ཡུལ་གྱི་མིང་ལ་བར་མཚོ་ཟེར་བ་དང་དེ་བཞིན་ཡུལ་གྱི་ཆགས་སྟངས་ནི། སྤྱིར་འཛམ་གླིང་གི་ཡང་རྩེ་དང་རི་བོ་ཀུན་གྱི་རྒྱལ་པོ་ལྟ་བུ་ཇོ་མོ་གླང་མའི་ཉེ་འདབས་སུ་ཆགས་ཡོད། དེ་བཞིན་བར་མཚོའི་གཡས་གཡོན་ཀུན་མཐོ་ཞིང་བརྗིད་པའི་རི་བོས་བསྐོར་བ་དང་། དགུན་གྱི་དུས་སུ་རི་བོ་དེ་དག་གིས་ཡིད་དུ་འོང་བའི་གོས་དཀར་སྐྱ་ཐེང་ངེར་བཀླུབས་ཀྱི་ཡོད། དཔྱར་ཀའི་དུས་སུ་མཐའ་བཞིར་གནམ་མཁར་ཀ་བ་ལྟར་འགྱིང་བའི་རི་བོ་དེ་དག་གི་དབུ་རྩེ་རྣུམ་ཐེང་ངེར་མཆིས་པ་དང་། རི་འདབས་སོགས་སུ་བཅུད་ལྡན་གྱི་སྨན་རྩས་དྲི་གསང་འཐུལ་ཞིང་སྣ་ཚོགས་པའི་མེ་ཏོག་གི་ཟློ་གར་འཁྲབ་ཀྱི་ཡོད། ད་དུང་ཕ་ཡུལ་བར་མཚོའི་ཉེ་འཁྲེས་ཀུན་ནེའུ་སེང་གིས་ཡོངས་སུ་བཀླུབས་ཡོད་པས་དབྱར་དུས་ལྷ་ཡུལ་གྱི་བཀོད་པ་མི་ཡུལ་དུ་འཕོས་པ་ལྟ་བུ་ཡོད། དེ་ལས་ཀྱང་ཆེས་རིན་ཐང་ལྡན་པ་ནི་དབྱར་དགུན་སྟོན་དཔྱིད་མེད་པར། ཤང་ཤང་དུ་རྒྱུགས་པའི་ཆུ་བོ་དཀར་གཙང་པོ་རེད། ཆུ་བོ་དཀར་གཙང་པོ་ནི་བར་མཚོ་གྲོང་སྡེའི་ཉེ་འདབས་སུ་ཆགས་པའི་ནུབ་ལུང་གྲོང་སྡེའི་ཕུག་ནས་བཞུར་ཡོང་གི་ཡོད། མདོར་ན་བར་མཚོ་གྲོང་སྡེའི་ཕྱི་ཡི་བཀོད་པ་ནི་ལྷ་ཡུལ་གྱི་རྣམ་པ་མི་ཡུལ་དུ་འཕོས་པ་ལྟ་བུ་རེད།

དེ་ཡང་བར་མཚོ་ཞེས་པའི་ཡུལ་མིང་ཐོགས་སྟངས་ཐད་ལ་ངག་ཐོག་དང་ཡིག་ཐོག་གཉིས་ཀྱི་ཐོག་ནས་བཤད་སྲོལ་འདུག ལ་སྟོད་ལྷོ་ཁུལ་གྱི་སྔོན་བྱོན་མཁས་པའི་རྣམ་ཐར་དང་སློ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལ་ལ་སྟོད་ལྷོ་ཁུལ་བརྒྱུད་ནས་བསམ་ཡས་སུ་ཕེབས་སྐབས་དིང་རི་ལྷོ་ཁུལ་དུ་གྲོང་མི་ཇི་ཙམ་ཡོད་མེད་དང་ཡུལ་མིང་སོགས་བཤད་པའི་སྐབས་སུ་”ཆུ་དྲུག་གམ་མཚོ་དྲུག”ཅེས་པ་དེ་གསལ་གྱི་འདུག དཔེར་ན། ལ་སྟོད་ལྷོ་ཁུལ་གྱི་ཡིག་ཚགས་ཚད་ལྡན་ལ་སྟོད་པ་ཤེལ་དཀར་བ་ངག་སྐལ་ལྡན་རྒྱ་མཚོས་བརྩམས་པའི་༼ཤེལ་དཀར་ཆོས་འབྱུང་།༽ ནང་གི་ཤོག་གྲངས་༡༦ སྟིང་དུ་”ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་ཀ་མ་ལ་ཤཱི་ལ་བསམ་ཡས་སུ་གདན་དྲངས་པའི་ལམ་བར་ལ་སྟོད་ལྷོར་རུ་མཛད་དུས། དིང་རི་ར་ས་དམར་པོ་ན་སྦྲ་ཁྱིམ་པ་ཁ་ཡར་དང་ལྕགས་ཀྱི་ཁ་སྒང་ན་ལྷ་བཙུན་དར་མ་ཡེ་ཤེས་ཀྱི་ས་ཁང་གཅིག་ལས་མི་འདུག་ཅིང་། ཆུ་དྲུག་སྲི་ན་རྫ་མཁན་གྲོང་བདུན། བོང་ཤོད་ན་ནང་པ་སྤང་ཁང་པ། ཕ་དྲུག་ན་གསེར་པ་སྤེ་ཧྲུ་བ། ལྡིངས་ཀྱི་ཕུ་ན་ཡོད་ཟེར། གྲམ་མཚོ་ན་གཡག་མིག་དང་བཅས་པ་རྣམས་སུ་གྲོང་ཁ་ཤས་ལས་ཡུལ་གཞན་མ་ཆགས་པར་བཤད་ཅིང་། དེ་རྗེས་ཕ་དྲུག་དང་དིང་རིར་གྲོང་ཁྱེར་མང་རབས་ཆགས་འདྲ་བས་ཆོས་རྒྱལ་ཁྲི་སྲོང་གི་དམག་དེབ་ན་ཕ་དིང་གཉིས་ཡོད་དོ།།” ཅེས་པ་དེར་ཆུ་དྲུག་སྲི་ན་རྫ་མཁན་གྲོང་བདུན་ཞེས་གསལ་པོ་བསྟན་འདུག ད་དུང་ཡིག་ཚགས་དེ་ལས་ཆེས་ངོ་མཚར་བ་ཞིག་ནི་རྩོམ་པ་པོས་ཁོང་གི་ཁུངས་གཅོལ་སའི་ཡིག་ཚང་ནི་བོད་རྗེ་ཁྲི་སྲོང་སྐབས་ཀྱི་དམག་དེབ་ལས་དྲངས་པ་དེ་རེད། དེ་ལས་ཤེས་ཐུབ་པ་ནི་ངེད་གངས་ཅན་པའི་ལོ་རྒྱུས་རིག་པར་ཁ་བཀོང་ཆེད་དམག་དེབ་ཅེས་དེ་འཚོལ་ཐུབ་ན་ཕན་ཐོགས་ཆེན་ཡོང་བར་སྙམ།

ལར་ནས་སྔོན་གྱི་ཡིག་ཚང་རྙིང་པ་དག་ཏུ་གསལ་པའི་ཆུ་དྲུག་གམ་མཚོ་དྲུག་ནི། བར་མཚོ། ཆུ་དྲུག ཡོལ་གདོང་། གླིང་ནུབ། ཀོང་རྩ། ནུབ་ལུང་བཅས་ལ་ཟེར། བྱས་ན་ཅི་ཕྱེར་ཡུལ་ལུང་དེ་དག་གི་སྤྱི་མིང་ལ་ཆུ་དྲུག་གམ་མཚོ་དྲུག་ཟེར་རམ་ཞེ་ན། སྤྱིར་ལོ་ངོ་ས་ཡ་མང་པོའི་སྡོན་དུ་བོད་ཀྱི་ས་ཆ་ཁྱོན་ཡོངས་མཚོ་དང་ཆུ་ཕྲན་གྱི་རྣམ་པ་ཡིན་པ་ལོ་རྒྱུས་སྨྲ་བ་བྱིངས་ཀྱི་བཞེད་པ་གཅིག་རེད། གོང་བཞིན་བར་མཚོ་སོགས་ཀྱི་སྤྱི་མིང་ལ་ཆུ་དྲུག་གམ་མཚོ་དྲུག་ཅེས་ཐོགས་དོན་ཡང་ལོ་ས་ཡང་མང་པོའི་སྔོན་དུ་བར་མཚོའི་གཡས་གཡོན་དུ་མཚོ་དང་མཚོའུ་མང་པོ་ཡོད་པས་རེད་སྙམ། སྤྱིར་འགྲོ་བ་མི་རིགས་ཀྱི་འཚོ་སྡོ་ཀྱི་འཕེལ་རིམ་ནི་ཆུ་དང་ཆུ་ཕྲན་གྱི་འདབས་ངོགས་ལས་བྱུང་བར་བཞེད། དེ་བས་ན་རིམ་པས་ཆུ་དྲུག་གམ་ཆུ་ཕྲན་དག་གི་ངོགས་སུ་ཡང་བར་མཚོ་སོགས་ཀྱི་གདོད་མའི་མེས་པོ་དག་འཚོ་སྡོད་བྱས་པར་སྙམ། གཏམ་བརྒྱ་བཤད་ཀྱི་སྙིང་པོ་དོན་ཞེས་པ་ལྟར། བར་མཚོ། ནུབ་ལུང་། གླིང་ནུབ། ཆུ་དྲུག ཀོང་རྩ་སོགས་ནི་སྔོན་དུས་སུ་མཚོ་ཆེ་ཆུང་མི་འདྲ་བ་དྲུག་ཙམ་ཡིན་པ་དང་དེ་དག་གི་སྤྱི་མིང་ལ་སྔོན་གྱི་ཡིག་ཚང་དག་ཏུ་བྱུང་བ་ལྟར་ཆུ་དྲུག་གམ་མཚོ་དྲུག་ཅེས་པ་དེ་ཐོགས་པ་རེད།

དེ་བས་ན་བར་མཚོ་ཞེས་པ་ནི་མཚོ་དྲུག་ཏུ་མཆིས་པའི་དཀྱིལ་དུ་ཆགས་པས་བར་མཚོ་ཞེས་བྱུང་བར་སྙམ། དེ་གང་ནས་ཤེས་སམ་ཟེར་ན། མཚོ་དྲུག་ཏུ་གྲབས་པའི་ནུབ་ལུང་། གླིང་ནུབ། ཀོང་རྩ། ཡོལ་གདོང་། ཆུ་དྲུག་སོགས་ནི་བར་མཚོའི་ཤར་ལྷོ་ནུབ་བྱང་དུ་ཆགས་པའི་སྡེ་བ་ཤ་སྟག་ཡིན། དེ་དག་ནི་སྔོན་གྱི་ཡིག་ཚགས་ནང་དུ་གསལ་པ་ཙམ་མ་ཡིན་པར། དེང་གི་དུས་སུ་ཡང་ཀུན་གྱིས་མཐོང་ཐུབ་པ་སྟེ། མཚོ་དྲུག་ལས་གླིང་ནུབ་ནི་བར་མཚོའི་ཤར་ལྷོ་ནུབ་བྱང་ལས་ནུབ་ཏུ་ཆགས་པའི་གྲོང་སྡེ་ཞིག་ཡིན། དེ་བཞིན་ཡོལ་གདོང་སྡེ་པ་ནི་བར་མཚོའི་བྱང་གི་ཕྱོགས་སུ་ཆགས་པའི་གྲོང་སྡེ་ཞིག་ཡིན། གོང་བཞིན་ཀོང་རྩ་ནི་བར་མཚོའི་བྱང་ཤར་མཚམས་སུ་མཆིས་པའི་གྲོང་སྡེ་ཞིག་རེད། གོང་དང་ཅུང་མི་འདྲ་བ་ནི་ཆུ་དྲུག་གྲོང་སྡེ་ཞེས་པ་དེ་རེད། སྤྱིར་ཆུ་དྲུག་གྲོང་སྡེ་ནི་བར་མཚོའི་ལྷོ་ཕྱོགས་སུ་ཆགས་པའི་གྲོང་སྡེ་ཆུང་ཆུང་ཞིག་རེད། འོན་ཀྱང་དེར་བསམ་གཞིག་བྱེད་དགོས་ས་ཞིག་ཡོད་པ་ནི་སྤྱི་མིང་ཆུ་དྲུག་ཅེས་པ་གྲོང་སྡེ་བྱེ་བྲག་པ་ཞིག་གི་མིང་དུ་ཐོགས་དོན་གང་ཡིན་ནམ། སྤྱིར་བོད་པའི་ཡུལ་མིང་དང་ས་མིང་སོགས་ཐོགས་སྟངས་ལ་རིགས་དུ་མ་ཞིག་ཡོད། སྤྱི་མིང་བྱེ་བྲག་ལ་ཐོགས་པ་དང་བྱེ་བྲག་གི་མིང་སྤྱི་ལ་ཐོགས་པ་སོགས་བརྗོད་ཀྱིས་མ་ལང་པ་ཞིག་རེད།

དཔེར་ན།  ༡༽  སྤྱི་མིང་བྱེ་བྲག་ལ་ཐོགས་པ། ཞང་ཞུང་སྟེ་བོད་རྗེ་སྲོང་བཙན་གྱི་ཡར་སྔོན་དུ་རྒྱལ་ཕྲན་སྟོབས་ཤུགས་ཆེ་གྲས་ཤིག་རེད། ཞང་ཞུང་ལ་ཡང་སྒོ་ཕུག་བར་གསུམ་སོགས་ས་རྒྱ་ཤིན་ཏུ་ཆེ་བའི་རྒྱལ་ཕྲན་ཞིག་རེད། རྒྱལ་ཕྲན་དེ་དག་གི་སྤྱི་མིང་ལ་རུས་ཞང་ཞུང་ཡིན་པའི་མི་སྣས་སྲིད་དབང་འགྱུར་བ་དང་། དེ་བཞིན་དེ་ཡི་ཁུངས་སུ་གཏོགས་པའི་ཡུལ་འབངས་ལ་ཞང་ཞུང་བ་དང་། ཡུལ་མི་འཚོ་སྡོད་བྱེད་སའི་ཡུལ་ལུང་བྱིངས་ཀྱི་མིང་ལ་ཞང་ཞུང་ཞེས་སྤྱི་མིང་གི་ཚུལ་དུ་བཀོད་སྤྱོད་བྱས་པ་རེད། རེད་དེ། དུས་ཀྱི་འགྱུར་བ་དང་ལོ་རྒྱུས་ཀྱི་འཕོ་འགྱུར་དབང་གིས་སྔོན་གྱི་སྤྱི་མིང་ཞང་ཞུང་ཟེར་བ་དེང་གི་དུས་སུ་ཡུལ་ལུང་བྱེ་བྲག་པའི་མིང་དུ་འབོད། ཁ་གསལ་ཙམ་ཞུས་ན་སྔ་མོའི་སྤྱི་མིང་ཞང་ཞུང་ཟེར་བ་དེང་གི་དུས་སུ་ཡུལ་ལུང་བྱེ་བྲག་པ་སྟོད་མངའ་རིས་ཙམ་ལ་ངོས་འཛིན་བྱེད་ཀྱི་ཡོད།

༢༽  བྱེ་བྲག་གི་མིང་སྤྱི་ལ་ཐོགས་པ། དེང་གི་དིང་རི་ཞེས་པ་སྟེ་སྔོན་གྱི་སྐབས་སུ་དིང་རི་ཞེས་པ་ནི་ཡུལ་ལུང་བྱེ་བྲག་པ་རེ་གཉིས་ཀྱི་མིང་མིང་ཙམ་རེད། འོན་ཀྱང་དེང་གི་ཆར་ལ་སྟོད་ལྷོ་ཁུལ་ཕལ་མོ་ཆེ་ལ་དིང་རི་ཞེས་འབོད་ཤས་ཆེ་བ་ལྟ་བུ་དང་། དིང་རིའི་ལྷོ་གཞས་ཞེས་དིང་རི་ལྷོ་ཁུལ་བྱིངས་ཀྱི་ཚབ་མཚོན་པ་ལྟ་བུ་དང་། དེ་དང་ཕྱོགས་མཚུངས་ལྟ་བུར། བོད་ཅེས་པ་དེ་ཡང་སྔོན་གྱི་དུས་སུ་ཡར་ཀླུང་གཙོས་པའི་ལྷ་སའི་ཉེ་འདབས་ཀྱི་ཡུལ་མིང་ཡང་ན་རྒྱལ་ཁབ་ཀྱི་མིང་ཙམ་རེད། འོན་ཀྱང་ཕྱིས་སུ་བོད་རྗེ་སྲོང་བཙན་གྱིས་རྒྱལ་ཁང་ལྷོ་སར་སྤོས་པ་ནས་གཟུང་བོད་ཅེས་པ་དེ་ཡང་ངང་གིས་རྒྱ་ཇི་ཆེར་ཕྱིན་པ་སྟེ། ལྷ་སའི་གཡས་གཡོན་དུ་མཆིས་པའི་ཀོང་པོ་དང་དགས་པོ། དེ་བཞིན་སུམ་པ་ཞང་ཞུང་སོགས་མངའ་འོག་ཏུ་བསྡུས་པས་བོད་ཅེས་པའི་ཡུལ་མིང་བྱེ་བྲག་པ་དེ་བོད་ཡུལ་བྱིངས་ཀྱི་ཡུལ་མིང་དུ་ཐོགས་པ་ཙམ་མ་ཟད་བོད་རྒྱལ་ཁབ་ཀྱི་མིང་ཡང་བོད་ཅེས་པ་དེ་ཡིས་མཚོན་པར་བྱས་པ་ལྟ་བུ་རེད།

མཇུག་གཏམ།

ཞོ་བརྒྱ་དཀྲོག་གི་སྙིང་པོ་མར་ཞེས་པ་ལྟར། ཆུ་དྲུག་གམ་མཚོ་དྲུག་ཅེས་པ་ནི་ལ་སྟོད་ལྷོ་ཁུལ་གྱི་དིང་རི་གད་དམར་ཤང་གི་མངའ་འོག་ཏུ་མཆིས་པའི་ས་གནས་དེ་དག་ཡིན་པ་དང་། ས་གནས་དེ་དག་སྔོན་གྱི་དུས་སུ་མཚོ་ཆེ་ཆུང་མི་འདྲ་བ་དྲུག་བདུན་ཙམ་ཡིན་ཚོད་འདུག དེ་བས་ན་བར་མཚོ་ཞེས་པའི་ཡུལ་མིང་ཐོགས་སྟངས་ནི་སྤྱིར་བར་མཚོའི་གཡས་གཡོན་དུ་མཚོ་དུ་མ་ཆགས་པ་དང་། བར་མཚོ་གྲོང་སྡེ་ནི་གླིང་ནུབ་དང་ནུབ་ལུང་། ཆུ་དྲུག ཀོང་རྩ། ཡོལ་གདོང་སོགས་ཀྱི་དཀྱིལ་དུ་ཆགས་པས་ས་གནས་ཀྱི་ཆགས་སྟངས་ཀྱི་དབང་གིས་བར་མཚོ་ཞེས་ཡུལ་མིང་ཐོགས་པར་སྙམ།། །།

༢༠༡༧/༡༡/༡༥ ཉིན་བྲིས་པའོ།།