་མནར་མི་ཡོང་ཞིང་། གལ་སྲིད་དེ་ལས་ལྡོག་ཕྱོགས་སུ་ཕྱིན་ཚེ། ན་སོ་སྨིན་གྱིན་སྨིན་གྱིན་རང་ཉིད་མིའི་གྲལ་དུ་ཚུད་དཀའ་བའམ་མི་ལྷག་མར་གྱུར་འདུག་པའི་ཚོར་སྣང་ཇེ་དྲག་ནས་ཇེ་དྲག་ཡིན། རྒྱུ་མཚན། ལྟོ་འགྲང་འབའ་ཞིག་དོན་གཉེར་བའི་དུད་འགྲོ་དང་མི་འདྲ་བ་ཞིག་ལ། མི་ནི་ཚོར་བ་ཤིན་ཏུ་སྐྱེན་པའི་སེམས་ཅན་ཞིག་ཡིན་ཕྱིན། ལུས་བདེ་བ་ཙམ་གྱིས་ཡུན་རིང་མི་ཚིམ་པར་སེམས་སྐྱིད་པ་ཞིག་ཅིས་ཀྱང་ཡོང་དགོས་པར་ཐུག་ཡོད། ཚུལ་དེར་གཞིགས་ནས། དབྱིན་ཇིའི་དཔལ་འབྱོར་རིག་པ་མཁན་ཀ་ལར་ཀ15ན་རེ། སྐྱེས་བུ་སོ་སོ་བ་བདེ་སྐྱིད་ཡོང་བར་ངོ་བོ་འགྱུར་བ་ཅན་གྱི་རིམ་པ་གསུམ་ཡོད་པ་གཤམ་གསལ། དང་པོ་ནི“འཚོ་བའི་ཉེར་སྤྱད་ཉོ་སྒྲུབ་ཐུབ་པར་དངུལ་ལོར་གྱི་ཡོང་སྒོ་རྒྱུན་མི་ཆད་པར་ཡོད་དགོས་པ”སྟེ། ལུས་སྲོག་འཚོ་བར་མེད་ཐབས་བྲལ་བའི་མཐུན་རྐྱེན་ལ་ཟེར། ཚུལ་དེ་ལས་འགོངས་རྗེས་སྔར་གྱི་སྐྱིད་སྣང་རང་ངང་གིས་ཞན་པར་འགྱུར་འགྲོ། རིམ་པ་གཉིས་པ་ནི“སོ་སོའི་དགའ་བྲོད་ཀྱི་འདོད་པ་སྐོང་བར་དངུལ་ནོར་འདང་ངེས་ཡོད་དགོས་པ”སྟེ། སེམས་ཀྱི་འཚོ་བ་ཕུན་ཚོགས་སུ་གཏོང་བྱེད་ཤེས་རྒྱ་སྐྱེད་པའི་རིག་གནས་དང་བག་བྲོ་སྐྱེད་པའི་རྩེད་འཇོ་ལ་ཟེར། ཚུལ་དེ་ལས་འགོངས་རྗེས་ཀྱང་ཡར་སྔོན་ལྟར་སྐྱིད་སྣང་ཞན་པར་འགྱུར་འགྲོ། རིམ་པ་གསུམ་པ་ནི“སྲོལ་རྒྱུན་འཛིན་སྐྱོང་སྤེལ་གསུམ་གྱི་འདོད་པ་སྟེ། སོ་སོའི་ཕ་མེས་ནས་བརྒྱུད་ཡོང་བའི་ཤེས་རིག་གི་རྒྱུན་རང་གི་བུ་རྒྱུད་ལ་འབོགས་པའི་འདོད་པ་ངེས་པར་སྐོང་ཐུབ་དགོས། འདིར་མཐའ་མ་དེ་ནི་སྐྱེས་བུ་སྒེར་སྐྱིད་ཐག་ཆོད་པ་ཡོང་བར་སྣང་མེད་བསྐྱུར་མི་རུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན”ཞེས་གསུངས་པ་རེད། དེ་ལས་གཞན། སྐད་ཡིག་ཆ་ལུགས་འདྲ་བ། ཡུལ་སྲོལ་གོམས་གཤིས་མཚུངས་པ། དད་མོས་དགའ་ཕྱོགས་གཅིག་པ། བསམ་ཚུལ་དྲན་སྟངས་ཉེ་བའི་སྐྱེ་བོ་དག་ལྷན་དུ་སྡོད་པའང་། རིགས་ཁྱུ་དེ་ཞི་འགྲིག་ངང་མཉམ་འཚོ་མཉམ་གནས་ཐུབ་པའི་རྐྱེན་གཙོ་བོ་ཞིག་ཡིན། དེར་བརྟེན། སྐྱེས་བུ་རང་མཚན་པ་ཞིག་ལ་མཚོན་ན། གོང་སྨོས་ཀྱི་མཐུན་རྐྱེན་དེ་དག་ནི་ཚེ་འདིར་ཁོང་ཉིད་ལུས་བདེ་སེམས་སྐྱིད་ཡོང་མིན་དང་དམ་པོར་འབྲེལ་ཡོད།   

 

སྐད་ཡིག་དང་རྩིས་ཐང་། 

ཇི་སྐད་དུ། “སྐྱེས་བུའི་རྩིས་ཐང་ནི་སོ་སོའི་ལག་རྗེས་ཁོ་ནར་ལྟོས་ཏེ་འབྱུང”། ཞེས་ཨ་རིའི་མཁས་པ་བྷོ་འ་ཛ16ཡིས་གསུངས། བདེན་ཏེ། རང་ཁ་མི་སོས་རང་རྒྱབ་མི་དྲོས་པའི་མི་ཞིག་ལ་རྩིས་ཐང་ལྡན་པ་ལྟ་ཞོག ཐ་ན་སོ་སོ་རང་ཉིད་ཀྱང་མིའི་གོ་ས་ནས་མར་ཟགས་ཏེ། རྩྭ་ཟན་ཞིག་གི་གོང་དང་རྩམ་ཟན་ཞིག་གི་འོག་ལ་སྡོད་དགོས། གུས་པའི་གོ་བ་ལེན་ཚུལ་ལྟར་ན། ཁོང་གིས་གསུངས་པའི་ལག་རྗེས་ནི་རྒྱུ་ནོར་གྱི་ལག་རྗེས་དང་རིག་གནས་ཀྱི་ལག་རྗེས་ཏེ་དུམ་བུ་གཉིས་ཀྱིས་གྲུབ་ཡོད་པར་སྙམ། དང་པོ་རྒྱུ་ནོར་གྱི་ཐད་ནས་ཞུས་ན། མི་སུ་ཞིག་ཡིན་རུང་ཐོག་མར་རང་གི་རྩོལ་བ་ལ་བརྟེན་ནས་ལུས་ཁོག་སོས་དགོས། བློ་དང་རྩལ་ཡོད་བཞིན་དུ་སོ་སོའི་ལུས་ཁོག་ཙམ་ཡང་མ་སོས་པར་གཞན་ལ་བརྟེན་དགོས་བྱུང་ཚེ། གཞན་བརྟེན་དང་མཉམ་དུ་རང་ཉིད་ཀྱི་རྩ་ཆེའི་རང་དབང་འཆོར་ངེས། དེ་ལྟར་གཡོག་གམ་བྲན་དུ་གྱུར་བ་དག་སྲོག་མགོ་ཐོན་མིན་ཡང་གཞན་ལ་ལྟོས་དགོས་དུས། ཁོ་ཚོར་མིའི་རྩིས་ཐང་ལྡན་པ་ལྟ་ག་ལ་སྲིད་དེ་མི་སྲིད་དོ། །དེ་ལྟར་བས་ན། རྩིས་ཐང་ལྡན་པར་རང་དབང་ཡོད་དགོས། རང་དབང་ཡོད་པར་རང་མགོ་འཐོན་དགོས། རང་མགོ་འཐོན་པར་རྒྱུ་ནོར་སྒྲུབ་དགོས་ཏེ། རྒྱུ་ནོར་མེད་ན་མི་ཞིག་ཡིན་ཙམ་གྱིས་མིའི་རྩིས་ཐང་ལྡན་པའི་ངེས་པ་མེད་ཚུལ་གོང་སྨོས་རྒྱུ་འབྲས་ཀྱི་འབྲེལ་བས་ཐག་བཅད་ཡོད། དེ་ལས། རྒྱུ་ནོར་གྱི་ལག་རྗེས་ཡོད་པས་སྐྱེས་བུ་དེར་རྩིས་ཐང་གི་དུམ་བུ་སྔ་མ་ལྡན་པར་འགྱུར་བ་མཐོང་ཡོང་། དེ་ནས་རིག་གནས་ཀྱི་ཐད་ནས་ཞུས་ན། མི་ནི་ལུས་སེམས་ཉིས་འདུས་ཀྱི་ཡིད་ཅན་ཞིག་ཡིན་རྐྱེན་གྱིས། སོ་སོའི་བློ་རྩལ་བཏོན་ཏེ་ཡི་གེའི་ལམ་ནས་རིག་གནས་ཐད་ལག་རྗེས་ཤིག་འཇོག་ཐུབ་མིན་ཡང་གལ་ཆེན་པོར་སྣང་། དེ་ལྟ་མོད་ཀྱི། བློ་ཤིན་ཏུ་རྣོ་བ་དང་བློ་ཤིན་ཏུ་རྟུལ་བའི་མཐའ་གཉིས་སུ་ཡོད་མཁན་རེ་འགའ་ལས་མེད་པར་ཕལ་མོ་ཆེ་ནི་དེ་དག་གི་བར་ལ་གནས་ཡོད་སྟབས། གཞན་རིགས་ཀྱི་སྐད་དང་ཡི་གེའི་ལམ་ནས་ལག་རྗེས་འཇོག་ཐུབ་མཁན་སྲིད་མཐའ་ཙམ་ཡིན། ཅིའི་ཕྱིར་ཞེ་ན། སློབ་གསོ་ནི་མ་གཞི་ནས་སྐད་ཆ་གཞིར་གྱུར་བའི་ཁྱིམ་ཚང་སློབ་གསོ་དང་ཡི་གེ་གཞིར་གྱུར་བའི་སློབ་གྲྭའི་སློབ་གསོ་སྟེ་ཆ་ཤས་གཉིས་ཀྱིས་གྲུབ་ཡོད། གལ་སྲིད་ཁྱིམ་དུ་གང་བསླབས་པའི་སྐད་ཆ་དང་སློབ་གྲྭ་རུ་གང་སློབ་པའི་ཡི་གེ་གཉིས་འབྲེལ་མེད་དུ་གྱུར་ཚེ། དོན་གྱིས་མི་དེ་དག་ལ་སློབ་གསོའི་ཕྱེད་ཀ་ཙམ་མ་གཏོགས་འཐོབ་ཐུབ་མེད། ནམ་ཞིག་ཁོང་ཅག་གིས་སློབ་གྲྭ་རུ་བསླབས་པའི་སྐད་ཡིག་གཞན་དེ་སྤྱད་ནས་ལས་ཀ་ཞིག་བསྒྲུབས་ཚེ། ཕལ་མོ་ཆེས་དེ་ཐད་ནས་ལག་རྗེས་འཇོག་མི་ཐུབ་ཚུལ་རང་རེའི་མི་ལོ་དྲུག་ཅུ་ལྷག་གི་བྱུང་རབས་ཀྱིས་ལན་བཏབ་ཚར་ཡོད། རིག་གནས་ཐད་ལག་རྗེས་མེད་པའི་མི་ཞིག་ལ་གཞན་གྱིས་དེ་ཐད་ཀྱི་བརྩི་འཇོག་བྱེད་ཐབས་བྲལ་བས། མི་དེར་རིག་གནས་ལ་འབྲེལ་བའི་རྩིས་ཐང་མི་ལྡན་པར་གྱུར་བ་ཡིན། གཞན་རིགས་ཀྱིས“ངེད་ཀྱི་རིགས་སུ་མི་གཏོགས་པ། དེ་སེམས་ངེད་དང་ཡེ་མི་མཐུན”17ཞེས་མཐོང་ཆུང་བརྙས་སྨོད་ཀྱིས་ཁོང་ཅག་གཞན་གྱི་རིགས་སུ་ཕར་གཅོད་ཅིང་། ང་ཚོས་ཀྱང་དེ་བཞིན་དུ་རང་སྐད་རང་ཡིག་མི་ཤེས་པའི་རང་མིའི་རྩིས་ཐང་ལ་ཇི་མི་སྙམ་པར་རྡོག་བརྫིས་བཏང་ནས་ཁོང་ཅག་རང་གི་རིགས་སུ་ཚུར་མི་འཐེན་ན། བར་མ་དོར་ཧྲེང་ཧྲེང་དུ་ལུས་པའི་རིགས་ཕུང་སུམ་པ་དག་གི་སེམས་ལ་སྡུག་བསྔལ་ཆེ་ཟེར་བ་གུས་པས་ཀྱང་ཐོས་མྱོང་། འགྲིག་མི་འགྲིག་གང་ལྟར་ཡང་དོན་དེ་མི་ཡུལ་འདིའི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གནའ་སྔ་མོ་ནས་ཆགས་ཡོད། གལ་སྲིད་དེ་ལས་ལྡོག་སྟེ། སོ་སོ་རང་གི་སྐད་ཡིག་སྤྱད་ནས་རིག་གནས་ཀྱི་ལས་ཀ་ཞིག་བསྒྲུབས་ཚེ། སྐྱེས་བུ་མང་མང་གིས་དེའི་ངོས་ནས་ཀྱང་ལག་རྗེས་གང་ལ་གང་འཚམ་འཇོག་ཐུབ་ལ། རང་རིགས་ཁྲོད་དེ་ལ་དེར་མཐུན་གྱི་བརྩི་འཇོག་ཀྱང་འཐོབ་པར་ངེས་ན། མི་དེ་རང་ཤུགས་ཀྱིས་རྩིས་ཐང་ལྡན་པ་ཞིག་ཏུ་འགྱུར་འགྲོ་ཞིང་། དེ་རྐྱེན་བྱས་ནས་ཁོང་ཉིད་སེམས་སྐྱིད་པ་ཡོང་བའང་ཆོས་ཉིད་ཀྱིས་གྲུབ། 

དངོས་ཚུལ་དེ་འདྲར་སོང་སྟབས། བྷོ་འ་ཛས་གསུངས་པའི“ལག་རྗེས”ནི། སྐྱེས་བུ་ཞིག་ལ་སྐྱེ་བོ་གཞན་དག་གི་བརྩི་འཇོག་འཐོབ་པ་དང་། རྩིས་ཐང་དང་ལ་རྒྱ་དང་ཆེ་མཐོང་ལྡན་པའི་སྒོ་ནས་བདེ་སྐྱིད་ཀྱི་མི་ཚེ་ཞིག་སྐྱེལ་ཐུབ་པའི་མཐུན་རྐྱེན་གལ་ཆེན་ཆགས་པ་རེད། 

 

ཕྱི་ལོ༢༠༡༧ལོའི་ཟླ༩པའི་ཚེས༣༠ལ་དབུས་ལྷ་ལྡན་གྲོང་དུ།

མཆན།

1, Phoenicia 腓尼基

2, Aramaic alphabet 亚兰字母

3, Brāhmī script 婆罗米文

4, Gupta 笈多

5, མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི<<དེབ་ཐེར་དཀར་པོ>>ཡི་ཤོག་ངོས༧༧ནས༧༨ལ་གཟིགས་དང་། མཁས་དབང་དགེ་ཆོས་ཀྱིས་ཀྱང་བོད་ཡིག་ནི་གུཔྟའི་ཡི་གེར་དཔེ་བལྟས་ཏེ་བཟོས་པར་བཞེད།

6, དེ་སྐོར་ཞིབ་ཕྲ་དྲྭ་གནས་འདིར་གཟིགས། http://wemedia.ifeng.com/7407468/wemedia.shtml

7, དེ་ནི་སྙན་ངག་པ་ལྗང་བུའི་ལྟ་ཚུལ་ཏེ་ཞིབ་ཕྲ་དྲྭ་གནས་འདིར་གཟིགས། http://www.tsanpo.com/forum/24260.html

8, ཚིག་དེ朱德熙ཡི<<句法结构>>ལས་འབྱུང་ཞིང་། འདིར་བཀྲ་ཤིས་རྒྱལ་དང་དངོས་གྲུབ་གཉིས་ཀྱི<<བོད་སྐད་སྐད་རྩིས་རིག་པ>>ཡི་ཤོག་ངོས༡༨༩ལས་དྲངས། གཞན་ཡང་། “ང་ལ་སྡང་བའི་མི”དང“ངའི་མི་ལ་སྡང་བ”ཞེས་པ་གཉིས་ཀྱང恨我的人ཞེས་པའི་ཚིག་རྐང་གཅིག་དེ་ཀློག་པའི་སྐབས་སུ་གཅོད་མཚམས་བསྒྱུར་ནས་དོན་སོ་སོར་སྟོན་པ་ལས་འོས་མེད་ན། རྒྱ་སྐད་ཀྱི་ནང་དུ་དོན་ལོག་འགྲོ་བའི་ཚིག་འདི་རིགས་མང་པོ་ཡོད་པ་འདྲ། 

9, 《因明正理门论》、《因明入正理论》。

10, བོད་ལྗོངས་ཞིབ་འཇུག་ཁང་གི་ཆེད་མཁས་ནོར་བུ་རྒྱ་མཚོ་ལགས་ཀྱིས་དེ་སྐད་གསུངས།

11, ཟུར་གཞན་ཞིག་ནས་བལྟས་ན། ད་ཆར། ནུབ་ཕྱོགས་ཀྱི་ཡིག་རིགས་ནས་བསྒྱུར་བའི་འགྱུར་རྩོམ་ཙམ་དུ་མ་ཟད། རྒྱ་སྐད་རང་གི་ལམ་ནས་བརྩམས་པའི་བྲིས་རྩོམ་མང་པོ་ཡང་། ཡོ་རོབ་སྐད་ཀྱི་བརྡ་སྤྲོད་སྟངས་ཀྱི་རྗེས་སུ་འབྲངས་ཐལ་ཆེ་སྟེ། གང་བསྟན་པར་བྱ་བའི་དོན་རྣམས་རབ་རིབ་མག་མོག་ཏུ་གྱུར་ནས། ཀློག་མཁན་དག་གིས་བདེ་བླག་ཏུ་གོ་མི་ཐུབ་གསུང་མཁན་གྱི་མཁས་པ་ཉུང་ཉུང་མ་རེད། ཟུར་ཙམ་དྲྭ་གནས་འདི་ལ་གཟིགས། https://baike.baidu.com/item/%E6%AC%A7%E5%8C%96%E4%B8%AD%E6%96%87/9810789?fr=aladdin

12, 谭嗣同、钱玄同、吴稚晖、陈独秀、蔡元培、吴玉章、鲁迅、胡适、傅斯年、刘半农、瞿秋白、毛泽东、吕叔湘等。དེ་སྐོར་ཞིབ་ཕྲ་དྲྭ་གནས་འདི་སོགས་ལ་གཟིགས། https://zhidao.baidu.com/question/490127418446774172.html

13, 吕叔湘(1904—1998) རྒྱ་ནག་གི་སྒྲ་རིག་པའི་མཁས་དབང་ཞིག་སྟེ<<དེང་རབས་རྒྱ་ཡིག་ཚིག་མཛོད>>སྒྲིག་མཁན་གཙོ་བོ་ཡིན་ཞིང་གསུང་འབུམ་ལ་པོ་ཏི་བཅུ་དགུ་བཞུགས།

14, དེ་སྐོར་ཞིབ་ཕྲ་དྲྭ་གནས་འདིར་གཟིགས། http://blog.sina.com.cn/s/blog_49b098880101cm7s.html 

15, Colin Grant Clark ཀོ་ལིན-གྷ་རན་ཊ-ཀ་ལར་ཀ་ནི་དབྱིན་ཇིའི་དཔལ་འབྱོར་རིག་པ་མཁན་སྐད་གྲགས་ཅན་ཞིག་ཡིན།

16, David Boaz ཌེ་ཝིད-བྷོ་འ་ཛ་ནི་ཨ་རིའི་གནའ་དར་རང་དབང་རིང་ལུགས་ཀྱི་གྲུབ་མཐའ་འཛིན་མཁན་དེང་དུས་ཀྱི་མཁས་པ་ཞིག་ཡིན་ཞིང་། བརྩམས་ཆོས་ལ<<གནའ་དར་རང་དབང་རིང་ལུགས་ཀྱི་འཇུག་སྒོ>>སོགས་བཞུགས། 

17, 非我族类,其心必异。