འཇོའུ་ལེ་ཡཱ་གྷེལ་ཧྥི་ཡི་གཏམ་བཤད། རྐ་འོད་ཟེར་གྱིས་བསྒྱུར།

ངས་འཁྱུག་ཙམ་ལ་ཁྱེད་ཚོ་དམག་འཁྲུག་དྲག་པོའི་ཁྲོད་ཀྱི་དམག་མི་རེ་ཡིན་པའི་མོས་པ་བྱེད་དུ་འཇུག་འདོད། ཁྱེད་རང་རཱོ་མན་རྐང་དམག་ཞིག་ཡིན་ཆོག་ལ། དུས་བར་མའི་མདའ་བ་ཞིག་གམ། ཡང་ན་རྫོས་ལོས་དཔའ་རྒོད་ཞིག་ཡིན་ཡང་འཐུས། དུས་ཚོད་དང་ས་གནས་ལ་མ་ལྟོས་པར་གནས་སྐབས་དེ་དག་དུ་ཡང་དང་སྐྱར་དུ་ཡོང་བ་ནི། ཁྱེད་ཀྱི་རང་སྲུང་གི་འདུ་ཤེས་མངོན་དུ་གྱུར་ཅིང་། ཁྱེད་ཀྱི་འགུལ་སྤྱོད་ཡོད་ཚད་རང་སྲུང་བྱེད་པ་དང་རང་ཕྱོགས་དགྲ་པོ་ལས་རྣམ་པར་རྒྱལ་དགོས་པའི་དྲན་ཚུལ་གཏིང་ཟབ་མོ་ཞིག་ལ་གཞིར་བཅོལ་ཡོད་པ་རེད།

ད་ཡང་ཁྱེད་ཚོ་སོ་ལྟ་བ་ཞིག་ཡིན་སྙམ་པའི་མོས་པ་སྔོན་དང་མི་འདྲ་བ་ཞིག་བྱེད་དུ་འཇུག་འདོད། སོ་ལྟ་བའི་ལས་འགན་ནི་ཕར་རྒོལ་དང་རང་སྲུང་བྱེད་རྒྱུ་དེ་མ་རེད། སོ་ལྟ་བའི་ལས་ཀ་ནི་རྒྱུས་ལོན་བྱེད་རྒྱུ་དེ་རེད། སོ་ལྟ་བ་ནི་ཕྱི་རུ་སོང་སྟེ་ས་བབས་ཆགས་ཚུལ་ས་ཁྲར་འདེབས་པ་དང་། གལ་གནད་ཆེ་བའི་འགོག་རྐྱེན་ཁག་ངོས་ཟིན་པར་བྱེད་རྒྱུ་དེ་རེད། དཔེར་ན། སོ་ལྟ་བས་ས་ཁུལ་དེའི་སྟབས་བདེ་སར་ཟམ་པ་ཞིག་ཡོད་པ་ཤེས་པའི་རེ་བ་བྱེད་སྲིད་མོད། སོ་ལྟ་བས་ཤེས་འདོད་པ་ནི་གང་ཐུབ་ཅི་ཐུབ་ཀྱིས་དོན་དངོས་ཅི་ཡིན་པ་རྙེད་རྒྱུ་དེ་རེད། དངོས་ཡོད་ཀྱི་དམག་དཔུང་ཞིག་གི་ནང་དམག་མི་དང་སོ་ལྟ་བ་གཉིས་ཀ་གལ་ཆེ་བ་ཡིན། འོན་ཀྱང་འདིར་ཁྱེད་ཀྱིས་མོས་པ་བཟུང་བ་དེ་གཉིས་ཀ ང་ཚོ་ཚང་མས་ཉིན་རེའི་འཚོ་བའི་ནང་གི་གནས་ཚུལ་དང་། བསམ་ཚུལ་མི་འདྲ་བར་རྒྱུས་ལོན་བྱེད་ཚུལ་ཏེ། སེམས་ཀྱི་འཛིན་སྟངས་ཤིག་ཡིན་པའི་དབང་དུ་བྱས་ནས་བསམ་བློ་གཏོང་ཆོག་པ་ཡིན། དེ་རིང་ངའི་བརྗོད་བྱ་ནི་དཔྱད་ཞིབ་ཡག་པོ་ཞིག་དང་། ཡང་དག་པའི་སྔོན་དཔཊ་ཞིག་གམ ཐག་གཅོད་ཡང་དག་པ་ཞིག་བྱེད་པ་ནི་རང་ཉིད་ཀྱི་བསམ་བློ་འཛིན་སྟངས་གང་གི་ཕྱོགས་སུ་ཡོད་པར་ཐུག་ཡོད་པ་དེ་ཡིན།

བསམ་བློའི་འཛིན་སྟངས་དེ་དག་བྱ་སྤྱོད་ངོས་ཀྱི་ཁྲོད་གསལ་པོར་སྟོན་ཆེད། ངས་ཁྱེད་ཅག་ཕྱིར་དུས་རབས་བཅུ་དགུ་བའི་ཧྥི་རན་སི་ལ་ཁྲིད་རྒྱུ་ཡིན། སྐབས་དེར་བལྟས་ཚོད་ཀྱིས་གནད་དོན་མེད་པ་ལྟ་བུའི་ཤོག་ལྷེ་ཞིག་གིས་ལོ་རྒྱུས་ཁྲོད་ཀྱི་སྲིད་དོན་རྙོག་གླེང་ཆེ་ཤོས་གཅིག་བྱུང་བ་རེད། ཤོག་ལྷེ་དེ་ནི 1894 ལོར་ཧྥི་རན་སིའི་ལས་བྱེད་སྤྱིར་བཏང་བ་འགས་རྙེད་པ་རེད། ཤོག་ལྟེ་དེ་རྩབ་ཧྲལ་དུ་རལ་ནས་ཤོག་སྙུགས་སྣོད་གཅིག་ཏུ་བླུག་ནས་ཡོད་པ་དང་། ལས་བྱེད་པ་དེ་དག་གིས་ཤོག་ཧྲུལ་དེ་སླར་མཐུད་པ་ན། ཁོང་ཚོའི་དམག་མིའི་ཁྲོད་ནས་སུ་ཞིག་གིས་དམག་གི་གསང་བ་ཕྱིར་བཙོང་གི་ཡོད་པ་ཤེས་རྟོགས་བྱུང་ནས། དེ་ལ་ཞིབ་འཇུག་གཞི་རྒྱ་ཆེན་པོ་ཞིག་བྱས་པ་དང་། མི་རིང་བར་ཁོ་ཚོ་ཨལ་ཧྥིར་ཊི་ཌ་ཧྥོས་སི་ཞེས་བའི་མི་ཞིག་ལ་དོགས་པ་སྐྱེས་བ་རེད། མི་དེས་སྔོན་ཆད་རྐུ་བྱས་མྱོང་ཡོད་པ་ལས་གཞན་བྱས་ཉེས་ཀྱི་ལོ་རྒྱུས་ཅི་ཡང་མེད་ཅིང་། དེ་བར་ལས་ཀ་ངན་པ་ཅི་ཡང་བྱེད་བརྩིས་ཡོད་པ་ཁོ་ཚོར་བཤད་རྒྱུ་ཅི་ཡང་མེད་པ་རེད། འོན་ཀྱང་སྟབས་ཉེས་པ་ཞིག་ལ་སྐབས་དེར་ཌ་ཧྥོས་སི་ནི་དམག་སྡེ་དེའི་ནང་གི་འཇིའུ་མི་རིགས་གཅིག་པུ་དེ་ཡིན་པ་དང་། ཧྥི་རན་སིའི་དམག་མི་ཚོ་འཇིའུ་མི་རིགས་ལ་སྡང་ཟུག་ཆེན་པོ་ཡོད་པ་རེད། ཁོ་ཚོས་ཌ་ཧྥོས་སིའི་ཡིག་གཟུགས་ཤོག་ལྷེ་དེའི་ངོས་ཀྱི་ཡིག་གཟུཊ་དང་བསྡུར་བ་དང་། ཡིག་གཟུཊ་ཆེད་མཁས་མི་སྣས་ཡིག་གཟུཊ་དེ་གཉིས་འདྲ་མཚུངས་དེ་ཙམ་མེད་པར་མཐོང་ཡང་། དམག་མི་ཚོས་དེ་ནི་ཌ་ཧྥོས་ཀྱི་ཡིག་གཟུཊ་ཡིན་པའི་མཇུག་སྡོམ་བརྒྱབ་པ་རེད། གསང་ཉུལ་དཔང་རྟཊ་འཚོལ་ཆེད་ཁོ་ཚོས་ཌ་ཧྥོས་ཀྱི་ཁང་པར་སྔོགས་བཤེར་བྱས་པ་དང་། ཁོའི་ཡིག་ཆ་ཚང་མ་སྔོགས་ཀྱང་ཅི་ཡང་མ་རྙེད་པ་རེད། གནད་དོན་འདིས་ཁོ་ཚོར་ཌ་ཧྥི་སི་ནི་ནག་ཉེས་ཅན་ཡིན་པ་མ་ཟད། ཧ་ཅང་ལྐོག་གཡོ་ཅན་ཞིག་ཀྱང་ཡིན་པས་ཁོ་ཚོས་དཔང་རྟཊ་དག་མ་རྙེད་གོང་ལ་ཁོས་དེ་ཚོ་གཙང་དག་བྱས་ནས་སྦས་སྐུང་བྱས་པར་ཡིད་ཆེས་ཆེ་རུ་ཕྱིན་པ་རེད།

དེའི་རྗེས་ཁོ་ཚོས་ནག་ཉེས་ཞིབ་ཕྲ་འཚོལ་ཆེད་ཌ་ཧྥོས་སིའི་མི་སྒེར་གྱི་ལོ་རྒྱུས་ལ་རྟག་དཔྱད་བྱས་པ་རེད། ཁོ་ཚོས་ཁོའི་དགེ་རྒན་ལ་སྐད་ཆ་འདྲི་སྐབས་ཁོས་ཕྱི་རྒྱལ་གྱི་སྐད་ཡིག་སྦྱངས་ཡོད་པ་ཤེས་རྟོཊ་བྱུང་བ་དང་། ཁོ་ཚོར་མཚོན་ན། དེས་ཁོ་ལ་རྗེས་སུ་མི་ཚེའི་ནང་ཕྱི་རྒྱལ་གྱི་སྲིད་གཞུང་ལ་ལྐོག་འབྲེལ་བྱེད་འདོད་ཡོད་པ་གསལ་བོ་བསྟན་པ་རེད། ད་དུང་དགེ་རྒན་དེ་ལས་ཌ་ཧྥོས་སི་ལ་དྲན་འཛིན་ཡག་པོ་ཚུལ་གོ་བ་རེད། དེ་ནི་ཧ་ཅང་དོགས་པ་སློང་བ་ཞིག་མ་རེད་དམ། རྒྱུ་མཚན་ནི་གསང་ཉུལ་བ་ཞིག་ལ་མཚོན་ན་གནས་ཚུལ་མང་པོ་ཞིག་དྲན་དགོས་པ་རེད།

དེར་བརྟེན་ཁྲིམས་ར་འཚོཊ་ནས་ཌ་ཧྥོས་སི་ཉེས་ཅན་ཡིན་པ་ཐག་བཅད་པ་དང་། དེའི་རྗེས་ཁོ་ཚོས་ཁོ་མི་མང་འཛོམས་སའི་བཞི་མདོར་ཁྲིད་ཅིང་། ཆོ་ག་ལྟར་ཁོའི་སྒྲིག་ཆས་ལས་དམག་རྟཊ་རལ་བ་དང་། ཁོའི་རལ་ཁྲི་དུམ་བུ་གཉིས་སུ་བཅག་པ་རེད། འདི་ལ་ཌ་ཧྥོས་སི་དམའ་འབེབ་ཞེས་གྲཊ། ཁོ་ཚོས་ཌ་ཧྥོས་སི་ཚེ་བཙོན་ལ་བཅུག་ཅིང་། ས་དེའི་མིང་ལ་བདུད་ཀྱི་གླིང་ཕྲན་ཞེས་བཏཊ། ས་དེ་ནི་བྲག་གོག་སྐམ་པོས་གྲུབ་པའི་ཨ་རིའི་ལྷོ་རྒྱུད་མཚོ་འགྲམ་ཞིག་ཡིན། ཌ་ཧྥོས་སི་ས་དེར་སོང་ནས་གཅིག་པུར་ཁོའི་ཉིན་མཚན་ཐ་དག་ཧྥི་རན་སི་གཞུང་ལ་ཁོའི་གྱོད་དོན་སྐྱར་ཞིབ་བྱེད་པའི་རེ་ཞུ་འབྲི་བ་དང་། གྱོད་དོན་སྐྱར་ཞིབ་བྱས་ན་ཁོ་ལ་ནག་ཉེས་མེད་པ་རྟོཊ་པའི་ཡི་གེ་རྐྱང་རྐྱང་བྲིས་ནས་བསྐྱལ་བ་རེད། འོན་ཀྱང་ཧྥ་རན་སིས་དེ་ནི་མཇུག་སྒྲིལ་ཟིན་པའི་གནད་དོན་ཞིག་ལ་བརྩིས་པ་རེད།

ཌ་ཧྥོས་སིའི་གནད་དོན་སྐོར་ནས་ང་རང་ཆེས་ཡ་མཚན་པ་ནི། ལས་བྱེད་པ་དེ་ཚོས་ཌ་ཧྥོས་སི་ཉེས་ཅན་ཡིན་པར་དེ་འདྲའི་ཡིད་ཆེས་ཤིག་ཡོད་དོན་ཅི་ཡིན་ནམ་སྙམ་པ་དེ་ཡིན། ངས་བཤད་འདོད་པ་ནི་ཁྱེད་ཀྱིས་ལས་བྱེད་པ་དེ་ཚོས་ཆེད་དམིཊ་ཀྱིས་ཁོ་ནག་པོ་བཟོས་པ་རེད་དྲན་སྲིད་མོད། ལོ་རྒྱུས་ཆེད་ཞིབ་པ་རྣམས་ཀྱིས་གནད་དོན་དེ་འདྲ་ཞིག་མིན་པར་བཤད། ང་ཚོས་བཤད་ཐུབ་པ་ཞིག་ལ་ལས་བྱེད་པ་དེ་ཚོས་དངོས་གནས་ཌ་ཧྥོས་ཀྱི་གྱོད་དོན་དེ་ནི། ཧ་ཅང་གསལ་པོ་ཡིན་པར་ཡིད་ཆེས་བྱས་ཡོད་པ་དེ་རེད། འདིས་ཁྱེད་ལ་བསམ་བློ་གཏོང་རྒྱུ་ཞིག་སྟེར་བ་སྟེ། མིའི་སེམས་ནི་འདི་ལྟ་བུའི་དཔང་རྟཊ་ནུས་མེད་ཞིག་གིས་ཀྱང་མི་ཞིག་ཉེས་ཅན་ཡིན་པ་ཡིད་ཆེས་སུ་འཇུག་ཐུབ་པ་མ་ཡིན་ནམ་སྙམ་པར་བྱེད་པ་དེ་རེད།

རེད་ཡ་ཚན་རིག་པས་འདི་ལ་ཚོར་བ་དང་འདྲེས་པའི་རྒྱུ་མཚན་ཞེས་འབོད་ཅིང་། འདི་ནི་ང་ཚོའི་འདུ་ཤེས་ཀྱི་སྦུགས་སུ་བག་ལ་ཉལ་བའི་མངོན་འདོད་དང་འཇིཊ་སྣང་སོཊ་སྟེ། ང་ཚོས་གནས་ཚུལ་རྣམས་ལ་འགྲེལ་བཤད་བྱེད་སྟངས་གྲུབ་ཚུལ་དེ་ཡིན། གནས་ཚུལ་འགའ་ཤས་དང་བསམ་ཚུལ་འགའ་ཤས་ཀྱི་ཐད་ལ། ང་ཚོས་རང་ཉིད་དེའི་མཐུན་ཕྱོཊ་ལྟ་བུར་ཚོར་ཞིང་། དེ་དག་ལ་རྒྱལ་ཁ་ཐོབ་ན་འདོད་ཅིང་དེ་ལ་རྒྱབ་སྐྱོར་བྱེད་འདོད་པ་ཡིན། ཡང་གནས་ཚུལ་གཞན་དང་བསམ་ཚུལ་གཞན་དག་ང་ཚོའི་དགྲ་ལྟར་ལྟ་བ་དང་། ང་ཚོས་དེ་དག་ཕམ་པར་རྒྱག་འདོད་པ་རེད། དེ་འདྲ་ཡིན་སྟབས་ངས་དེ་ལ་ཚོར་བ་དང་འདྲེས་བའི་རྒྱུ་མཚན་ནམ་དམག་མི་ལྟ་བུའི་སེམས་ཀྱི་འཛིན་སྟངས་ཞེས་འབོད་ཀྱི་ཡོད།

ངས་ཚོད་དཔག་བྱས་ན་ཁྱེད་ཚོས་ཧྥི་རན་སུ་འཇིའུ་ཆོས་དད་ཅན་གྱི་ལས་བྱེད་པ་ཞིག་གིས་རྒྱལ་ཚོང་གི་ལས་ཀ་ཚབ་ཆེན་བྱས་པར་མནར་གཅོད་བཏང་མྱོང་ཡོད་རྒྱུ་མ་རེད། འོན་ཀྱང་ཕལ་ཆེར་ཁྱེད་ཅག་གིས་རྩེད་འགྲན་དང་། སྲིད་དོན་ལས་འགུལ་ཁྲོད་ཆ་ཤས་བླངས་ཡོད་སྲིད་ཀྱི་རེད། དེ་འདྲ་ཡིན་སྟབས་དཔེར་ན། རྩེད་འགྲན་དཔང་པོ་བྱེད་མཁན་གྱིས་ཁྱེད་ཀྱི་རི་ཁག་གིས་ནོར་འཁྲུལ་ཤོར་བའི་ཐག་གཅོད་བྱས་ཚེ། ཁྱེད་ལ་དེ་ཅི་ལྟར་ནོར་འཁྲུལ་ཡིན་པ་ཞིབ་འཇུག་བྱེད་འདོད་ཧ་ཅང་ཆེན་པོ་ཡོད་པའི་དོ་སྣང་བྱུང་ཡོད་སྲིད། འོན་ཀྱང་རྩེད་དཔང་གིས་ཁྱེད་ཀྱི་རི་ཁག་གི་ཁ་གཏད་རི་ཁག་གིས་ནོར་འཁྲུལ་ཤོར་བའི་ཐག་གཅོད་བྱས་ཚེ། དེ་ནི་ཧ་ཅང་ཡག་པོ་བྱུང་བ་རེད། དེ་ནི་ཐག་གཅོད་ཧ་ཅང་ཡག་པོ་ཞིག་རེད། དེ་ལ་དཔྱད་ཞིབ་དེ་ཙམ་ནན་པོ་བྱེད་མི་དགོས་པ་རེད། ཡང་ན་ཁྱེད་ཅག་གིས་རྩོད་རྙོག་ཡོད་པའི་སྲིད་ཇུས་དཔེར་ན། སྲོག་ཁྲིམས་གཅོད་པའི་སྲིད་ཇུས་ལྟ་བུའི་སྐོར་གྱི་རྩོམ་ཡིག་དང་ཞིབ་འཇུག་དེ་འདྲ་བཀླཊ་མྱོང་ཡོད་སྲིད། ཞིབ་འཇུག་པ་ཚོས་གསལ་སྟོན་བྱས་པ་ལྟར་ན། གལ་ཏེ་ཁྱོད་སྲོག་ཁྲིམས་གཅོད་པའི་སྲིད་ཇུས་ལ་རྒྱབ་སྐོར་ཡོད་མཁན་ཞིག་ཡིན་ཚེ། ཞིབ་འཇུག་གྲུབ་དོན་དུ་སྲོག་གཅོད་ཉེས་ཆད་ནི་ནུས་མེད་ཀྱི་སྲིད་ཇུས་ཞིག་ཡིན་པར་བསྟན་ཡོད་ན། ཁྱོད་ལ་ཞིབ་འཇུག་འདིར་འཆར་འགོད་ཅི་ཙམ་སྐྱོ་བོ་བྱས་ཡོད་མེད་ཤེས་འདོད་ཆེན་པོ་ཡོད་པ་དང་། གལ་ཏེ་ཞིབ་འཇུག་ཁྲོད་སྲོག་ཁྲིམས་གཅོད་པའི་སྲིད་ཇུས་ནི། ཕན་ཐོགས་ཡོད་པའི་སྲིད་ཇུས་ཤིག་ཡིན་པ་བསྟན་ཡོད་ཚེ། ཁྱོད་ཀྱིས་དེ་ནི་ཞིབ་འཇུག་ཧ་ཅང་ཡག་པོ་ཞིག་ཡིན་པར་འདོད་པ་རེད། གལ་ཏེ་ཁྱོད་རང་སྲོག་ཁྲིམས་གཅོད་པའི་སྲིད་ཇུས་ལ་མོས་འཐད་མེད་ཚེ། དེའི་ལྡོག་ཕྱོགས་ཡིན་པ་གཅིག་མཚུངས་ཡིན།

ང་ཚོས་ཅི་ཞིག་ཐག་གཅོད་བྱེད་པ་ནི། རང་བཞིན་གྱིས་འུ་ཅག་གིས་ཕྱོཊ་ཅི་ཞིག་ནི། ཕྱོགས་གཞན་ཞིག་ལས་རྣམ་པར་རྒྱལ་ན་འདོད་པས་ཤུཊ་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། འདིས་ང་ཚོའི་བསམ་བློ་གཏོང་སྟངས་དང་། ང་ཚོའི་འཕྲོད་བསྟེན། ང་ཚོ་ཕན་ཚུན་བར་གྱི་འབྲེལ་བ། ང་ཚོས་ཅི་ལྟར་འོས་འདེམ་ཐག་གཅོད་བྱེད་པ། ང་ཚོས་ཅི་ཞིག་དྲང་བདེན་དང་། ཅི་ཞིག་ནི་སྤྱོད་ལམ་འགྲིག་དང་མ་འགྲིག་ལ་བརྩི་བར་ཤུཊ་རྐྱེན་ཧ་ཅང་ཆེན་པོ་སྟེར་བ་རེད། ཚོར་བ་དང་འདྲེས་པའི་རྒྱུ་མཚན་ནམ། དམག་མི་ལྟ་བུའི་སེམས་ཀྱི་འཛིན་སྟངས་ཀྱི་ཐད་ང་ཆེས་སྐྲག་ས་ནི། དེ་ནི་ཅི་འདྲའི་ང་ཚོའི་ཤེས་བཞིན་གྱིས་མ་ཟིན་ཞིང་བློ་བག་ལ་ཉལ་ཞིག་ཡིན་པ་དེ་རེད། ང་ཚོས་ཉེས་མེད་ཉམས་ཆུང་མི་ཞིག་གི་འཚོ་བར་གཏོར་བརླག་གཏོང་བཞིན་ད་དུང་། ང་ཚོ་ནི་རྒྱུ་མཚན་དང་གནས་ལུཊ་གཞིར་འཇོག་མཁན་ཞིག་དང་བློ་གཟུར་པོར་གནས་པ་ཞིག་ཡིན་བསམ་ཐུབ་པ་རེད།

གང་ལྟར་ཌ་ཧྥོས་སིར་སྟབས་ལེགས་པ་ཞིག་ལ་ཁོའི་གཏམ་རྒྱུད་རྫོགས་མེད་པ་སྟེ། ཁོ་ལོན་ཕེག་ཁེར་ཊི་ཟེར་བའི་ཧྥི་རན་སིའི་དམག་མི་གོ་གནས་མཐོན་པོ་ཅན། མི་མང་ཆེ་བ་ལྟར་མ་མཐའ་ཡང་མཚམས་རེར་འཇིའུ་ལ་མི་དགའ་བ་དང་། ཌ་ཧྥོས་སི་ཉེས་ཅན་ཡིན་པར་འདོད་མཁན་ཞིག་གིས། “གལ་ཏེ་ང་ཚོ་ཌ་ཧྥོས་སི་སྐོར་ལ་ནོར་ན་ཡོད་ན།” ཞེས་གནད་དོན་ངེས་ཅན་ཞིག་གི་ཐད་དོགས་པ་ཟ་འགོ་ཚུཊ་པ་རེད། གནད་དོན་ཅི་བྱུང་བ་རེད་ཟེར་ན། ཐ་ན་ཌ་ཧྥོས་སི་བཙོན་དོན་དུ་བཅུག་པའི་རྗེས་སུ་ཡང་འཇར་མན་གྱི་གསང་ཉུལ་དོན་རྐྱེན་དེ་མུ་མཐུད་ཡོད་པ་ཁོ་ལ་དཔང་རྟཊ་རྙེད་པ་རེད། མ་ཟད། དམག་མིའི་ནང་སྔོན་གྱི་ཤོག་ལྷེ་དེའི་ཐོག་གི་ཡིག་གཟུཊ་ཇི་མ་ཇི་བཞིན་ཡིན་ཞིང་། ཌ་ཧྥོས་སིའི་ཡིག་གཟུགས་ལས་དེ་ལ་ལྷག་པར་འདྲ་བའི་ལས་བྱེད་པ་ཞིག་ཡོད་པ་རྟོགས་པས། ཁོས་དཔང་རྟཊ་དེ་དག་གོང་གི་དཔོན་པོ་དག་གི་མདུན་དུ་ཁྱེར་བ་རེད། འོན་ཀྱང་ཁོ་བློ་ཕམ་པ་ཞིག་ལ་དཔོན་པོ་ཚོས་དེ་ལ་སྣང་མེད་བྱེད་པ་འམ། ཁོ་ལ་ཕེག་ཁེར་ཊི་ཁྱེད་ཀྱིས་བསྟན་པ་ནི། ཌ་ཧྥོས་སིའི་རྗེས་སུ་ཁོའི་ཡིག་གཟིཊ་ཇི་བཞིན་འབྲི་ཐུབ་པའི་གསང་ཉུལ་བ་ཞིག་གིས་ཌ་ཧྥོས་སིའི་གསང་ཉུལ་ལས་ཀ་མཇུག་མཐུད་ཀྱི་ཡོད་པ་དེ་རེད་ཅེས་ཁོས་བསྟན་པའི་དཔང་རྟཊ་ལ་རྒྱས་འགྲེལ་བྱས་པ་རེད་ལ། ཌ་ཧྥོས་སི་ནི་མུ་མཐུད་ཉེས་ཅན་དུ་ལྷག་པ་རེད། མཐར་ཕིག་ཁེར་ཊིས་ཌ་ཧྥོས་སི་ལ་ཉེས་པ་མེད་པ་རྭ་སྤྲོད་བྱེད་ཐུབ་པ་བྱུང་མོད། དེའི་ཆེད་དུ་ཁོས་ལོ་བཅུ་གཏོང་དགོས་བྱུང་ཞིང་། ལོ་བཅུའི་ཕྱེད་ཙམ་གྱི་རིང་ལ་ཁོ་རང་ཡང་དམག་མིར་བློ་མི་དཀར་བའི་ཉེས་མིང་འོག་བཙོན་དུ་འདུག་དགོས་བྱུང་བ་རེད།

མི་མང་པོ་ཞིག་གིས་ཕིག་ཁེར་ཊི་ནི་འཇིའུ་ལ་མི་དགའ་བས་ཁོ་ནི་གཟེངས་སུ་ཐོན་པའི་མི་ཞིག་མིན་པར་འདོད་པ་རེད། ཁོ་འཇིའུ་ལ་མི་དགའ་བ་དེ་མི་ལེཊ་པ་ཞིག་རེད་དེ་ངས་ངོས་ལེན་ཡོད་མོད། ང་མི་སྒེར་ལ་མཚོན་ན། ཁོ་འཇིའུ་ལ་མི་དགའ་མཁན་ཞིག་ཡིན་པའི་དོན་དངོས་དེས། ཁོས་ལས་ཀ་ཅི་ཞིག་བསྒྲུབས་པ་ནི་ཧ་ཅང་བསྔཊ་པར་འོས་པ་ཞིག་ཏུ་བཏང་ཡོད་དེ། ཁོ་ལ་ཁོང་གི་ལས་རོཊ་ཚོ་བཞིན་ཕྱོགས་ལྷུང་གི་ལྟ་ཚུལ་དང་། འཐེན་ཁྱེར་བྱེད་པའི་རྒྱུ་མཚན་འདྲ་མཚུངས་སུ་ཡོད་ཀྱང་། ཁོའི་འདུན་པ་ནི་བདེན་པ་འཚོལ་འདོད་དང་། དེ་ལ་རྒྱབ་སྐྱོར་གྱིས་ཡོངས་སུ་རྒྱལ་ཁ་ཐོབ་དུ་འཇུག་འདོད་པ་དེ་རེད།

དེར་བརྟེན་ང་ལ་མཚོན་ན་ཕིག་ཁེར་ཊི་ནི། ངས་སོ་ལྟ་བ་ལྟ་བུའི་སེམས་ཀྱི་འཛིན་སྟངས་ཟེར་བའི་དཔེ་མཚོན་ཞིག་རེད། དེ་ནི་ང་ཚོས་བསམ་ཚུལ་ཕྱོཊ་གཅིག་རྒྱལ་དགོས་པ་དང་། ཕྱོཊ་གཅིག་ཕམ་དགོས་པར་མི་འདོད་བྱེད་ཀྱི་སྐུལ་ཤུགས་ཡིན་ལ། དེ་ནི་ཐ་ན་གནས་སྟངས་གང་ཞིག་ནི་ཡིད་དུ་མི་འོངས་བ་ཞིག་དང་། བློར་མི་འབབ་པ་ཞིག དགའ་སྤྲོ་མེད་པ་ཞིག་ཡིན་ཡང་། དེའི་ཐད་དྲང་པོ་དྲང་བཞག་དང་གང་ཐུབ་ཅི་ཐུབ་ཀྱིས་ཡང་དག་པ་ཞིག་ཡོང་ཐབས་ཀྱིས་གནས་ཚུལ་དངོས་ཅི་ཞིག་ཡིན་པར་བལྟ་བའི་སྐུལ་ཤུགས་ཤིག་ཡིན་པ་རེད། སེམས་ཀྱི་འཛིན་སྟངས་འདི་ནི་ང་མི་སྒེར་གྱི་དགའ་ཕྱོཊ་ཤིག་ཡིན། ངས་འདས་པའི་ལོ་འགས་ཤས་རིང་སོ་ལྟ་བ་ལྟ་བུའི་སེམས་ཀྱི་རྒྱུ་རྐྱེན་ཅི་ཞིག་ཡིན་པའི་ཐད་རྟག་དཔྱད་དང་ཞིབ་འཇུག་བྱས་པ་ཡིན། ཅིའི་ཕྱིར་མི་འགལ་ཤས་ཀྱིས་མ་མཐའ་ཡང་མཚམས་རེར་གང་ཐུབ་ཅི་ཐུབ་ཀྱིས་རང་ཕྱོགས་དང་། རང་གི་འཐེན་ཕྱོཊ། རང་གི་འདོད་མོས་བཅས་དོར་ནས། དངོས་ཡོད་དང་དཔང་རྟཊ་ཅི་ཡོད་པའི་ངོས་ནས་མཐོང་ཐབས་བྱེད་ཐུབ་སོང་བ་རེད་དམ་ཞེ་ན།

ལན་ནི་དམག་མི་ལྟ་བུའི་སེམས་དེ། རང་གི་རིཊ་ལ་སྲུང་སྐྱོབས་བྱེད་པའི་འདུ་ཤེས་དང་ཚོར་བའི་ཐོག་གཞི་བཅོལ་ཡོད་པ་བཞིན། སོ་ལྟ་བ་ལྟ་བུའི་སེམས་ཡང་འདུ་ཤེས་འཛིན་སྟངས་དང་ཚོར་བར་གཞི་བཅོལ་ཡོད་པ་རེད། དེ་གཉིས་ནི་ཚོར་བ་མི་འདྲ་གཉིས་ཀྱི་ཐོག་གཞི་བཅོལ་ཡོད་པ་ཙམ་ཡིན། དཔེར་ན། སོ་བ་ལྟ་བུའི་སེམས་ནི་ཤེས་འདོད་ཆེ་བ་ཞིག་ཡིན། སོ་ལྟ་བ་ལྟ་བུའི་སེམས་ཀྱི་འཛིན་སྟངས་ཡོད་མཁན་དག་ནི། གནས་ཚུལ་གསར་བ་ཤེས་རྟོཊ་བྱེད་པར་ལྷག་པར་སྤྲོ་བ་ལྟ་བུ་ཞིག་ཡིན། ཡང་ན་གནད་དོན་ཞིག་གྲོལ་བར་ཟ་འཕྲུག་ལངས་མཁན་ཞིག་ཡིན། ཁོ་ཚོ་ནི་རང་ཉིད་ཀྱི་འདོད་ཚུལ་དང་འགལ་ཟླར་འགྲོ་བའི་གནས་ཚུལ་དང་ཕྲད་པར་དབྱིངས་ཡོད་པ་ལྟ་བུ་ཞིག་ཡིན། སོ་ལྟ་བ་ལྟ་བུའི་སེམས་ཀྱི་འཛིན་སྟངས་ཅན་དག་ལ་རིན་ཐང་ལྟ་བ་ཡང་མི་འདྲ་བ་ཡོད་པ་རེད། ཁོ་ཚོས་རང་ཉིད་ཀྱི་འདོད་ཚུལ་ལ་རྟག་དཔྱད་བྱེད་པ་ནི་འགྲིག་པ་ཞིག་དང་། མི་ཞིག་གིས་རང་གི་འདོད་ཚུལ་ལ་འགྱུར་བ་གཏོང་བ་དེས་མི་དེ་ནུས་མེད་ཞིག་ཡིན་པ་མི་མཚོན་པར་འདོད་པ་དེ་རེད། དེ་ལས་ཀྱང་གལ་ཆེ་བ་ནི། སོ་ལྟ་བ་ལྟ་བུའི་སེམས་ཀྱི་འཛིན་སྟངས་ཡོད་པའི་མི་དག་གིས་རང་ཉིད་མི་ཞིག་ཡིན་པའི་རིན་ཐང་དེ། རང་ཉིད་བརྗོད་གཞི་དམིཊ་བསལ་བ་གང་ཡང་རུང་བ་ཞིག་གི་ཐད་ཅི་ཙམ་ནོར་ཡོད་པ་དང་། ཅི་ཙམ་འགྲིག་ཡོད་པས་བཅིངས་མེད་པ་དེ་རེད། དེར་འདྲ་ཡིན་སྟབས་ཁོ་ཚོས་ལུས་ཁྲིམས་གཅོད་པ་ནི་ཕན་ནུས་ཅན་ཞིག་ཡིན་པར་ཡིད་ཆེས་བྱེད་སྲིད་ལ། ཞིབ་འཇུག་གྲུབ་དོན་དུ་དེ་ནི་ནོར་བ་ཞིག་ཡིན་པར་ཐོན་ཚེ། ཁོ་ཆོས “འོ་ང་ནོར་ཡོད་པ་འདྲ། འོན་ཀྱང་དེས་ང་ནི་མི་ངན་ཞིག་དང་ཅོལ་ཆུང་ཞིག་ཡིན་པ་མི་མཚོན།” ཞེས་ཟེར་ཐུབ་པ་ཡིན།
ཞིབ་འཇུག་པ་རྣམས་ཀྱིས་རང་གཤིས་དེ་ལྟ་བུས་དཔྱད་ཞིབ་ཡག་པོ་ཞིག་བྱེད་ཐུབ་པར་རྟོཊ་ཡོད་ལ། ངས་ཀྱང་རྒྱུ་མཚན་མང་པོར་བརྟེན་ནས་དེ་ལྟར་ཡིན་པར་ཤེས་བྱུང་། རང་གཤིས་དེ་དག་གི་ཐད་ངས་ཁྱེད་ཚོར་གནད་དོན་ཞིག་འཇོག་འདོད་པ་ནི། དེ་ལྟ་བུའི་རང་གཤིས་དེ་ནི་རྩ་བའི་ཆ་ནས་ཁྱེད་རང་ལ་སྤྱང་གྲུང་ཅི་ཙམ་ལྡན་མིན་དང་། ཁྱེད་ལ་ཤེས་ཡོན་ཅི་ཙམ་ཡོད་མེད་ལ་ཐུག་མེད། དེ་ནི་སྤྱང་གྲུང་དང་འབྲེལ་བ་ཞིག་གཏན་ནས་མ་རེད། དེ་ནི་ཁྱེད་ཀྱི་འདུ་ཤེས་འཛིན་སྟངས་དང་ཚོར་བ་ཅི་ལྟ་བུ་ཞིག་ཡིན་པ་དེ་རེད། ངས་ཡིད་ལ་ཡང་ཡང་འཁོར་བའི་ལེཊ་བཤད་ཞིག་ཡོད། དེ་ནི་རྒྱ་སྲས་ཆུང་ཆུང་རྩོམ་པ་པོ་སེན་ཊི་ཨེག་སུ་ཕི་རེས་བྲིས་པ་རེད། ཁོང་གིས “གལ་ཏེ་ཁྱེད་ཀྱིས་གྲུ་གཟིངས་ཤིག་བཟོ་བར་འདོད་ན། ཁྱེད་ཀྱིས་ལས་མི་ཚོར་ཤིང་འཐུང་དགོས་པའི་ནན་སྐུལ་བྱེད་པ་དང་། ལས་བགོས་བྱེད་པ། བཀོད་མངཊ་གཏོང་བ་བཅས་མ་བྱེད། དེ་ལས་ཁྱེད་ཀྱིས་ལས་མི་ཚོར་རྒྱ་ཆེ་ཞིང་མུ་མཐའ་མེད་པའི་རྒྱ་མཚོར་དགའ་ཞེན་བྱེད་ཚུལ་བསླབ་དགོས”ཟེར།

ཡང་གཅིག་བཤད་ན། གལ་ཏེ་ང་ཚོས་དངོས་གནས་འུ་ཅག་གི་ལྟ་ཚུལ་དེ་དག་མི་སྒེར་གྱི་ངོས་ནས་དང་། སྤྱི་ཚོགས་ཀྱི་ངོས་ནས་ཡར་རྒྱས་གཏོང་འདོད་ན། རྒྱུ་མཚན་འགོད་ཐབས་དང་། ཚོད་དཔག་བྱེད་ཐབས། དཔལ་འབྱོར་ཚོལ་ཐབས་བཅས་ནི་གལ་ཆེན་པོ་ཡིན་ཡང་། ང་ཚོར་ཧ་ཅང་མཁོ་བ་ནི་དེ་དག་མ་ཡིན་པར་སོ་ལྟ་བ་ལྟ་བུའི་སེམས་ཀྱི་རྩ་དོན་གཉེར་རྒྱུ་དེ་རེད་ལ། ཁྱེད་ཀྱིས་རང་གི་འདུ་ཤེས་འཛིན་སྟངས་བསྒྱུར་དགོས་ཤིང་། ང་ཚོས་རང་ཉིད་གནད་དོན་ཅི་ཞིག་གི་ཐད་ནོར་ཡོད་ན། དེ་ལ་ངོ་ཚ་བྱེད་པ་ལས་དེའི་ཚབ་དུ་དེ་ལ་སྤོབས་པ་བྱེད་རྒྱུར་སློབ་སྦྱོང་བྱེད་དགོས། ང་ཚོ་རང་ཉིད་ཀྱི་འདོད་ཚུལ་དང་མི་མཐུད་པ་ཞིག་དང་ཕྲད་ཚེ། རང་གི་འདོད་ཚུལ་ལ་རྒྱབ་སྐོར་བྱེད་པའི་ཚབ་དུ་ལྟ་བ་མི་འདྲ་བ་དེར་སྤྲོ་བ་སྐྱེ་ཚུལ་སློབ་སྦྱོང་བྱེད་དགོས།
དེར་བརྟེན་ངས་ཁྱེད་ཅག་ལ་འཇོག་འདོད་པའི་དྲི་བ་ནི། ཁྱེད་རང་གི་མོས་བ་ཆེ་ཤོས་དེ་ཅི་ཡིན། ཁྱེད་ཀྱིས་རང་གི་འདོད་ཚུལ་ལ་སྲུང་སྐྱོབ་བྱེད་འདོད་དམ་ཡང་ན། ཁྱེད་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་འཇིག་རྟེན་འདི་གསལ་པོ་ཞིག་མཐོང་ན་འདོད།

བཀའ་དྲིན་ཆེ།