དང་པོ། འཕྲལ་གྱི་ཉེས་ཆད་ཙམ་ལས་ཕུགས་ཀྱི་ཁེ་ཕན་ལ་མ་དམིགས་པའི་ནག་ཉེས།

ཉེ་ལམ་མཚོ་སྔོན་ནས་ཕོ་ལོ་བཅོ་ལྔར་བུད་པའི་སློབ་འབྲིང་སློབ་མ་ཐའོ་ཁྲིན་ཕིང་གིས་སློབ་གྲོགས་དག་གིས་བརྙས་བཅོས་ཚད་མེད་བྱས་པ་སྟེ། སློབ་གྲོགས་རེ་འགའི་༼ད་ལྟ་རྒྱལ་ནང་དུ་དར་ལུགས་ཆེ་བ་ནི་སློབ་མ་ཚོས་སྐོར་ཁག་བསྒྲིག་པ་འམ། སློབ་མ་དང་སྤྱི་ཚོགས་སྟེང་གི་མི་མཉམ་འབྲེལ་གྱིས་ནག་ཚོགས་བསྒྲིག་སྟེ་སློབ་མ་ཉམས་ཆུང་ངམ་དཔུང་རོགས་མེད་མཁན་དག་ལ་བརྙས་བཅོས་བྱེད་བཞིན་ཡོད།༽དེ་དག་གི་གོན་པ་དང་ཕོར་བ། མདོར་ན་རྐང་བ་སོགས་ཀྱང་བཀྲུ་དགོས་བྱུང་བ་དང་། གཅར་རྡུང་བར་མེད་དུ་གཟེད་དགོས་བྱུང་བ་སོགས་ཕྱི་ནང་གསང་གསུམ་གྱི་གནོན་ཤུགས་མ་བཟོད་པར་ཕ་མ་དང་ལྷན་དུ་འཛིན་བདག་དགེ་རྒན་ལ་ཡར་ཞུ་ཇི་ལྟར་བྱས་ཀྱང་ངལ་བ་འབྲས་མེད་དུ་སོང་བའི་མཐའ་མར་ལོ་ན་ཆུང་ལ་མ་འོངས་པ་རེ་བས་བསྟམས་པའི་སློབ་བུ་ཁོང་འཇིག་རྟེན་དང་གཏན་དུ་གྱེས་ཤིང་། ཤུལ་ལུས་ནང་མིར་བཟོད་མེད་ཀྱི་སྐྱོ་གདུང་བསྐྲུན་ཁར། དགེ་རྒན་དང་སློབ་གྲྭ་སོགས་ལ་ཡང་མིང་ཆད་ངན་པ་བྱུང་ཡོད་པ་མ་ཟད། རྒྱལ་ཡོངས་ས་ཆ་སོ་སོའི་དགེ་རྒན་དང་ཁྱིམ་བདག སློབ་མ་མང་པོ་ཞིག་གིས་ཕྱོགས་སྣ་སྒོ་མོ་ནས་བསམ་བློ་གཏང་དགོས་པའི་གནས་སུ་བསྐྱལ་བ་རེད།

མང་པོ་ཞིག་གིས་གནས་ཚུལ་འདི་གོ་བས་བློ་ཕམ་ཚད་མེད་བྱེད་བཞིན་པ་ལས་བོད་ཁམས་ཀྱི་སློབ་གྲྭ་སོ་སོ་ན་འཆི་ལམ་དུ་དེད་དང་འདེད་བཞིན་པའི་སློབ་མ་མང་པོ་ཞིག་གི་མདུན་ལམ་ལ་བསམ་བློ་རྩ་བ་ནས་གཏང་གི་མེད། དེ་ལ་བསམ་བློ་མི་གཏང་དོན་ཡང་ང་ཚོའི་སྤྱི་ཚོགས་ཁྲོད་ལས་བྱེད་དང་དགེ་རྒན་ཟེར་བ་དག་གི་གོ་ས་མཐོ་དྲག་པ་དང་། དེ་དག་གི་སྒེར་གཅོད་ཀྱི་བསམ་བློ་དང་ལག་ལེན་ལ་ཁྲིམས་ལུགས་བཞིན་ལག་བསྟར་བྱེད་པའི་ལུགས་སྲོལ་གང་ཡང་མེད་སྟབས། སྤྱང་ཀི་སྨྱོན་པའི་རྗེས་སུ་ལུ་གུ་གཟའ་རོ་ཞེས་པའི་སློབ་གསོ་སྐྱོང་ལུགས་འདི་ནི་འཛམ་གླིང་རིལ་མོའི་སྟེང་གི་མི་རིགས་གཞན་གང་ལ་ཡང་མེད་པའི་བོད་པའི་སློབ་གསོའི་ལྐུགས་གཤིས་ཤིག་ཏུ་གྲུབ་ཡོད། གནས་བབ་འདིས་འཆི་ལམ་དུ་བརྫང་བཞིན་པའི་སློབ་མའི་གྲངས་ཀ་ནི་འདས་པོ་ཐའོ་ཁྲིན་ཕང་གི་གྲངས་ཀ་ལས་ལྡབ་འགྱུར་གྱིས་མང་། འདས་པོ་ཐའོ་ཁྲིན་ཕང་གི་སྡུག་བསྔལ་ལས་ཡུན་རིང་། གང་ལ་ཞེ་ན། བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་མགོ་ཁྲིད་ཚོས་བསམ་ན་མ་སྨིན་པའི་སློབ་མ་གང་ཞིག་གིས་སློབ་གྲྭའི་སྒྲིག་ལམ་དང་འགལ་བའམ་དགེ་རྒན་གྱི་བསམ་ཚུལ་གྱི་ཁ་གཏད་ནས་ལངས་པ། བརྐུ་བྱས་པའམ་རྒྱག་རེས་བྱས་པ། དགའ་རོགས་བསྒྲིག་པ་སོགས་སྤྱིར་བཏང་གི་མིའི་རིགས་ལ་རང་ཆས་སུ་མངའ་བའི་སྐྱོན་ཆ་གང་ཞིག་མངོན་འགྱུར་བྱུང་སྐབས། དགེ་རྒན་དག་གིས་ནི་རང་ཉིད་ཚད་ལྡན་དང་ཡང་དག རང་ཉིད་ལ་སྐྱོན་སྣ་གཅིག་ཀྱང་མི་མངའ་བའི་སྐྱེས་བུ་ཁྱད་པར་བ་ཞིག་ཏུ་རློམས་ཤིང་། རང་གི་མི་ཚེའི་རྒྱུད་རིམ་ནང་སྐྱོན་དེ་དག་ལས་གཅིག་ཀྱང་བྱས་མ་མྱོང་བ་ལྟ་བུའི་འཐོམས་སྦྲིད་ཀྱི་བསམ་བློ་དེའི་མཐའ་འབྲས་ནི་སློབ་མ་གང་ཞིག་གིས་སྒྲིག་འགལ་བྱས་སྐབས་སློབ་གྲྭ་ནས་གཏན་འབུད་བྱེད་པ་དེ་རེད་ལ། སློབ་མ་ཞིག་སློབ་གྲྭ་ནས་གཏན་འབུད་བྱེད་པ་ནི་ཆེས་ཡང་དག་གི་སློབ་གསོ་ཞིག་ཏུ་བསམ་ནས་ཡོད།

སློབ་མ་ཞིག་སློབ་གྲྭ་ནས་གཏན་འབུད་བྱས་པའི་ཉིན་མོ་ནས་ངལ་རྩོལ་བསྒྱུར་བཀོད་ཀྱི་ལམ་ཁར་ཞུགས་པའི་མི་ཚེ་དང་། མི་ཞིག་ལ་ཤེས་ཡོན་མེད་པར་ཚེ་གང་བོར་འཚོ་དགོས་པའི་སྡུག་བསྔལ་ནི་ཚེ་སྲོག་འགག་པའི་སྐད་ཅིག་མ་ལས་ཤིན་ཏུ་ལྕི་ལ་རིང་། མདོར་ན་སློབ་མ་ན་ཆུང་ཞིག་གི་ཚེ་གང་ལ་རིག་གནས་སྦྱོང་བའི་ལམ་ཁ་ཐེངས་གཅིག་གི་ནོར་འཁྲུལ་གྱིས་འགོག་པ་ལས་དགེ་རྒན་དང་མགོ་ཁྲིད་སྒེར་གཅོད་པའམ་ནུས་མེད་དག་ལས་གནས་དང་གཏན་དུ་གྱེས་ན་མི་རིགས་དང་རྒྱལ་ཁབ་ལ་གྱོང་གུད་ལས་ཁེ་བཟང་ཆེ་བའི་ཚོད་ཡིན། མི་ལ་རིག་འཚོ་མི་ཟིན་པའི་སྐབས་འགའ་ཤས་ཡོད་དེ། “ཁ་ཅིག་ནི་དཔལ་འབྱོར་གྱིས་སྨྱོས་འཇོག་ལ། ཁ་ཅིག་གི་དབང་ཆས་སྨྱོས་འཇོག ཁ་ཅིག་གི་ཁེ་དང་སྙན་གྲགས་ཀྱིས་སྨྱོས་འཇོག” གོང་གསལ་གྱི་གནད་དོན་འདི་ནི་དབང་ཆས་སྨྱོས་པའི་སྨྱོན་ཁ་ཁག་ཅིག་གི་རིག་འཚོ་མ་ཟིན་པའི་ལས་ཀ་ཁོ་ནའོ།། “དོན་དངོས་ནས་དགེ་རྒན་ནི་སྨྲ་མཁས་ཤིང་ཁ་གསལ་བ། ལྷག་བསམ་ལྡན་པ། ཐད་ཀར་མ་ཡིན་པའི་བྱེད་ཐབས་སྤྱོད་མཁས་པ། དངོས་ཐོག་བདེན་འཚོལ། སློབ་མར་སློབ་སྦྱོང་གི་གོ་སྐབས་མཁོ་འདོན་བྱེད་པ། སྒྲིག་འཛུགས་ལྡན་པའི་སྒོ་ནས་འཆད་འཁྲིད་དང་གདེང་འཇོག་བྱེད་པ། སྐྱོན་དང་ཞན་ཆ་མཐོང་ཚད་ཐེར་འདོན་མི་བྱེད་པ། དཀའ་སླའི་ཚད་གཞི་རན་པའི་བསླབ་གཞི་བེད་སྤྱོད་བྱེད་པ་བཅས་ཡིན་དགོས” ་པ་ནི་དེང་གི་སློབ་གསོ་སྨྲ་བ་Rosenshine དང་First སོགས་ཀྱིས་བཞག་པའི་དགེ་རྒན་གྱི་ཁྱད་ཆོས་ཡིན་ན་ཡང་། ང་ཚོའི་བོད་ཁུལ་དུ་ཡོད་པའི་མགོ་ཁྲིད་དང་དགེ་རྒན་སྒེར་གཅོད་པ་དག་ལ་ནི་མིག་ཞ་ར་ཞིག་ལ་གནམ་བསྟན་པ་རང་ཡིན་ནོ།།

སྤྱིར་ན་ལོ་དགུའི་འོས་འགན་སློབ་གསོ་མགོ་བཙུགས་པ་ནས་སློབ་ཆུང་ནས་སློབ་འབྲིང་ལ་ཡིག་རྒྱུགས་མ་འཕྲོད་པར་འཕྲོ་བརླག་ཏུ་འགྲོ་བའི་མི་གྲངས་ཇེ་ཉུང་དུ་བཏང་བ་དང་། དམིགས་བསལ་ཉེ་ལམ་ནས་སྒྲོག་བཞིན་པའི་ལོ་བཅོ་ལྔའི་རིང་གི་འོས་འགན་སློབ་གསོ་ལག་བསྟར་བྱས་པ་ཡིན་ན། དམའ་འབྲིང་ནས་མཐོ་འབྲིང་དུ་ཡིག་རྒྱུགས་མ་འཕྲོད་པར་འཕྲོ་བརླག་ཏུ་སོང་དང་འགྲོ་བཞིན་པའི་གྲངས་ཀ་ཡང་ཉུང་འཕྲི་བྱེད་པར་གདོན་མི་ཟ། འོན་ཀྱང་། བོད་ཁུལ་དུ་ད་རུང་མཐོ་འབྲིང་ལས་སློབ་གྲྭ་ཆེན་མོར་འགྲོ་རྒྱུ་སླ་བའི་གནས་ཚུལ་ཞིག་འབྱུང་གིན་ཡོད་ན་ཡང་ཡོད་ཚད་འདིར་གླེང་བར་ག་ལ་ནུས།

རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་འོས་འགན་སློབ་གསོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཡོད་དོ་ཅོག་ལ་བེད་སྤྱོད་ཀྱི་ཐོབ་དབང་ཡོད་པ་རེད། འོས་འགན་སློབ་གསོའི་གོ་སྐབས་ཐོབ་རིང་གི་ལོ་ངོ་འདི་དག་ལ་སློབ་གྲྭ་འགྲིམས་ཏེ་འཛིན་གྲྭའི་ནང་ཨང་མཐའ་མ་བླངས་ནས་ཡོང་བ་ཡིན་ན་ཡང་སློབ་གྲྭར་གཏན་ནས་མ་སོང་བ་ཞིག་ལས་ཡོན་ཏན་པར་གྱུར་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་ཡིན་པ་དང་། ལོ་ན་འདིའི་བར་གྱི་བྱིས་པ་སུ་ལ་ཡང་འོས་འགན་སློབ་གསོའི་གོ་སྐབས་ལེན་པའི་ཐོབ་ཐང་ཡོད་སྟབས། ཐོབ་ཀྱང་འདི་རྡོག་རོལ་གཏོང་བའི་ཐོབ་ཐང་མི་གཅིག་ལ་ཡང་མེད། འོན་ཀྱང་། ཁྱིམ་བདག་དག་གིས་འོས་འགན་སློབ་གསོ་སྣང་མེད་དུ་བཏང་ནས་སློབ་མའི་སློབ་སྦྱོང་གི་ཐོབ་ཐང་བཀག་པའི་རིགས་གཅིག་དང་། འཛིན་གྲྭའི་ནང་ཨང་རིམ་བགར་ནས་མཐའ་མར་སླེབས་པའི་སློབ་མའི་རིགས་ལ་རེ་བ་མེད་ཚུལ་གྱིས་ཁྱིམ་བདག་རང་ངོས་ནས་སློབ་མཚམས་འཇོག་ཏུ་བཅུག་པ། སྐར་གྲངས་རེའུ་མིག་ཏུ་བཀོད་ནས་སློབ་མར་ཨང་རིམ་བགར་བའི་ལམ་ལུགས་ཀྱིས་སློབ་མའི་རང་བཀུར་གྱི་བསམ་བློར་གནོན་ཤུགས་ཆེན་པོ་སྤྲད་དེ་ངོ་ཚའི་དབང་གིས་རང་ངོས་ནས་སློབ་མཚམས་འཇོག་པ་དང་། ས་ཆ་གཞན་དུ་བྲོས་ནས་ཟ་ཁང་དང་མགྲོན་ཁང་གི་ཞབས་ཞུ་བ་བྱེད་པའམ་སྤྱི་ཚོགས་ཁྲོད་ཀྱི་མ་རུང་བའི་ལས་ལ་འཇུག་མཁན། དགེ་རྒན་དང་སློབ་གྲྭས་སློབ་མའི་སྐར་གྲངས་མི་བཟང་བའི་ཁར་ཀུན་སྤྱོད་མི་ལེགས་པ་སོགས་སྒྲིག་འགལ་བྱས་པར་སློབ་གསོའི་བཅའ་ཁྲིམས་ཁྲོད་མ་འདུས་ཀྱང་སློབ་གྲྭ་སྒེར་ངོས་ཀྱི་སྐྱག་ཁྲིམས་ལག་བསྟར་གྱིས་སློབ་མ་གང་དེ་སློབ་གྲྭ་ནས་གཏན་འབུད་བྱས་ཏེ་ན་གཞོན་གྱི་མི་ཚེ་འཕྲོ་བརླག་ཏུ་འགྲོ་བ་སོགས་རྒྱུ་དང་རྐྱེན་ར་འཕྲོད་བྱུང་བས་ང་ཚོའི་སྤྱི་ཚོགས་ཁྲོད་ན་གཞོན་མང་པོ་ཞིག་ལས་མེད་ནས་བདག་མེད་དུ་གྱུར་ཏེ་སྤྱི་ཚོགས་ནང་ཉེན་ཁ་ཅན་གྱི་ལས་རིགས་མང་པོ་ཞིག་ཀྱང་གཉེར་མུས་སུ་གནས་ཡོད། མིའི་རིགས་ཀྱི་སྤུས་ཚད་ནི་མཐའ་གཅིག་ཏུ་འདྲ་མཉམ་དང་ལེགས་ཉེས་མེད་པའི་སྐལ་བ་ཞིག་ཤར་རྒྱུ་ནི་ད་ལྟའི་སྒེར་གཅོད་སློབ་གསོ་གཉེར་མཁན་དག་གི་བསམ་སྣ་མཐོ་གང་གི་ནང་དུ་ཤར་བའི་རི་མོ་འདྲ་ཞིག་ག་ལ་ཡིན།

སྤྱིར་ན་སློབ་གྲྭ་ནི་མིའི་རང་བཞིན་རྩ་བར་བཟུང་ནས་སློབ་མའི་གཤིས་ཀ་དྲང་ལམ་དང་མི་ཚེར་འོད་སྣང་བསྐྲུན་མཁན་དེ་ཡིན་པ་ལས། གཉའ་གནོན་དང་སྒེར་གཅོད། མཐོང་ཆུང་དང་ཁྱད་གསོད། དྲག་རྡུང་དང་འཕྱ་དམོད་བྱེད་པ་སོགས་འུ་ཐུག་པའི་ལག་ལེན་གྱིས་བསྐྱང་ཆོག་པ་ཞིག་གཞར་ཡང་མིན་ལ་དེ་ལྟར་སྐྱོང་བའི་ཐོབ་ཐང་སུ་གཅིག་གིས་ཀྱང་སྤྲད་མེད། དེ་ལྟའི་སློབ་གསོའི་ཁྲིམས་ལུགས་ཤིག་འཛམ་གླིང་རྒྱལ་ཁབ་གང་དུ་ག་ལ་ཡོད་དེ། ད་ལྟ་འཛམ་གླིང་གང་སར་ཡོད་པའི་བཙོན་ཁང་དག་ཏུ་ཡང་གུ་ཇེ་ཡངས་དང་བཅས་པའི་སྲིད་ཇུས་ལག་བསྟར་བྱས་ཚུན་དུ་བཙོན་མ་དག་ལ་ཡང་གཅར་རྡུང་དང་མནར་གཅོད་ཚད་ལས་བརྒལ་བ་གཏང་ཆོག་གི་མེད་ན་སློབ་གསོའི་ལྟེ་གནས་སློབ་གྲྭའི་ར་བ་ནས་བཙོན་ཁང་ལས་སྡུག་པའི་ལམ་ལུགས་འདི་འདྲ་ནི་གང་ལྟར་ཆགས་པ་ཡིན་ནམ།

ང་ཚོའི་དགེ་རྒན་དག་གིས་ནི་སློབ་མ་མཆོག་དང་རབ་ཏུ་གྱུར་བ་དག་ལས། སྤྱིར་བཏང་གི་སློབ་མ་དཀྱུས་མའི་རིགས་ལ་ཁ་ཡ་དེ་ཙམ་མི་བྱེད་ལ། དམིགས་བསལ་ཨང་རིམ་མཐའ་མར་ཡོད་པའི་སློབ་མའི་རིགས་ནི་དགེ་རྒན་ཚོའི་སེམས་ནང་ན་ཡལ་ཞིང་མིག་ནང་དུ་བོར་ནས་ཡོད། དོན་དམ་སློབ་མའི་སྐར་གྲངས་ཁོ་ནས་དགེ་རྒན་གྱི་གྲུབ་འབྲས་ཐག་གཅོད་བྱེད་པའི་ལུགས་སྲོལ་འདི་དར་བ་ནས་སྐར་གྲངས་མཐོན་པོ་མི་ལོན་པའི་སློབ་མ་དག་ནི་དགེ་རྒན་དེ་དག་གི་མིག་ནང་གི་ཚེར་མ་དང་སེམས་ངོས་ཀྱི་གཤེད་མ་ལྟ་བུར་གྱུར་ཡོད། ནམ་རྒྱུན་རྒྱལ་ཁམས་མིག་གིས་མ་མཐོང་ཞིང་། བསླབ་དེབ་ཙམ་ལས་དཔེ་ཆ་གཞན་ལ་ལག་པས་མི་རེག་པ། འཛམ་གླིང་རང་བཞིན་གྱི་གྲགས་ཅན་གློག་བརྙན་གཅིག་ལ་ཡང་བལྟ་མ་མྱོང་བའི་དགེ་རྒན་དང་མགོ་ཁྲིད་མང་པོ་ཞིག་གི་ལུས་པོ་རྨིག་རྗེས་ཀྱི་ཆུའི་ནང་འཁོར་བཞིན་བསམ་པ་ནི་གླིང་དཀར་སྟོད་ཡིན་པས་སློབ་མ་མང་པོ་ཞིག་སྡེབ་གསོད་བྱེད་ཀྱིན་པ་རྩ་བ་ནས་ཤེས་ཀྱིན་མེད། མདོར་ན་ས་པཎ་གྱིས་གཙང་མཁས་གཞན་ལ་ཕན་པར་འདོད་ཅེས་གསུངས་པ་ལྟར་གྱི་མཚན་ཉིད་དང་ལྡན་པའི་དགེ་རྒན་བོད་ཁམས་ན་ག་ཚོད་ཡོད་དམ།

གཉིས་པ། ནོར་བར་ཉེས་ཆད་ལས་འཁྲུལ་བ་དག་པར་མི་བཅོས་པའི་ནག་ཉེས།

མི་ནི་ནོར་འཁྲུལ་ཤོར་ཆོག་པའི་སེམས་ཅན་ཞིག་ལས་ཡང་དག་པ་འཁྲུལ་བ་མེད་པར་འཚོ་སྡོད་བྱེད་ཐུབ་པའི་སྐྱེ་འགྲོའི་རིགས་ཤིག་རྩ་བ་ནས་མིན་ལ། ནོར་འཁྲུལ་ཐེངས་ཤིག་ཤོར་ན་ཆད་པ་ཐེངས་གཅིག་གིས་བཅོས་ཐུབ་པ་ཞིག་དེ་བས་ཀྱང་མེད། མི་ནི་གཞན་གྱི་ཚེ་སྲོག་དང་ཐོབ་ཐང་ལ་སྣང་མེད་ཀྱིས་འཚོ་མཁན་ཞིག་ཡིན་པས་གཅན་གཟན་གྱི་རྒྱལ་བོར་འབོད་པ་སོགས་སྡིག་རྩུབ་ཤིན་ཏུ་ཆེ་བ་ཞིག་ཡིན་མོད་ཀྱང་། བྱེ་བྲག་ལ་བབ་ན། ང་ཚོས་ནོར་འཁྲུལ་ཤོར་བར་ཆད་པ་གཅོད་པ་ནི་ནོར་འཁྲུལ་ཤོར་མཁན་གྱི་འཁྲུལ་བ་དག་པར་བཅོས་ཐབས་མིན་པར། ཉེས་ཆད་དེ་བཅད་པ་ལས་གཞན་དག་ལ་ནོར་འཁྲུལ་དེ་འབྱུང་དུ་མི་འཇུག་པའི་ཕྱིར་རམ་གཞན་དག་ལ་སློབ་གསོ་གཏོང་བའི་ཁུལ་རེད། དེའི་སྟབས་ཀྱིས་ཉེས་པ་ཚབ་ཆེན་བཟོ་མཁན་ལ་སྲོག་ཁྲིམས་ཚུན་བཅད་ནས་ད་ལྟའི་བར་ཡོང་ན་ཡང་ནོར་འཁྲུལ་བཟོ་མཁན་གྱི་ཉེས་པ་འདག་ཐབས་ལ་བསམ་བློ་གཏང་གི་མེད།
སློབ་གྲྭ་ནི་མིའི་རིགས་གསོ་སྐྱོང་བྱེད་པའི་ཚོགས་སྡེ་ཞིག་ཡིན་པ་དང་། སློབ་གྲྭ་བཙུགས་པ་ནི་སྤྱི་ཚོགས་ཡར་རྒྱས་དང་འཆམ་མཐུན། མི་གཞི་ཇེ་ལེགས་དང་ཁོར་ཡུག་ཞི་བདེ་རུ་འགྲོ་བའི་དམིགས་ཡུལ་ཞིག་ཡིན་པ་དེས་སློབ་གྲྭའི་ནང་དགེ་རྒན་ནི་ཚད་ལྡན་ཡོང་དགོས་པ་ལས་སློབ་མ་ཚད་ལྡན་ཁོ་ན་སློབ་གྲྭའི་ནང་ཡོང་དགོས་པའི་རེ་བ་བཏོན་མ་མྱོང་ལ། བཏོན་ཡང་མི་ཆོག

སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་གི་སློབ་མ་རྣམས་ནི་གཅིག་ནས་ལོ་ན་ཆུང་བ་དང་། གཉིས་ནས་སྤྱི་ཚོགས་ཀྱི་ཉམས་མྱོང་མེད་པ། གསུམ་ནི་འཆར་ལྡན་བུ་སྐྱེའི་སྲིད་ཇུས་ཁྲོད་ནས་སྐྱེས་པའི་ཁྱིམ་གཅིག་ལ་མང་ན་བྱིས་པ་གཉིས་དང་ཉུང་ན་གཅིག་ཅན་གྱི་གཅེས་ཕྲུག་དག་ཡིན་པས་མི་ཚེའི་ཁྲོད་དཀའ་ངལ་མང་པོ་ཞིག་ལ་འཕྲད་མེད་པ། བཞི་ནས་བོད་ཀྱི་ཞིང་འབྲོག་ས་ཁུལ་དུ་ལོ་དགུའི་འོས་འགན་སློབ་གསོ་མགོ་བཙུགས་མ་ཐག་པའི་བྱིས་པ་སྐོར་ཞིག་ཡིན་སྟབས། ཁྱིམ་དུ་ཤེས་ལྡན་མི་སྣ་མེད་པ་སོགས་ཕྱོགས་སྣ་སྒོ་མོ་ནས་བསམ་ཡོང་ན། ཁྱིམ་ཚང་སློབ་གསོ་ཚད་ལྡན་ཅན་དུ་ཆགས་མེད་པའི་མི་རིགས་ཤིག་ཡིན་གཤིས། སློབ་གྲྭའི་སློབ་གསོ་ཚད་ལྡན་དུ་ཡོང་ཐབས་མེད་པའི་སྐབས་ཡིན་པ་འདི་སེམས་ལ་ཅིས་ཀྱང་ངེས་དགོས་པ་ཞིག་རེད།

འདི་ལྟའི་གནས་བབ་ཁྲོད་འཚར་ལོངས་བྱུང་བའི་སློབ་མ་དག་ལ་ནི་ནོར་འཁྲུལ་ཤོར་ངེས་ཅན་ཡིན་པ་དང་། དགེ་རྒན་ཚོས་ཀྱང་ན་ཆུང་སློབ་མ་དག་གི་ནོར་འཁྲུལ་ཡོ་བསྲིང་གི་ཆེད་དུ་གོ་བསྐོན་བློ་འགུག་བྱེད་པ་ལས། མང་པོའི་ཆེད་དུ་རེ་གཉིས་གསོད་པའི་བསམ་བློའི་ངོས་ནས་མང་པོའི་ཆེད་དུ་མང་པོ་གསོད་པའི་ལམ་ཁ་ཞིག་ཏུ་འགྲོ་བཞིན་པ་ནི་ད་ལྟའི་བོད་ཁུལ་གྱི་སློབ་གྲྭ་སོ་སོར་ཡོད་པའི་དམའ་འབྲིང་གི་འཛིན་གྲྭ་རེ་རེའི་ལོ་རིམ་དང་པོ་དང་གསུམ་པ་དང་། མཐོ་འབྲིང་གི་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་སློབ་མའི་གྲངས་ཚད་ལ་ཞིབ་འཇུག་ཅིག་བྱོས་དང་གསལ་བོར་གོ་ཡོང་།

ང་ཚོའི་སློབ་གྲྭ་ཁག་ཏུ་ལས་ཀ་གཉེར་གྱིན་པའི་དགེ་རྒན་དག་གིས་སློབ་མ་དག་ནི་ན་ཆུང་ལ་ཉམས་མྱོང་མེད་པ། ནོར་འཁྲུལ་ཤོར་ངེས་ཡིན་པའི་བསམ་བློ་མི་གཏོང་བར་སློབ་མ་ཡོད་ཚད་མཆོག་དང་རབ། གྱ་ནོམ་པ། ཕུན་སུམ་ཚོགས་པ་ཞིག་ཡིན་དགོས་པར་འདོད་པ་འམ། སློབ་མ་ཡོད་ཚད་དགེ་རྒན་གྱིས་མཛུབ་གུ་གར་སྟོན་ལྟར་བླུན་པོ་ལུག་བཞིན་གཅིག་འཕྲོར་གཅིག་མཆོང་མཁན་ཞིག་ཡིན་དགོས་པའི་བསམ་བློ་ནོར་འཁྲུལ་ཅན་དེས་བོད་ཁུལ་གྱི་ན་གཞོན་མང་པོ་ཞིག་འཆི་ལམ་དུ་འདེད་ཀྱིན་པ་ནི་གོང་དུ་ཡང་བཤད་ཟིན་པ་ལྟར་རེད།

མ་གཞི་ནས་སློབ་གསོའི་ལས་རྐང་གི་མི་མང་པོ་ཞིག་གིས་སློབ་གསོ་ཞེས་པ་ནི་ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་བརྒྱུད་ནས་འགྱུར་བ་གཏོང་བའི་ཐབས་ལམ་ཞིག་ཡིན་པའི་གནས་ལུགས་ལ་མི་བསམ་པར། འཁོན་འཛིན་དང་ཞེ་སྡང་། མདོར་ན་ཉེ་རིང་ཆགས་སྡང་ལ་བརྟེན་ནས་ཐག་གཅོད་ཆོག་པའི་སྒེར་གཅོད་ཀྱི་ལས་ཀ་ཞིག་དང་། ལས་ཀ་དེས་གཉེར་ཆོག་པའི་ལམ་ལུགས་ཤིག་ཏུ་བསམ་ནས་ཡོད་པས། དགྲ་ཤ་ལེན་པ་ལྟ་བུའི་ཉེས་ཆད་གཅོད་ལུགས་འདི་གནའ་ནས་དར་ཡང་ད་རུང་མཚམས་མ་ཆད་པར་སློབ་མར་སློབ་མཚམས་བཞག་དང་འཇོག་ཏུ་འཇུག་བཞིན་པ་འདིས་ནི་ལམ་ལུགས་འདིར་འབྲས་བུ་ག་ཙམ་ཡོད་པ་གསལ་བཤད་བྱེད་ཀྱིན་ཡོད་པ་སྟེ། འཛམ་གླིང་གི་རྒྱལ་ཁབ་འགའ་རེར་སྲོག་ལན་སྲོག་གིས་འཇལ་བ་སློབ་གསོ་ཞིག་གམ། འབྱུང་འགྱུར་དེ་འདྲ་འབྱུང་དུ་མི་འཇུག་པའི་སློབ་གསོ་ཞིག་ལ་བསམ་གྱིན་ཡོད་ན་ཡང་། སྲོག་ཁྲིམས་བཅད་པ་ཙམ་གྱིས་ཉེས་ཅན་པའི་ཉེས་པ་ཡོད་ཚད་དག་མེད་པ་དང་། འབྱུང་འགྱུར་ཉེས་པ་དེའི་རིགས་གསོག་མཁན་མེད་པར་འགྱུར་བར་འདོད་པ་ཡང་སྟོང་བསམ་ཙམ་དུ་སོང་ཡོད་པ་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་པ་འདི་བཞིན། གཞན་སྲོག་གཅོད་མཁན་གྱི་སེམས་པ་ལ་འགྱུར་བ་འགྲོ་ངེས་པའི་ཆོས་ཉིད་ཅིག་ལ་བསམ་ནས་ཉེས་སྤྱོད་སྡོམ་པའི་ཀུན་སློང་ཞིག་སྐྱེ་བར་བྱེད་པ་འདི་སེམས་ལ་ངེས་དགོས་པའི་དུས་རབས་ཤིག་ཏུ་སྐྱེས་པའི་ང་ཚོས། སློབ་གསོ་ཞེས་པ་ཡང་སྙིང་ག་རེ་ཡིན་མིན་དང་སློབ་གསོའི་ལག་ལེན་དང་སེམས་བསྐྱེད་ཅེས་པ་ཡང་ག་རེ་ཡིན་མིན་རྩ་བ་ནས་མ་ཤེས་པར་རྨོངས་ནས་ཡོད་པའི་རྨོངས་རྒན་འདི་དག་གཉིད་ལས་སད་པའི་དུས་ཤིག་ནམ་ཞིག་ལ་ཡོད་དམ། མདོར་ན་ནོར་འཁྲུལ་ཤོར་མཁན་གྱི་སློབ་མ་དག་ནི་དགེ་རྒན་དང་སློབ་གཙོ་དག་གིས་སྐྱོང་བྱའམ་སེམས་ཁུར་བྱེད་ཡུལ་གཙོ་བོ་ཡིན་པ་ལས་སློབ་མ་མཐའ་དག་བཟང་བོ་རྐྱང་ཡིན་ཚེ་རང་མོས་དང་རང་འགུལ་གྱི་སྒོ་ནས་ཡ་རབས་ཀྱི་སྤྱོད་པ་ལ་འཇུག་ཤ་སྟག་ཡིན་ན། ཁྱེད་ཚོར་ཟླ་ཕོགས་སྤྲད་ནས་སྒེར་གཅོད་པ་སྐྱེད་བསྲིང་བྱེད་པའི་སྒོས་པ་གཏན་ནས་མེད་དོ།།

གསུམ་པ། ངོ་སོ་ལས་གནས་ལུགས་ཀྱི་བཙན་ས་མ་ཟིན་པའི་ནག་ཉེས།

སྤྱི་ཚོགས་སྤྱི་ཡོངས་ནས་བལྟས་ཡོང་ན་ཁྲིམས་དང་ལམ་ལུགས་ཀྱི་སྒྲིག་གཞིའི་མ་ལག་ཆ་ཚང་བའི་སྣང་བ་སྟེར་སྲིད་ན་ཡང་། དོན་དམ་གནད་འགག་ལ་ཐུག་ཡོང་དུས་ལས་ཀ་ཆེ་ཕྲ་གང་ཞིག་གཉེར་དུས་ཀྱང་ངོ་སོ་མེད་ན་འགྲུབ་པའི་གདེང་ཚོད་ཅི་ཡང་མི་རྙེད་པའི་དུས་ཤིག་ཤར་ནས་ཡོད་ཅིང་། ཧོབ་དེ་བལྟས་ནས་སྤྱི་ཚོགས་ནི་ལྐོག་རྔན་དང་ཧམ་ཟ་མི་བྱེད་པའི་སྣང་ཚུལ་ཅན་དུ་འགྱུར་བཞིན་པ་འདྲ་ན་ཡང་། ཞིང་གྲོང་གི་སློབ་མར་ནོར་འཁྲུལ་ཤོར་ནས་ཁྱིམ་བདག་སློབ་གྲྭར་བོས་པ་དང་། ཕ་མ་གཞུང་ཞབས་པ་དང་དགེ་རྒན་གྱི་ལས་གནས་ན་ཡོད་པའི་ཁྱིམ་བདག་དག་སློབ་གྲྭར་བོས་པའི་གནས་བབ་ནི་གཏན་ནས་མི་འདྲ། ཁྱིམ་བདག་འདི་གཉིས་ཀྱི་བྱིས་པས་ནོར་འཁྲུལ་བཟོས་པར་ཡང་ལྕི་མེད་ཀྱང་། ཁ་ནས་ཐོན་པའི་གཏམ་གཅིག་ལ་ཉན་ལུགས་ཀྱི་བར་ཁྱད་ཡོད་ཅིང་། བཤད་པའི་གནས་ལུགས་གཅིག་ལ་ཟབ་ཁྱད་ཡོད་པ་མ་ཟད། མི་མངོན་པའི་ངོ་སོ་ལ་ཡང་མཐོ་དམའ་ཤིན་ཏུ་ནས་ཆེ་བས། སློབ་གྲྭ་སོ་སོར་ནོར་འཁྲུལ་ཤོར་བའི་བྱིས་པའི་གྲངས་འབོར་གྱི་ངོས་ནས་བཤད་ན་ཞིང་གྲོང་གི་བྱིས་པ་དག་གིས་མང་ཤོས་ཟིན་ཡོད། སློབ་མའི་གནས་བབ་དང་ཁྱིམ་བདག་གི་རེ་བ་ལ་ཁྱད་གསོད་བྱས་པའི་གནས་བབ་ཀྱང་ཞིང་གྲོང་ནས་ཡོང་བ་དག་ནི་ཛ་དྲག་ཤོས་ཆགས་ཡོད།

འདི་དག་གི་འབྱུང་རྩ་གང་ཡིན་ན་ཞེ་ན། སློབ་གསོའི་ལས་རྐང་ན་ཡོད་པའི་དགེ་རྒན་དང་མགོ་ཁྲིད་མང་ཤོས་ལ་མི་གཞིའི་ཀུན་སྤྱོད་ཀྱིས་མ་འདང་ཞིང་། སེམས་པ་ཤེས་རིག་གིས་མ་བརླན་པ། ལྷག་བསམ་གཞན་ཕན་གྱི་ཀུན་སློང་གིས་སྟོང་བའི་ཆ་ནས་སྒེར་གཅོད་དང་ཨུ་ཚུགས། མཁྲེགས་འཛིན་དང་སྒེར་སེམས་ཆེ་བས་ལན་པ་ལས་གཞན་ཅི་ཡང་མིན་ལ། ཁྱིམ་ཚང་དང་རིག་གནས་ཀྱི་རྒྱབ་ལྗོངས་འདྲ་མིན་ནས་ཡོང་བའི་སློབ་མའི་ཚོགས་ཀྱི་མི་གཞིའི་ཀུན་སྤྱོད་དང་བསླབ་པའི་རིག་གནས་ཀྱི་འབྲས་བུ་གཞི་གང་ཞིག་ལ་བཞག་ནས་གོ་སྒྲིག་དང་སྨིན་པར་བྱེད་པའི་ཐབས་ཤེས་ཀྱིས་སྟོང་ནས་ཡོད་སྟབས། ངོ་སོ་དང་བཙན་གཉོམ་གྱི་རྗེས་སུ་མ་འདེད་བུ་འདེད་བྱེད་ཀྱི་ཡོད།

དེ་བཞིན་ཞིང་གྲོང་གི་སློབ་སྦྱོང་མེད་པའི་ཁྱིམ་བདག་དག་ལ་མཚོན་ན་ཡང་། བྱིས་པའི་མདུན་ལམ་དང་སློབ་སྦྱོང་གི་གནས་བབ་ལ་ཅི་མི་སྙམ་པར་སློབ་མཚམས་འཇོག་ཆོག་ཆོག་དང་། དགེ་རྒན་གྱིས་བཤད་པའི་སློབ་མའི་སྐྱོན་ཆ་དག་ལ་ཉན་རྗེས་རང་གི་བུ་ཕྲུག་ཀྱང་སྐྱོན་གྱི་ཕུང་བོ་འབའ་ཞིག་ཏུ་སྒོམ་པ་ལས་ཁོང་ལ་ཡོད་པའི་ནུས་པ་གཞན་ལ་ཡང་སྣང་ཆུང་དང་རྒྱུས་ལོན་གང་ཡང་མི་བྱེད་པར། བུ་ཕྲུག་གི་མི་ཚེ་ནོར་ལུག་གི་རྗེས་སམ་འཇོར་ལྕགས་ཀྱི་ལས་ལ་བསྟིམས་པ་ལ་སེར་སྣ་གང་ཡང་མི་བྱེད་པའི་གནས་བབ་སོགས་ལ་བསམ་བློ་བཏང་ཡོང་དུས་ཡིད་མུག་པའི་གནད་དོན་མང་པོ་ཞིག་གིས་སེམས་པའི་ཕྱི་གནང་གཙེས་ནས་ཡོང་བས་དུས་ནམ་ཞིག་ལ་གནས་བབ་འདི་ཡར་རྒྱས་སུ་སོང་ནས་མི་རེ་རེར་ཡོད་པའི་ཁྱད་ཆོས་བསྔོག་འདོན་དང་བཅས་ཏེ་འཇོན་མི་བསྐྱེད་བསྲིང་བྱེད་པའི་དུས་ཤིག་ཤར་རམ། ངོ་སོ་ལས་གནས་ལུགས་གཙོ་བོར་བྱེད་པའི་སློབ་གསོ་གཉེར་མཁན་གྱི་དཔུང་ཁག་ཅིག་འབྱུང་བའི་དུས་ཤིག་ཤར་རམ།

གནས་ལུགས་ལ་དགའ་ཡང་གནས་ལུགས་ཀྱི་རྗེས་སུ་འདེད་རྒྱུར་མི་དགའ་བའི་ང་ཚོའི་ཡུལ་ཁམས་འདིར་གནས་ལུགས་ལས་ངོ་སོ་བྲིན་ལ། སློབ་གསོ་ལས་སྒེར་གཅོད་བྲིན་པས་གནས་ལུགས་ཀྱི་བཙན་ས་རྙེད་པའི་སྐལ་བ་ནི་ད་དུང་རིང་ཙམ་གདའ།

རིག་གནས་ཅུང་ཟད་ཡོད་མཁན་ནམ་གཞུང་ཞབས་ལས་བྱེད་དང་དགེ་རྒན་གྱི་ལས་རིགས་གཉེར་མཁན་ནས་ཚོང་ལས་ཀྱི་ཉམས་མྱོང་ཁྲོད་ནས་ཤེས་རིག་གི་རིན་ཐང་ཤེས་པའི་ཁྱིམ་བདག་དག་གི་སློབ་མ་སློབ་གྲྭ་ནས་གཏན་འབུད་བྱས་པའི་གྲངས་ཀ་མང་ངམ། ༡༩༤༠ནས་༡༩༨༠བར་དུ་སྐྱེས་པའི་ཞིང་འབྲོག་ས་ཁུལ་གྱི་ཕ་མ་ཡིག་རྨོངས་པ་དག་གི་བྱིས་པ་སློབ་གྲྭ་ནས་གཏན་འབུད་བྱས་པའི་གྲངས་ཀ་མང་ངམ། གོང་གསལ་ལས་རིགས་གཉེར་མཁན་དག་ལས་སུ་ཞིག་གིས་འབྲེལ་ལམ་འདྲ་མིན་ཁྲོད་ནས་བྱིས་པ་སློབ་གྲྭ་ནས་གཏན་འབུད་བྱེད་མི་དགོས་པའི་ཐབས་ལམ་འཚོལ་སྲིད་དམ། ཐབས་ལམ་འདི་རྙེད་པར་སུ་མཁས་སམ། མཐར་ཐུག་ངོ་སོ་ཐོབ་མཁན་གྱི་ཁྱིམ་བདག་སུ་ཡིན་ནམ། ཞིབ་ཏུ་ཉམས་ཞིབ་བྱོས་དང་། ད་ལྟ་སློབ་གྲྭ་ཁག་ཏུ་གཏན་འབུད་བྱེད་ཀྱིན་པའི་སློབ་མ་དག་ནི་ཞིང་འབྲོག་ས་ཁུལ་ནས་ཡོང་བའི་སློབ་མ་རྐྱང་ཡིན་པ་འདིས་ཅི་ཞིག་མཚོན་གྱིན་ཡོད་དམ། གཏན་འབུད་བྱེད་མཁན་གྱི་དགེ་རྒན་དང་སློབ་གཙོ་ཟེར་བ་དག་ནི་སྙིང་ཁམས་ཆེ་བ་ལའང་།

བཞི་བ། སྐར་གྲངས་ལས་མི་གཞིར་མ་དམིགས་པའི་ནག་ཉེས།

སློབ་གྲྭ་གང་སར་སྐར་གྲངས་ལ་བརྩོན་ཞིང་སྐར་གྲངས་བསྒྲགས། སྐར་གྲངས་ལ་བལྟས་ནས་མི་གཞིར་ཚད་ཤིང་འདེབས་ཤིང་། སྐར་གྲངས་ལ་བལྟས་ནས་ཤེས་ཡོན་གྱི་ཚད་གཞི་གཞལ། སྐར་གྲངས་ལ་ཨང་རིམ་བགར་ཞིང་། སྐར་གྲངས་རྩིག་ངོས་དང་དྲ་ངོས་སུ་བཀྲམས། དགེ་རྒན་གྱིས་སྐར་གྲངས་ཀྱི་ཨང་རིམ་བགར་ནས་སློབ་མ་གསོད་ཅིང་། ཁྱིམ་བདག་གིས་སྐར་གྲངས་ཀྱི་ཨང་རིམ་ལ་བལྟས་ནས་སློབ་མར་སློབ་མཚམས་འཇོག་ཏུ་བཅུག སྐར་གྲངས་ཀྱིས་སློབ་གྲྭའི་ཕྱི་ནང་དང་ཁྱིམ་བདག་དང་སློབ་མ་ཀུན་གྱི་སེམས་རྩ་བཟུང་ནས་ཡོད་པས་མི་གཞིའི་ཀུན་སྤྱོད་ཀྱི་ལག་རྩ་བལྟ་ཤེས་མཁན་གྱི་དགེ་རྒན་དང་ཁྱིམ་བདག་གི་ཚོགས་ནི་ཉིན་མོའི་སྐར་མ་ལྟར་དཀོན་པས། སློབ་སྦྱོང་ལ་བཟང་བའི་སློབ་མ་དག་ནི་ང་རྒྱལ་གྱིས་བཟི་ཞིང་རང་སྣང་གིས་ཁེངས་ནས་ཡོད་པས་ཕ་མ་ཡིག་རྨོངས་པ་དག་ལས་དབང་བཙན་པར་འགྱུར་ཞིང་། སྤྱི་ཚོགས་ཀྱི་ཟ་ཟུར་གང་རུང་ན་རང་མཐོང་གི་ང་རྒྱལ་གྱིས་བཟི་ནས་ཡོད།

སྐར་གྲངས་དམའ་བའི་སློབ་མ་དག་ནི་རིམ་གྱིས་ཞིང་གྲོང་གི་ཕྱིར་ལམ་བསྙེགས་ཤིང་། དགེ་རྒན་དང་ཕ་མས་འཁང་ར་དང་དམའ་འབེབས་སོགས་ལ་བསྟེན་ནས་གནོན་ཤུགས་མ་ཐེག་པར་ས་ཆ་གཞན་དུ་བྲོས་འགྲོ་བ་དང་། ལས་ཀ་ཅི་ཡང་བྱེད་མི་འདོད་པའི་མི་ཉམས་ཆུང་དང་སྡར་མ་སྐོར་ཞིག་ཏུ་གྱུར། སྐར་གྲངས་དང་ཨང་རིམ་མཐོ་བའི་སློབ་མ་དག་ནི་དགེ་རྒན་གྱི་རེ་བའི་མེ་སོན་དང་། སྐར་གྲངས་དང་ཨང་རིམ་དམའ་བའི་སློབ་མ་དག་ལ་རེ་བ་ནམ་ཡང་མེད་ཚུལ་ལས་དེ་དག་གི་སྟེང་ན་ནུས་པ་གཞན་ཞིག་ཡོད་མེད་ཀྱི་བརྟག་དཔྱད་དང་དེ་ལ་གདེངས་འཇོག་བྱེད་པའི་ལུགས་སྲོལ་དང་སེམས་ཁམས་རྩ་ནས་མེད་པ་འདི་ནི་ངེད་ཅག་གི་སློབ་གསོའི་གོལ་ས་ཞིག་ཡིན་པ་ལས་སློབ་མ་ལ་རབ་འབྲིང་ཐ་གསུམ་ཡོད་པའི་ཆོས་ཉིད་ལ་བསམ་ནས་དེ་དག་ལ་བསམ་ཤེས་མི་ཐུབ་ཅིང་། སློབ་མཚམས་རྩད་ནས་བཞག་པའི་སློབ་མ་ལས་ཨང་རིམ་མཐའ་མ་ཡིན་པའི་སློབ་མ་དག་ནི་རབ་དང་མཆོག་དང་གྱ་ནོམ་པའོ་འདོད་པའི་སྙིང་ཁམས་ཅན་གྱི་དགེ་རྒན་གྱི་གློ་རྩ་ཆད་ནས་ཡོད་པས་དཔལ་འབྱོར་དང་ཤེས་རིག་གི་འཕེལ་ཁ་དར་བའི་དེ་རིང་ཡང་རང་ཅག་གི་ན་གཞོན་མང་པོ་ཞིག་ལས་མེད་ནས་བདག་མེད་དུ་འགྱུར་གྱིན་ཡོད་པ་འདི་མིག་གིས་མཐོང་བཞིན་དུ་སེམས་མགོར་མུན་པས་བཀབ་པའི་སློབ་གསོའི་ལས་སྣེ་བ་འདི་དག་ལ་ཅི་བྱུང་བ་ཡིན་ནམ།

རང་བཀུར་རང་གཅེས་ཀྱི་བསམ་བློ་གཙིགས་སུ་འཛིན་པའི་དེང་གི་སྤྱི་ཚོགས་འདིའི་ནང་མིའི་ཨང་རིམ་བགར་ནས་གནོན་ཤུགས་སྤྲོད་པ་སློབ་གསོ་རུ་འདོད་པའི་གླེན་རྟགས་ཚ་བོ་འདི་ད་ལྟ་བོད་ཁམས་མ་གཏོགས་མེད་པའི་ཚོད་རེད་ལ། འདི་ནི་མི་གཞིའི་ཀུན་སྤྱོད་ཀྱི་ངོས་ནས་ཀྱང་ཆེས་མ་འདང་བའི་ཕྱོགས་ཤིག་ཡིན་པ་མ་ཟད། ཁྲིམས་དང་མཐུན་པའི་ལས་ཀ་ཞིག་ཀྱང་རྩ་བ་ནས་མིན་པ་ཤེས་བཞིན་དུ་གཞོན་སྐྱེས་མང་པོ་ཞིག་ལ་བརྙས་བཅོས་དང་དམའ་འབེབས་བྱེད་པ་སློབ་གསོ་རུ་འདོད་པའི་མི་རྒན་ཨུ་ཚུགས་ཅན་འདི་དག་སློབ་གསོའི་ལས་གནས་དང་ཁ་གྱེས་ནས་སློབ་གསོའི་ཞིང་ཁམས་ལ་ཞི་བདེའི་ཁ་དབུགས་གསར་བ་ཞིག་ཁྱབ་ཐུབ་པའི་ཉིན་མོ་དེ་ནི་བོད་ཀྱི་སློབ་གསོ་ལ་རེ་བའི་ཉི་ཟེར་ཞིག་གཞི་ནས་འཕྲོས་པ་ཡིན་ནོ།།

ལྔ་བ། ལས་བྱ་ལས་འཕྲོད་བསྟེན་མི་ཤེས་པའི་ནག་ཉེས།

མིའི་རིགས་ཀྱི་ལས་དོན་མཐའ་དག་གི་རྩ་བ་ནི་ལུས་ཀྱི་འཕྲོད་བསྟེན་ལ་ཐུག་ཡོད་ཅིང་། ལུས་པོའི་འཕྲོད་བསྟེན་ལ་བདག་སྐྱོང་བྱེད་མི་ཤེས་པར་ལས་ཀར་བརྩོན་མཁན་ནི་རྒྱལ་ཁ་ལེན་མི་ཤེས་པའི་རིགས་ཡིན་པས་ངལ་གསོ་བའི་དུས་ཚོད་དང་ལས་ཀ་བྱེད་པའི་དུས་ཚོད་ལ་གཏན་འཁེལ་བྱེད་དགོས་པ་ནི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་རྩ་ཁྲིམས་སུ་ཡོད་པ་དེ་ལྟར་ན་ཡང་། སློབ་སྦྱོང་ལས་འཕྲོད་བསྟེན་ལ་བསམ་བློ་གཏོང་མི་ཤེས་པའི་ལམ་ལུགས་དེ་ནི་སློབ་གསོའི་ལམ་ལུགས་ཡང་དག་ཅིག་རྩ་བ་ནས་མིན། ལས་བྱ་སྤྲོད་པ་ཁོ་ན་ལས་སློབ་ཕྱིའི་བྱ་འགུལ་དང་སྦྱོང་བརྡར་གོ་སྒྲིག་བྱེད་མི་ཤེས་པའི་དགེ་རྒན་དག་ནི་སློབ་མའི་འདོད་བློ་ཡོངས་སུ་ཚིམས་པའི་དགེ་རྒན་དུ་ནམ་ཡང་འགྱུར་ཐབས་མེད།

ཁ་སང་དེ་རིང་བོད་ཁམས་ཀྱི་སློབ་གསོའི་ལས་གནས་ན་ཡོད་པའི་དགེ་རྒན་དག་ལ་སློབ་གསོའི་ཐབས་ལམ་ཞིག་ཡོད་པ་ནི། ལས་བྱ་མང་པོ་སྤྲོད་རྒྱུ་དེ་ལས་སློབ་མའི་ངལ་གསོའི་དུས་ཚོད་དང་འཕྲོད་བསྟེན་ལ་གནོད་བསྐྱལ་གྱིན་པའི་ཐད་ལ་བསམ་བློ་རྩ་བ་ནས་གཏང་གི་མེད། ད་ལྟའི་སློབ་ཆུང་སློབ་མ་དག་ལ་མཚོན་ན་བསླབ་དེབ་རེ་རེར་ཉིན་རེར་ལས་བྱ་རེ་དང་། ཁྱིམ་ནས་སྦྱོང་དེབ་ངོས་ལ་ལས་བྱ་རེ་འབྲི་དགོས། ལས་བྱ་དག་ཡོངས་སུ་ཚར་བར་བྱས་དུས་དགོང་མོའི་ཆུ་ཚོད་བཅུ་བ་ཙམ་ལ་སླེབས་ཡོད་པ་དང་དགོང་ཟས་ལ་རོལ་བའི་སྐབས་ཙམ་ལས་ངལ་གསོ་བའི་ཁོམ་པ་ནི་གང་ན་ཡོད། བཅུ་དང་ཕྱེད་ཀའི་སྟེང་གཉིད་ཉལ་བ་ཡིན་ན་བཅུ་གཅིག་ནས་ཞོགས་པའི་དུས་ཚོད་དྲུག་པའི་བར་མ་གཏོགས་གཉིས་ཁོམ་མེད། ཞོགས་སྦྱོང་ནས་སློབ་ཁྲིད་དང་ཉིན་གུང་གི་བར་གསེང་ལ་ལས་བྱ། ཕྱི་དྲོའི་སློབ་ཁྲིད་དང་དགོང་མོའི་ལས་བྱ་བཅས་རེ་རེ་བཞིན་སྒྲུབ་ཡོང་དུས་ཀླད་པ་དང་མིག་ལ་ངལ་གསོ་དགོས་པ་དང་། ཟ་མ་དུས་ཐོག་ཏུ་མ་ཟས་ན་འཕྲོད་བསྟེན་ལ་གནོད་པ་སོགས་ཀྱི་ཆོས་ཉིད་ལ་ཤེས་བཞིན་དུ་རྒོལ་བ་ལས་དེ་ལ་བསམ་ཤེས་ཐུབ་མཁན་གྱི་དགེ་རྒན་ནི་རི་བོང་གི་རྭ་རུ་གྱུར་ཡོད། དེ་ལས་ཛ་དྲག་པ་ནི་སློབ་འབྲིང་གི་སློབ་མ་དག་གི་གནས་བབ་ཡིན་ཏེ། སློབ་འབྲིང་སྐབས་བསླབ་བྱ་ཇེ་མང་དང་། འགན་ཁུར་ཇེ་ལྕིར་སོང་བར་བརྟེན། སློབ་མ་དག་གིས་གཉིད་ཆག་ཟས་བརྗེད་ཀྱིས་སློབ་སྦྱོང་བྱས་དང་བྱེད་བཞིན་པ་འདི་ལྟར་ན་ཡང་། སློབ་གསོའི་ལས་སྣེ་བ་དག་ཀྱང་སློབ་གྲྭའི་སློབ་གསོར་རྟོགས་ཞིབ་ཏུ་ཡོང་དུས་ལས་བྱའི་གྲངས་ཀ་བརྩི་བ་ཐབས་ལམ་དུ་འདོད། དགེ་རྒན་དག་གིས་ཀྱང་སློབ་མ་ཚོར་ལས་བྱ་སྤྲད་དེ་ལས་བྱ་ཅི་ཙམ་མང་པ་བྲིས་ན་དེ་ལྟར་ཡར་རྒྱས་འགྲོ་བའི་འདུ་ཤེས་བཟུང་། དོན་དམ་ལས་བྱ་ཞེས་པ་འདི་འབྲི་རྒྱུ་ཁོ་ན་ཞིག་རྩ་བ་ནས་མིན་ན་ཡང་རང་ཅག་གི་སློབ་གསོའི་སྲོལ་རྒྱུན་ལྟར་ན་འབྲི་བ་ལས་འདོན་པ་དང་ཀློག་པ་ནི་ལས་བྱ་ཞིག་ཡིན་པའི་འདུ་ཤེས་རྩ་བ་རྒུ་ནས་མེད། ལས་བྱ་སྤྲོད་སྟངས་འདིས་སློབ་ཆུང་མཐར་ཕྱིན་ནས་སློབ་འབྲིང་དུ་སླེབས་པའི་སློབ་མའི་གྲས་སུ་བོད་ཡིག་ཡག་པོ་ཞིག་འབྲི་ཐུབ་མཁན་ཞིག་ཡོད་ཆོག་ཆོག་ཡིན་མོད། དེ་ནི་ག་ལ་བཀླག་ཐུབ་པའི་སློབ་མ་ཡང་མང་པོ་མེད། སློབ་གྲྭ་ཁག་ཅིག་ནས་ཡོང་བའི་སློབ་མ་ཚོས་རང་གི་མིང་དག་ཆ་ཡོད་པ་ཞིག་ཀྱང་འབྲི་དཀའ་བར་གྱུར་ཡོད། མདོར་ན་ལས་བྱ་ཞེས་པ་འདི་ནི་མིག་ལམ་དུ་མངོན་ཐུབ་པའི་སློབ་གསོའི་ཐབས་ལམ་ཞིག་ལ་བལྟས་པའི་ནག་ཉེས་དེས་སློབ་མ་མང་པོ་ཞིག་དཔེ་ཆ་དང་འབྲི་དེབ་མཐོང་ན་སུན་ནས་ཡོད་པས་རང་ཅག་གི་ན་གཞོན་པའི་སྡེ་ནས་རང་མོས་ཀྱིས་དཔེ་ཀློག་བྱེད་ཀྱིན་པའི་ན་གཞོན་ནི་ཤིན་ཏུ་ནས་ཉུང་ངུར་གྱུར་ཡོད། མདོར་ན་དགེ་རྒན་དག་གིས་སློབ་མ་ཚོར་ཉིན་གུང་དང་མཚན་མོའི་ལས་བྱ་སྤྲོད་ཅིང་། གཟའ་མཇུག་སོགས་ལ་ཡང་བྲིས་མི་ཚར་བའི་ལས་བྱ་མང་པོ་ཞིག་སྤྲད་དང་སྤྲོད་ཀྱིན་པའི་གནས་བབ་འདིར་བལྟས་ཡོང་ན། མིའི་རིགས་ཀྱིས་ལས་ཀར་བརྩོན་པ་བྱེད་དགོས་པ་དང་ལུས་སེམས་གཉིས་ལ་ཡང་དགོས་ངེས་ཀྱི་ངལ་གསོའི་དུས་ཚོད་ཅིས་ཀྱང་དགོས་པའི་ཆོས་ཉིད་ཐེད་ལ་བོར་བའི་སློབ་གསོ་འདིའི་བསྐྱེད་འབྲས་ནི་ཡ་མཚར་བ་ཞིག་སྟེ། ནུབ་གླིང་གི་ལས་བྱ་ཉུང་ཉུང་བྲིས་ནས་དཔེ་ཀློག་མང་ཙམ་བྱས་ནས་སློབ་མཐར་ཕྱིན་པའི་སློབ་མ་དང་ཡ་གླིང་དང་དམིགས་བསལ་བོད་ཁམས་ཀྱི་ལས་བྱ་མང་པོ་བྲིས་ནས་དཔེ་ཀློག་རྩད་ནས་བོར་ཡོང་བའི་སློབ་ཆེན་མཐར་ཕྱིན་སློབ་མ་གཉིས་བསྡུར་བ་ཡིན་ན། བསམ་བློ་དང་ཤེས་ཚད་ཀྱི་རྨང་གཞི། མི་གཞིའི་ཀུན་སྤྱོད་སོགས་ལ་ཧེ་བག་ག་ཙམ་ཡོད་དམ།

དྲུག་པ། སློབ་མའི་རྣམ་འགྱུར་ལས་རང་གི་སྤྱོད་པ་མི་ཤེས་པའི་ནག་ཉེས།

བཟང་བོའི་སྤྱོད་པ་ནི་མི་སུ་ཞིག་གི་མི་ཚེ་བསྐྱལ་བར་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ཁྲོད་དོན་དུ་གཉེར་དགོས་པ་དང་གཞན་གྱི་མཐོང་སྣང་དུ་མངོན་པར་བྱ་དགོས་པ་ཞིག་ཡིན་པ་ལས། གཞན་གྱི་ཀུན་སྤྱོད་ཁོ་ནའི་སྟེང་གི་ནོར་འཁྲུལ་དག་ངོས་འཛིན་པ་ཙམ་ག་ལ་ཡིན་མོད། བག་ཡོད་བསྟེན་པའི་སྤྱོད་ལམ་དང་། རྣམ་དཔྱོད་ལ་བསྟེན་པའི་སློབ་མ་སྐྱོང་སྟངས་ཀྱིས་ང་ཚོ་ཤིན་ཏུ་ཕོངས་ནས་ཡོད།

བོད་ཁུལ་གྱི་སློབ་གྲྭ་མང་ཆེ་བར་ལས་ཀ་གཉེར་གྱིན་པའི་དགེ་རྒན་དག་ལ་གཅིག་གྱུར་གྱི་འདུ་ཤེས་ཤིག་ཡོད་པ་ནི་རང་ཉིད་ཚད་ལྡན་དང་། སློབ་མ་ངན་པར་འདོད་པ་དང་། རང་ཉིད་ལ་དཔོན་པོ་དང་སློབ་མར་བློན་པོའི་འདུ་ཤེས་ལས། སློབ་མའི་གྲས་སུ་མ་འོངས་པར་རང་ཉིད་ལས་ལྷག་པའི་མི་བུ་འཇོན་ཐང་ཅན་དང་དང་ཤེས་སྟོབས་ཅན་མང་པོ་ཞིག་ཡོད་ངེས་པར་སྙམ་མཁན་དཀོན་པས་སློབ་མ་ཚོར་གདེང་འཇོག་ཀྱང་རྩ་བ་ནས་མི་བྱེད། རང་གི་སྤྱོད་པ་ལ་བདག་མ་བྱས་ན་བྱིས་པ་ཚོར་བག་ཆགས་ངན་པ་འཇོག་སྲིད་པར་འདོད་པའི་ཀུན་སློང་ཡང་མེད། དགེ་རྒན་གྱི་ལས་གནས་ནི་ཡོན་ཏན་ལ་སྦྱོང་བའི་གར་སྟེགས་གལ་ཆེན་ཞིག་ཡིན་པའི་འདུ་ཤེས་ཀྱང་མེད་པས། བོད་ཁུལ་གྱི་དགེ་རྒན་མང་པོ་ཞིག་ལས་ཁྱུར་ངལ་གསོ་བྱེད་དུས་རང་ཉིད་ནས་བྱིས་པར་བག་ཆགས་བཟང་བོ་འཇོག་པའི་ཤུགས་རྐྱེན་ཐེབས་པ་ལས། བྱིས་པ་དག་གི་འགྲོ་འདུག་སྤྱོད་གསུམ་གྱི་ཤུགས་རྐྱེན་ཕྱིར་དགེ་རྒན་ལ་ཐེབས་ཏེ་ལོ་ན་རྒས་དུས་བྱིས་པ་ལྟ་བུར་གྱུར་བའི་གནས་སྟངས་ཡ་ང་བ་ཞིག་འབྱུང་གིན་ཡོད་པ་འདི་ད་དུང་ཡང་ངོས་ཟིན་མཁན་ཉུང་ཉུང་ལས་མེད།

རང་ཉིད་ཚ་དཔར་དང་བྱིས་པ་ཚ་ཚ་ལྟ་བུར་བྱེད་འདོད་ཙམ་ལས། རང་ཉིད་ཀྱི་འགྲོ་ལས་འདུག་སྟངས་ལ་བདག་གཅེས་ཀྱིས་ནམ་ཡང་རང་ཉིད་ཀྱི་ལས་ཀ་དགེ་རྒན་ཡིན་པས་དགེ་རྒན་ནི་སྤྱོད་པ་ཚད་ལྡན་ཞིག་ཡིན་དགོས་པ་དང་། དགེ་རྒན་གྱིས་བྱིས་པ་དག་ལ་བག་ཆགས་ཅི་ཡང་འཇོག་སྲིད་པའི་འདུ་ཤེས་རྩ་བ་ནས་བྲལ་སྟབས། དགེ་རྒན་དག་གིས་སློབ་གྲྭའི་ར་སྐོར་ནང་དུ་བ་འཐེན་པ་དང་ཆང་བཏུང་བ། ཤོ་རྒྱག་པ། གོན་པ་འདྲ་མིན་གོན་ནས་སྐྲ་ལོའི་བཟོ་ལྟ་འདྲ་མིན་བྱེད་པའི་སྤྱོད་སྟངས་དེས་བྱིས་པ་དག་ལ་བག་ཆགས་ག་འདྲ་ཞིག་འཇོག་མིན་ལ་དོ་སྣང་རྩ་བ་ནས་བྱེད་ཀྱི་མེད། སྤྱིར་དགེ་རྒན་ཞེས་པ་ནི་མཁས་བཙུན་བཟང་གསུམ་དང་གཙང་མཁས་གཞན་ཕན་གྱི་ནུས་པ་ཡོངས་སུ་ཚང་དགོས་ལ་ཆ་རྐྱེན་ཤིན་ཏུ་མཐོ་བའི་གང་ཟག་ཁྱད་པར་བ་ཞིག་ཡིན་དགོས་ཀྱང་། རང་ཅག་གི་ཡུལ་གྲུ་འདིར་ཡོད་པའི་དགེ་རྒན་དག་གི་སྤུས་ཀ་ནི་གཅིག་ལས་གཅིག་སྡུག་གི་གནས་ཚུལ་ཞིག་འབྱུང་མུས་ལ་བརྟེན། དགེ་རྒན་མང་པོ་ཞིག་གིས་སློབ་མ་ཚོར་སློབ་གསོ་རྒྱག་དུས་ཁ་མཁས་པ་ལས་རང་ཉིད་ཀྱི་སྤྱོད་པར་བདག་བྱེད་པའི་འདུ་ཤེས་མེད་པ་སོགས་ན་གཞོན་མང་པོ་ཞིག་གི་རྣམ་དཔྱོད་ལ་ཁ་ལོ་ཆེན་པོ་བསྒྱུར་མ་ཐུབ་ཅིང་སེམས་རྒྱུད་སློབ་གསོས་བརླན་མ་ཐུབ་པར་ལུས་ཡོད་པའི་གནས་བབ་འདི་ནི་ང་ཚོས་བསམ་བློ་གཏང་དགོས་པའི་གནས་བབ་ཛ་དྲག་ཅིག་ཏུ་གྱུར་ཡོད།

དགེ་རྒན་གྱི་ལས་རྐང་ན་ཡང་ལྷག་བསམ་ཟོལ་མེད་དང་ཉིན་མཚན་ལྟོས་མེད་ཀྱིས་སློབ་མ་དག་གི་སློབ་སྦྱོང་དང་མི་གཤིས་ཡར་རྒྱས་ལ་འབད་དང་འབད་མུས་ཀྱི་སྐྱེས་བུ་བླ་ན་མེད་པ། རང་གི་དཀའ་ཚེགས་ཐེད་ལ་བོར་ནས་སློབ་མ་རྣམས་སུས་ཀྱང་འདོད་པ་ཁེངས་ངེས་པའི་ཡ་རབས་སྤྱོད་བཟང་གི་འཚོ་བར་རོལ་ཏུ་འཇུག་རྒྱུའི་བསམ་བློ་ཡོད་མཁན་གྱི་རླབས་ཆེན་གྱི་དགེ་རྒན་ཡང་མང་པོ་ཞིག་ཡོད་མོད། ཡག་པ་ལས་སྡུག་པ་མང་བའི་ཁོར་ཡུག་འདིར་ལས་དོན་ངན་པ་ལས་མཁན་ལས་བཟང་བོ་ལས་མཁན་དག་མྱི་ཁ་ལ་སྐྲག་དགོས་པའི་ཚོད་དུ་ཡོད་པའི་གནས་བབ་འདིས་ང་ཚོའི་མ་འོངས་པའི་མདུན་ལམ་ལ་བཀག་རྒྱ་ཤིན་ཏུ་ནས་ཆེན་པོ་བཟོས་དང་བཟོ་བཞིན་ཡོད་ཅིང་། དགེ་རྒན་ཞེས་པ་ནི་གོང་ནས་བཤད་པ་བཞིན་ཆོས་རྗེ་ས་པཎ་གྱིས་གཙང་མཁས་གཞན་ལ་ཕན་པར་འདོད་མཁན་ཞིག་ཡིན་པ་གཞིར་བཞག་ནས་“རང་སྐྱོན་རང་རྟོག་དང་། དགེ་འདོན་སྐྱོན་སེལ། སྔ་འགྱོད་ཕྱི་སྡོམ་གྱི་སྒོ་ནས་རང་གི་ཀུན་སྤྱོད་ལ་རྟོག་ཞིབ་གྱིས་བླང་བྱ་ནན་པོ་འདོན་དགོས་”པའི་གང་ཟག་ཅིག་ཡིན་པ་ལས། དུ་ཆང་རྒྱན་དང་ཤོ་ཁང་གནས་སུ་འཆའ་བའི་གང་ཟག་ཅིག་གཏན་ནས་མིན་ནོ།།

མཇུག་གི་སྐད་ཆ།
ནམ་རྒྱུན་རང་ཉིད་ནི་སློབ་གསོའི་སྐོར་ལ་བསམ་བློ་དང་དེའི་ཐད་སྐྱོན་སེལ་བོགས་འདོན་བྱེད་པར་འབད་མཁན་ཞིག་ཡིན་པའི་ངོས་ནས་ཁ་ནས་བཤད་པ་ཙམ་མིན་པར་ལག་ལེན་ལ་ཡང་འབད་ཁུལ་བྱེད་ཀྱིན་པའི་མི་ཞིག་ཡིན་པའི་ངོས་ནས་ལྷག་བསམ་རྣམ་དག་གིས་བོད་ཁུལ་གྱི་སློབ་གསོའི་གནད་དོན་ཇི་རྙེད་ཅིག་ལས་བྱེ་བྲག་དུ་བབས་ནས་བཤད་པའི་ཁུལ་ལེགས་ཀྱང་། འདིས་མཐོན་པོའི་ཞབས་དང་དམའ་བོའི་མགོ་ལ་ཕོག་མི་སྲིད་པ་ནི་གཏན་ནས་མིན་ན་ཡང་། བདག་གི་རེ་བ་ནི་ཕོག་ཐུག་བཟོ་རྒྱུ་ཁོ་ན་མིན་པར་ཕོག་ཐུག་བཟོས་པ་ལས་ལེགས་བཅོས་ཅུང་ཟད་ཅིག་བྱེད་ཐུབ་ན་བསམ་པ་ལས་གཞན་ཅི་ཡང་མིན་ནོ།

ཟུར་ཞུ། རྩོམ་ཡིག་འདི་ན་གཞོན་གསར་བ་དུས་དེབ་སྟེང་བཀོད་ཡོད།