མི་ལོ་གཉིས་གསུམ་ཞིག་གི་ཡར་སྔོན་ནས་བཟུང་བདག་གིསགསར་བརྗེ1ཡི་སྐོར་ལ་དོ་སྣང་བྱེད་འགོ་ཚུགས། དེ་ནི་ང་རངགསར་བརྗེལ་ཤིན་ཏུ་དགའ་བ་དང་དུངས་པ་དང་མོས་པ་ཁོ་ན་ཞིག་ནི་ཡེ་ནས་མ་ཡིན་པར། གཙོ་བོགསར་བརྗེཞེས་པ་འདིས་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་ནས་བརྒྱད་ཅུའི་བར་དུ་གངས་ཅན་ཁ་བའི་ལྗོངས་ལ་ཅི་ཞིག་བསྣམས་འོང་བ་དང་། རང་ཅག་གི་སྲིད་འབྱོར་རིག་གསུམ་ལ་ཤུགས་རྐྱེན་ག་འདྲ་ཐེབས་པ། གསར་བརྗེལ་བརྟེན་ནས་གངས་ཅན་པ་རྣམས་ལམ་གང་ཞིག་ལ་ཁྲིད་ཚུལ་དང་། རིན་ཐང་ལྟ་ཚུལ་ཅི་ཞིག་རྙེད་ཚུལ། ཡང་ནགསར་བརྗེཞེས་པ་འདིས་ཤེས་རིག་གི་སྡེ་ལ་བརྡབ་གསིག་ཇི་ལྟར་བཏང་བ་དང་། མཁས་པ་དང་ཡོན་ཏན་པ་གང་མང་ཞིག་ཇི་ལྟར་ཁྱུར་མིད་བཏང་བ་སོགས་ལ་བསམ་གཞིག་གི་མདའ་ཁ་གཏད་པས་ཡིན་པའོ། །

དེ་ལྟརགསར་བརྗེདང་འབྲེལ་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་མང་པོ་ཞིག་ག་ལེ་ག་ལེར་རྫོགས་ན། སྔར་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་པ་དང་དྲན་པའི་ངོས་སུ་མ་ཤར་བ་ཅི་རིགས་ཤིག་ལ་འཕྲད་སྲིད་ཅིང་། ད་ལྟའི་མཐོང་དུ་ཡོད་པའི་འབྲས་བུ་གང་མང་ཞིག་གི་རྒྱུའམ་ས་བོན་ཡང་མ་བསམ་ས་ནས་རྙེད་འོང་གི་འདུག  སྐབས་སུ་བབས་པ་ནི་བདག་ཅག་གི་རང་མོས་སྙན་ངག་གམ་སྙན་ངག་གསར་པའི་ཐོག་མ<<ལང་ཚོའི་རྦབ་ཆུ>>ཡི་སྐོར་ཡིན་ཏེ། སྙན་ངག་འདི་སྤྱི་ལོ1983ལོའི<<སྦྲང་ཆར>>དེབ་གཉིས་པའི་སྟེང་སྤེལ་བ་ནས་བཟུང་གངས་ཅན་ཡུལ་དུ་སྙན་ངག་གསར་པའི་ཤྭ་འོད་རྒྱུག་པ་དང་། གཞོན་ནུ་རྣམས་ཀྱི་ལང་ཚོའི་གོམ་སྒྲའང་གསལ་ལྷང་ངེར་གྲགས་བྱུང་བ་རེད།

<<ལང་ཚོའི་རྦབ་ཆུ>>འདི་སྤྱི་ལོ1982ལོར་སྐུ་ཞབས་རང་གྲོལ་ལགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུལྔ་བཞིའི་དུས་དྲནལ་ཆེད་དམིགས་ཀྱིས་བྲིས་པ་ཞིག་ཡིན་བཟོ་འདུག་སྟེ། དེ་ལ་ལྗང་བུ་ལགས་ཀྱིས་བཤད་ན། ངས་ཐེངས་ཤིག་དོན་གྲུབ་རྒྱལ་ལ། རྒྱ་ནག་ལ་རང་མོས་སྙན་ངག་འདི་ཤུགས་ཆེན་པོ་འདུག ང་ཚོའི་བོད་ཡིག་ནང་འདི་འདྲ་བྲིས་ཡོད་པ་ཞིག་མི་འདུག་ལབ་པར་ཁོས། ན་ནིང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ལྔ་བཞིའི་དུས་དྲན་སྐབས། མི་རིགས་སོ་སོའི་སྙན་ངག་གྱེར་འདོན་འགྲན་བསྡུར་ནང་ངས་གཅིག་བྲིས་ཏེ་བྱ་དགའ་ཞིག་ཀྱང་ཐོབ་སོང་ཟེར། དེ1982ལོ་རེད། ངས་ད་ལྟ་བསམ་བློ་བཏང་ན། སྐབས་དེར་ཁོས་བྲིས་པའི་སྙན་ངག་དེ<<ལང་ཚོའི་རྦབ་ཆུ>>ཨེ་ཡིན་ནམ་བསམ་གྱི་འདུག གང་ཡིན་ཟེར་ན། ལྔ་བཞིའི་ལས་འགུལ་དེ་རྒྱ་ནག་གི་ལང་ཚོའི་དུས་ཀྱི་ན་གཞོན་གྱི་མི་རབས་ཀྱིས་གསར་བརྗེའི་ལས་འགུལ་བསླངས་པའི་དུས་དྲན་རེད། <<ལང་ཚོའི་རྦབ་ཆུ>>ཡིས་ཀྱང་བོད་པའི་མི་རབས་གསར་པ་ཚོར་སྐུལ་འདེད་གཏོང་གི་ཡོད་པ་རེད། དེ་བས་བོད་པ་ཞིག་གིས་ད་ལྟའི་གོ་བ་ལེན་སྟངས་ཀྱི་རང་མོས་ཟེར་བ་འདིའི་རྣམ་པ་ཤ་སྟག་ཅིག་བོད་ཡིག་ནང་ཁྱེར་འོང་མཁན་ཐོག་མ་ནི་དོན་གྲུབ་རྒྱལ་ཡིན་དང་ཡིན་བསམ་ཡོད2ཅེས་ཟེར། དེ་ལྟར་ན<<ལང་ཚོའི་རྦབ་ཆུ>>འདི་སྤྱི་ལོ1982ལོར་བྲིས་ཤིང་ལོ་ངོ་གཅིག་ལྷག་འགོར་བའི་རྗེས་ཏེ་སྤྱི་ལོ1983ལོར་དངོས་སུ་ཀློག་པ་པོའི་སྤྱན་སྔར་བཀྲམ་པ་ཡིན་འདུག ཡང་ན<<ལང་ཚོའི་རྦབ་ཆུ>>འདི་མངལ་དུ་སྦྲུམ་དུས་ནི་དེ་ལས་ཀྱང་སྔ་བ་སྟེ། སྤྱི་ལོ1979ལོ་ནས་སྤྱི་ལོ 1981ལོའི་བར་ཡིན་ཡང་སྲིད།

སྐུ་ཞབས་རང་གྲོལ་ཁོང་འཚར་ལོངས་བྱུང་དུས་ནི་རྒྱ་ནག་ལ་མཚོན་ནརིག་གནས་གསར་བརྗེ་ཆེན་མོཡི་རླུང་འཚུབ་དྲག་ཏུ་ལྡང་བའི་སྐབས་ལ་ཁེལ་འདུག་པ་དང་། སྐྱེས་ཕོ་མོ་དང་རྒན་དར་གཞོན་མེད་པརགསར་བརྗེམ་རུ་སྒོམ་ཞིང་། <<མའོ་ཀྲུའུ་ཞིའི་གསུང་བཏུས>>ཁ་ཏོན་བྱེད་པའི་དུས་ཁྱད་པར་བ་ཞིག་ཡིན་པ་རེད། དེ་ལ་པདྨ་འབུམ་ལགས་ཀྱི<<དྲན་ཐོ་སྨིན་དྲུག་སྐེ་འཁྱོག>>ཏུ། རིག་གནས་གསར་བརྗེའི་སྐབས་སུ་བོད་ཀྱི་གསུང་རྟེན་དང་དཔེ་དེབ་ཀྱི་རིགས་ནིདུག་རྩྭལ་བརྩིས་ནས་མང་ཆེ་བ་མེ་ལ་བསྲེགས། ཆུ་ལ་བསྐྱུར། ལུད་ལ་སྦྱར། ཉུང་ཤས་ཤིག་བློ་རྒོད་ཉུང་ཤས་ཀྱིས་ཡངགསང་གཏེརདུ་སྦས་ཏེ། བོད་ཀྱི་སྲོལ་རྒྱུན་གྱི་ལྡེབ་རིང་ལྡེབ་ཐུང་གི་དཔེ་ཆའི་རིགས་ནི་མིག་གིས་མཐོང་རྒྱུ་མེད་པར་གྱུར། མིག་གི་མཐོང་ཡུལ་དུ་དཔེ་དེབ་གཅིག་མ་གཏོགས་མངོན་མི་ཆོག་པར་གྱུར། དཔེ་དེབ་གཅིག་པོ་དེ་ནི་མའོ་ཀྲུའུ་ཞིའི་གསུང་བཏུས་ཞེས་པའི་དེབ་ཆུང་དམར་པོ་དེ་ཡིན3ཞེས་དང་།   “……དེབ་དམར་ཆུང་ཆུང་དེ་ཁྱོད་ལ་ཡངགནངསོང་། ང་ལ་ཡངགནངསོང་། ཁོ་ལ་ཡངགནངསོང་། མོ་ལ་ཡངགནངསོང་། ཡི་གེ་ཤེས་མཁན་ལགནངབས་མ་ཚད་ཡི་གེ་མི་ཤེས་མཁན་ལ་ཡངགནངསོང་། བྱིས་པ་དམར་འབྱར་ཚུན་ཆད་ཀྱི་མི་རེའི་ལག་ཏུ་དེབ་དམར་ཆུང་ཆུང་རེ་ཡོད4ཅེས་པ་བཞིན་དེ་ལྟའི་དམིགས་བསལ་གྱི་ལོ་ཟླའི་ནང་རང་གྲོལ་ཁོང་གིས་བསླབ་པ་སློབ་གཉེར་གནང་ཡོད་པ་རེད།

དེའི་མི་ཚད་སྐབས་དེའི་སློབ་གསོའི་ཁ་དབུགས་ལ་མཚོན་ནའང་། མའོ་ཀྲུའུ་ཞི་ཨ་མའོ་ཀྲུའུ་ཞི། དམར་ཆུང་དམག་ནི་ཁྱེད་ལ་ཧ་ཅང་དགའ། གསར་བརྗེའི་ཆེད་དུ་སློབ་སྦྱོང་བཟང་པོ་བྱེད། ཉིན་རེར་ཡར་ཐོན་ཡོང་བར་དཔའ་སྙིང་ལྡན། མའོ་ཀྲུའུ་ཞི་ཨ་མའོ་ཀྲུའུ་ཞི། དམར་ཆུང་དམག་གིས་ཁྱེད་ལ་བློ་དཀར་བྱེད། གསར་བརྗེ་རྒྱུན་འཛིན་བྱེད་པར་དམ་བཅའ་འཇོག  འཕར་སྤྱང་དག་ལ་འཐབ་རྩོད་བྱེད་པར་ཕོད། མའོ་ཀྲུའུ་ཞི་ཨ་མའོ་ཀྲུའུ་ཞི། དམར་ཆུང་དམག་ནི་ཁྱེད་གི་རྗེས་སུ་འབྲངས། བཙན་བཟོ་ལོག་གསུམ་ཡོད་ཚད་མེད་པར་གཏོང་། འཛམ་གླིང་ཡོངས་སུ་ཅིས་ཀྱང་དར་དམར་བསྐྱོད5ཅེས་པ་སོགས་ཀྱི་གསར་བརྗེའི་ཡོ་ལང་ཆེ་བའི་དུས་ཡིན་ཙ་ན་རང་གྲོལ་ཁོང་ལ་ཁོར་ཡུག་དེའི་ཤུགས་རྐྱེན་མི་ཐེབས་པ་ག་ལ་སྲིད།

རང་གྲོལ་ཁོང་གིས་སྨྱུ་གུའི་གར་སྟབས་སྒྱུར་དུས་ནི་སྤྱི་ལོ1974ལོ་ནས་བཟུང་ཡིན་པ་འདྲ་སྟེ། སྤྱི་ལོ1973ལོའི་ཟླ7པ་ནས་སྤྱི་ལོ1974ལོའི་ཟླ3པའི་བར་དུ་ལྷ་སར་དངོས་སྦྱོང་དུ་ཕྱིན་ཅིང་། དེའི་འབྲས་རྟགས་སུ<<མཐོ་སྒང་གི་རླུང་འཚུབ་དམར་པོ>>ཞེས་པའི་རྩོམ་ཡིག་རིང་མོ་ཞིག་བྲིས་ཡོད་པར་གྲགས།6 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐད་ཡིག་ཚན་ཁག་བོད་ཡིག་འཛིན་གྲྭ་ནས་མཐར་ཕྱིན་ལ་ཉེ་སྐབས། ཁོང་དང་གཞན་སློབ་གྲོགས་གསུམ་པོས་ལིས་ཞིན་ཐེན་གྱིས་བརྩམས་ཤིང་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ1972ལོའི་ཟླ5པར་པར་དུ་བསྐྲུན་པའི<<འོད་འཚེར་བའི་སྐར་མ་དམར་པོ>>7ཞེས་པའི་རྒྱ་ཡིག་གི་དེབ་དེ་བོད་ཡིག་ཏུ་བསྒྱུར་ནས་མཐར་ཕྱིན་འབྲས་རྟགས་སུ་ཕུལ་འདུག་པ་དང་། བསྒྱུར་མཁན་དང་ཞུས་དག་གི་འགན་གཙོ་བོ་དེ་ཁོང་གིས་ཁུར་ཡོད་འདུག8

དེའི་འཕྲོར་སྤྱི་ལོ1977ལོར<<ཏ་ཆིན་གྱི་འཐབ་འཛིང་གླུ་དབྱངས—ཏ་ཆིན་བཟོ་པའི་སྙན་ངག་གཅེས་བསྡུས>>9བསྒྱུར་པ་དང་། ཡང་སྤྱི་ལོ1979ལོར<<གནམ་བདེ་སྒོ་མོའི་སྙན་ཚིག་འདྲ་བཤུས>>10ནང་། <<མཆི་མ་འཆོར་བཞིན་ཙུང་ལིའི་དགོངས་འདུན་འཛིན>>11ཞེས་པའི་སྙན་ཚིག་ལས་ཁག་བཅུ་པ་དང་བཅུ་གཅིག་པ། བཅུ་གཉིས་པ་བཅས་ཚན་པ་གསུམ་བསྒྱུར་པ12སོགས་གང་ལ་བལྟས་ནའངསྤྱི་ཚོགས་གསར་པའི་ནང་ལ་སྐྱེས་ཤིང་དར་དམར་འོག་ནས་འཚར་ལོངས་བྱུང་བའིགོ་རིམ་དང་གནས་སྟངས་དེ་གསལ་པོར་མངོན་འདུག

<<ལང་ཚོའི་རྦབ་ཆུ>>ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ཁོར་ཡུག་དམིགས་བསལ་བ་དེ་ལྟ་བུའི་འོག་ནས་བོད་ཡུལ་དུ་བལྟམས་པ་དང་། སྙན་ངག་གང་གི་དཔེ་ལྟ་སའང་གསར་བརྗེའི་སྙན་ཚིག་ཡིན་པ་བསྙོན་དུ་མེད་པའོ། །གསར་བརྗེའི་སྙན་ཚིག་གི་ཁྱད་ཆོས་གཙོ་ཆེ་ཤོས་ནི་ཁ་གཡང་ལྷང་ལྷང་སྒྲོག་པ་དང་འཐབ་འཛིང་གི་སྙིང་སྟོབས་ལྡན་པ། སྐུལ་སློང་རང་བཞིན་ཆེ་བ་སོགས་ཡིན་པ་ལ། <<ལང་ཚོའི་རྦབ་ཆུ>>ལ་ཏག་ཏག་གསར་བརྗེའི་ཡོན་ཏན་ནམ་ཁྱད་ཆོས་དེ་དག་ཆུ་ལ་ཆུ་བཞག་པ་ལྟར་ཚང་འདུག་པ་རེད།

དེ་ལྟ་ནའང་། བཟའ་རྒྱུ་རྩྭ་སྐྱ་ཡིན་ཡང་བཞོ་རྒྱུ་འོ་མ་ཡིན་པའི་དཔེ་བཞིན་རང་གྲོལ་ཁོང་གིས་གསར་བརྗེའི་སྙན་ཚིག་ལ་དཔེ་བལྟས་ཏེ་བརྩམས་པའི<<ལང་ཚོའི་རྦབ་ཆུ>>ནིའཇིགས་པ་མེད་པའི་སྙིང་སྟོབས་དང་། ཞུམ་པ་མེད་པའི་སྤོབས་པ། ཉམས་པ་མེད་པའི་ཟིལ་ཤུགས། འཛད་མཐའ་མེད་པའི་སྟོབས་ཤུགས13དང་བཅས་གངས་ཅན་ཡུལ་དུ་ཆིལ་ཆིལ་དུ་བབས་ཤིང་། <<ལང་ཚོའི་རྦབ་ཆུ>>ཡིམཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད14ཅེས་མི་རབས་གསར་པའི་སྐད་སྒྲ་ཐོག་མ་ཁ་བའི་ལྗོངས་སུ་ལྷང་ལྷང་གིས་བསྒྲགས་བྱུང་བ་རེད།

དེའི་རྐྱེན་གྱིས<<ལང་ཚོའི་རྦབ་ཆུ>>འདི་མཐར་གཏུགས་ན་སྐུ་ཞབས་རང་གྲོལ་ལགས་ཀྱི་བློ་ཁ་རང་རིགས་ལ་ཕྱོགས་ཤིང་། རྟོགས་པ་ནང་ཁོང་ནས་སད་པའི་འབྲས་རྟགས་ཡང་དག་ཏུ་ཁོ་བོས་འདོད་ལ། མ་ཟད། ཁ་ནང་འཁོར་གྱི་བློ་གྲོས་དང་རིག་སྟོབས་དེ་ལ་བརྟེན་ནས། <<ལང་ཚོའི་རྦབ་ཆུ>>དེ་ཉིད་རང་ཉིད་ཅན་དུ་བྱས་ཤིང་རང་གི་གཟུངས་གཞུག་ཡོད་པའི་སྙན་ངག་རང་མཚན་པ་ཞིག་ཏུ་གྲུབ་པར་བྱས་འདུག་པའོ། །

                                                                               

སྤྱི་ལོ2017ལོའི་ཟླ11པའི་ཚེས15ལ།

 

མཆན།

1 <<དག་ཡིག་གསར་བསྒྲིགས>>དག་བཅོས་མ་རུ། “གསར་བརྗེ”ཞེས་པར་གོ་དོན་གཉིས་བཀྲལ་འདུག་སྟེ། གཅིག་ནི་གཉའ་གནོན་མྱོང་མཁན་གྲལ་རིམ་གྱིས་དྲག་པོའི་སྒོ་ནས་སྲིད་དབང་ཕྲོགས་ཏེ། སྤྱི་ཚོགས་ཀྱི་ལུགས་སྲོལ་རུལ་སུངས་རྙིང་བ་རྣམས་བསྣུབས་ནས་སྤྱི་ཚོགས་ཀྱི་ལམ་ལུགས་གསར་པ་ཡར་ཐོན་ཞིག་འཛུགས་པའི་དོན་ཞེས་དང་། ཅིག་ཤོས་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མི་འཚམ་པའི་བྱ་དངོས་རྣམས་རྩ་བ་ནས་བཅོས་སྒྱུར་བྱེད་པའི་དོན་ཞེས་བཀྲལ་འདུག དེས་ན་སྔ་མ་ནི་ཆབ་སྲིད་གསར་བརྗེ་ལ་གོ་བ་དང་། ཕྱི་མ་ནི་བསམ་བློ་གསར་བརྗེ་ལ་གོ་ཡི་འདུག འདིར་བརྗོད་པའི“གསར་བརྗེ”ནི་ཀྲུང་གོའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་གཞི་བྱས་པའི་ཆབ་སྲིད་གསར་བརྗེ་དང་བསམ་བློ་གསར་བརྗེ། རིག་གནས་གསར་བརྗེ་བཅས་ལ་གོ་བའོ། །

2 <<ལྗང་བུ་དང་ཁོའི་སྙན་ངག་གི་བཞུད་ལམ>>ཞེས་པར་གསལ། བཅར་འདྲི་འདི་ནི་སྤྱི་ལོ2017ལོའི་ཟླ2པའི་ཚེས2ཉིན“རྫ་ཆུའི་རླབས་སྒྲ”ཡི་དྲ་ཚིགས་སྟེང་སྤེལ་འདུག http://sunzachu.gotoip1.com/bo/Interview/2017-02-02/845.html

3 པདྨ་འབུམ་གྱི<<དྲན་ཐོ་སྨིན་དྲུག་སྐེ་འཁྱོག>> བོད་ཀྱི་དུས་བབ་གསར་ཁང་། 2009ལོའི་པར་ཐེངས་གསུམ་པ། ཤོག་ངོས3པར་གསལ།

4 པདྨ་འབུམ་གྱི<<དྲན་ཐོ་སྨིན་དྲུག་སྐེ་འཁྱོག>> བོད་ཀྱི་དུས་བབ་གསར་ཁང་། 2009ལོའི་པར་ཐེངས་གསུམ་པ། ཤོག་ངོས7པར་གསལ།

5 མཚོ་སྔོན་ཞིང་ཆེན་སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་རྩོམ་སྒྲིག་ཙུའུ་ནས་སྒྲིག་སྒྱུར་བྱས་པའི<<མཚོ་སྔོན་ཞིང་ཆེན་སློབ་ཆུང་ཚོད་ལྟའི་སློབ་དེབ། སྐད་ཡིག  དེབ་དང་པོ>> མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། 1972ལོའི་ཟླ7པའི་པར། ཤོག་ངོས52ནས53བར་གསལ།

6 ཆོས་སྐྱོང་གི<<རང་གྲོལ་ཞིབ་འཇུག>> ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ5པའི་པར། ཤོག་ངོས125པར་གསལ།

7 དེབ་འདི1977ལོའི་ཟླ་དང་པོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་འདུག་པ་དང་། ལོ་ཙཱ་པའི་མཚན་བྱང་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐད་ཡིག་ཚན་ཁག་བོད་ཡིག་འཛིན་གྲྭའི་དོན་གཅིག་ལོའི་བཟོ་ཞིང་དམག་གི་སློབ་གྲྭ་པས་བསྒྱུར་ཞེས་འཁོད་འདུག

8 ཆོས་སྐྱོང་གི<<རང་གྲོལ་ཞིབ་འཇུག>> ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ5པའི་པར། ཤོག་ངོས126པར་གསལ།

9 དེབ་འདི་ནི་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གི1974ལོའི་ཟླ5པའི་པར་གཞི་དང་པོ་གཞིར་བཟུང་སྟེ་དོན་གྲུབ་རྒྱལ་དང་བོན་པོ་གཉིས་ཀྱིས་བསྒྱུར་འདུག་པ་དང་། 1977ལོའི་ཟླ12པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་འདུག

10 ཐུང་ཧོའེ་ཀྲོའུ་ཡིས་བསྒྲིགས་པའི<<གནམ་བདེ་སྒོ་མོའི་སྙན་ཚིག་འདྲ་བཤུས>> མི་རིགས་དཔེ་སྐྲུན་ཁང་། 1979ལོའི་ཟླ4པའི་པར།

11 བོད་འགྱུར་སྙན་ངག་འདི་ཐུང་ཧོའེ་ཀྲོའུ་ཡིས་བསྒྲིགས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས1979ལོའི་ཟླ4པར་པར་དུ་བསྐྲུན་པའི<<གནམ་བདེ་སྒོ་མོའི་སྙན་ཚིག་འདྲ་བཤུས>>ཀྱི་ཤོག་ངོས117ནས126བར་གསལ།

12 སྙན་ངག་ཚན་པ་འདི་གསུམ་པོ་ཐུང་ཧོའེ་ཀྲོའུ་ཡིས་བསྒྲིགས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས1979ལོའི་ཟླ4པར་པར་དུ་བསྐྲུན་པའི<<གནམ་བདེ་སྒོ་མོའི་སྙན་ཚིག་འདྲ་བཤུས>>ཀྱི་ཤོག་ངོས121ནས123བར་གསལ་བ་དང་། མི་རིགས་དཔེ་སྐྲུན་ཁང་གིས1997ལོའི་ཟླ8པར་པར་དུ་བསྐྲུན་པའི<<དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས>>ཀྱི་ཤོག་ངོས129ནས130བར་གསལ།

13 <<དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་དང་པོ། སྙན་ངག་ཕྱོགས་བསྒྲིགས>> མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ8པའི་པར། ཤོག་ངོས131པར་གསལ།

14 <<དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་དང་པོ། སྙན་ངག་ཕྱོགས་བསྒྲིགས>> མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ8པའི་པར། ཤོག་ངོས135པར་གསལ།