དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་ནི་དུས་རབས་གོང་མའི་གངས་ཅན་ཡུལ་གྱི་གནད་ཆེ་འགངས་ཆེན་གྱི་མི་སྣ་ཞིག་སྟེ། སྔ་ཕྱིར་རྒྱལ་དབང་སྐུ་ཕྲེང་གཉིས་དང་པཎ་ཆེན་སྐུ་ཕྲེང་གཉིས་ལ་འབྲེལ་ལམ་ཟབ་མོ་ཡོད་པ་མ་ཟད། བོད་གོ་གུང་གཞུང་གསུམ་སྟེ་བོད་སྡེ་པ་གཞུང་དང་། གོ་མིན་ཏང་སྲིད་གཞུང་། གུང་ཁྲན་ཏང་སྲིད་གཞུང་བཅས་ལའང་འབྲེལ་ཆེ་བའི་མི་སྣ་ཞིག་ཡིན་པའོ། །ཁོང་ནི་ངེས་དོན་གྱི་མཁས་པ་ཞིག་ཡིན་པའི་མི་ཚད་ཆོས་པ་ཞིག་ཀྱང་རེད་ལ། ཆབ་སྲིད་མི་སྣ་ཞིག་ཀྱང་རེད། མཁས་ཆོས་སྲིད་གསུམ་གང་ཟག་གཅིག་གི་སྟེང་གྲུབ་པའི་དགེ་བཤེས་རིན་པོ་ཆེ་ཁོང་ནི་རང་རེའི་ཉེ་རབས་སམ་དེང་རབས་ལོ་རྒྱུས་ཁྲོད་གླེང་རི་བའི་མི་སྣ་གལ་ཆེན་ཞིག་ཏུ་ཆགས་ཡོད།

གུས་པས་འདིར་གླེང་འདོད་པ་ནི“གསར་བརྗེ”དང་དགེ་བཤེས་རིན་པོ་ཆེ་བར་གྱི་འབྲེལ་བའི་སྐོར་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་ཡོ་ལང་དྲག་ཏུ་རྒྱས་པའི་སྐབས་སུ་ཁོང་གིས་སེམས་ཐག་གཙང་བཅད་དང་ངལ་བ་ལྷུར་ལེན་གྱིས་གསར་བརྗེའི་ལས་ཀར་ཞུགས་ནས་སྤྱི་ཚོགས་གྲལ་རིམ་ཅན་དང་ཆོས་ལུགས་སྤྱི་ཚོགས་ཅན། ཡོན་ཏན་པ་གསར་བརྗེ་ཅན་སོགས་ཀྱི་བསྒྱུར་བཀོད་ཐད་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་གནང་འདུག་ཅིང་། ཁོང་ཉིད་ཀྱིས་གསར་བརྗེའི་ལས་དོན་ལ་གཞོལ་གཞོལ་ཅིག་མཁས་པ་དང་ཆོས་པ་གཞན་གང་གིས་ཀྱང་འབད་མི་འདུག་པས་ན། ཁོང་ནི་རང་བཞིན་གྱིས“གསར་བརྗེ་དྲིལ་སྒྲོག་པ”ཞིག་ཏུའང་གྱུར་འདུག་སྙམ།

ཡིད་སེམས་རྨང་ནས་སྐྱོ་བ་ཞིག་ལ“གསར་བརྗེ”ཡི་དོན་དུ་འབད་འབད་པའི་མཐའ་མར་ཁོང་ཉིད“གསར་བརྗེ”ཡིས་ཁྱུར་མིད་བཏང་སོང་བ་དེ་རེད། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པའི་དཀྱིལ་ནས་བཟུང་དགུང་ལོ་བརྒྱད་ཅུ་ལྷག་ལ་སོན་པའི“རྒྱལ་གཅེས་བགྲེས་པོ”ཁོང་ལ་ཉེས་མེད་ནག་འགེལ་གྱི་ཞྭ་མོ་བཙན་གྱིས་གཡོགས་ཏེ་དགག་རྒྱག་འཐབ་རྩོད་སྐྱི་གཡའ་བ་བྱས་འདུག་པ་དཔེར་ན། “1964ལོའི་ཟླ10པའི་ཚེས4ཉིན། ཁོང་ཚང་ལ་ཐེངས་དང་པོར་དགག་པ་རྒྱག་པའི་ཚོགས་ཆེན་པེ་ཅིན་ནས་ནང་བསྟན་ཆོས་ལུགས་སློབ་གྲྭར་འཚོགས། སྐབས་དེར་ཁོང་གི་མགོར‘ཏང་རྒོལ་ཚོགས་ཁག’རྩ་འཛུགས་དང‘ལོག་སྤྱོད་རྩ་འཛིན་བཟོ་འགོད་བྱས་པ།’‘བློ་ལོག་ཟིང་འཁྲུག་པ་དང་ངན་འབྲེལ་བྱས་པ’ལ་སོགས་ཀྱི་ཉེས་མིང་སྣ་ཚོགས་བཙན་གྱིས་དཀྲིས་པ་མ་ཟད། ཡེ་ཤུ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་ཁང་ནང་དུ་ཞིང་ཆེན་བཅུ་གཉིས་ཀྱི་མི་སྣ་ཆིག་སྟོང་ལྷག་འདུས་པའི་ཚོགས་ཐོག་ཏུ་ཁོང་ལ་དགག་པ་ཉིན་གཉིས་ལ་བརྒྱབ”[1]འདུག་པ་དང་། ཡང་ལོ་དེའི་ལོ་མཇུག་ཏུ་ཁོང་ལ“ཏང་ལ་ངོ་རྒོལ་དང་། མའོ་ཀྲུའུ་ཞི་ལ་ངོ་རྒོལ། སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ”བཅས་ཀྱི་ཉེས་མེད་སྐྱོན་འཛུགས་བྱས་ཐོག་ཕྱིར་ཕ་ཡུལ་མཚོ་སྔོན་དུ་བསྐྱལ་ཡོད་པ་རེད།

དེའི་མི་ཚད། “ཟི་ལིང་ཏུན་ཀོན་གྱི་ཧོས་ཧོས་དགོན་པའི་ནང་དུ་ད་རུང‘ཤེས་རབ་རྒྱ་མཚོ་ཏང་རྒོལ་རྒྱལ་འགལ་ཚོགས་པའི་ཉེས་སྤྱོད་བཀྲམས་སྟོན’ཞེས་པ་བཤམས་ནས། ཁོང་གིས་ལོ་མང་པོར་འཚོལ་བསྡུས་མཛད་པའི་དཔེ་ཆ་དང་སྐུ་འདྲ། ཁོང་རང་གི་ན་བཟའ་དང་ཡོ་བྱད་ལ་སོགས་པ་ཚང་མ་ཉེས་རྟགས་སུ་བརྩིས”[2]འདུག་པ་ལྟ་བུའོ། །

དེ་ལྟར་དགག་རྒྱག་འཐབ་རྩོད་རབ་དང་རིམ་པ་བྱས་མཐར་དགེ་བཤེས་རིན་པོ་ཆེ་ཁོང་སྤྱི་ལོ1968ལོའི་ཟླ11པའི་ཚེས1ཉིན“གསར་བརྗེ”ཡིས་གནང་བའི་ཞྭ་མོ་ཆེན་པོ་དག་མི་འདོད་བཞིན་དུ་མནབས་ཏེ་སྐུ་མྱ་ངན་ལས་འདས་སོ། །

ང་རང་ཚོས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཐོག་ནས་སྲིད་དབང་དང་ཡོན་ཏན་པའི་བར་གྱི་འགལ་འབྲེལ་དང་།གསར་བརྗེ་དང་ཆོས་པའི་བར་གྱི་འགལ་འབྲེལ་བཅས་ཀྱི་གསང་བ་མང་པོ་ཞིག་རྟོལ་ཆོག་ལ། མ་ཟད། རླུང་དམར་འུར་འུར་ལྡང་བའི་གསར་བརྗེའི་ལོ་རབས་ནང་དུ་མཁས་པ་རྣལ་མ་ཞིག་དང་ཆོས་པ་གཤའ་མ་ཞིག་ཇི་ལྟར“གསར་བརྗེ”རང་གིས་ཁྱུར་མིད་བཏང་བའི་སྐྱོ་གར་དེའང་གསལ་པོར་མཐོང་ཐུབ་པའོ། །

ལོ་རྒྱུས་རྒན་པོའི་གླེགས་བམ་ཁྲོད་ཀྱི་ས་རྡུལ་གྱིས་གཡོགས་པའི་ཤོག་ལྷེ་དག་ལ་ག་ལེར་མཇལ་ན། བདག་ལ་ནི་ཁོང་འདར་ཡང་ཡང་རྒྱག་པར་བྱེད་དོ། །

 

ཞེས་པ་འདི་ཡང་མེ་ལྕེ་རུ་འབོད་པས་དེ་སྔའི་དཔེ་ཀློག་ཟིན་བྲིས་ཤིག་ལ་སྣོན་འཕྲི་ཅུང་ཟད་དང་བཅས་སྤྱི་ལོ2017ལོའི་ཟླ11པའི་ཚེས23ཉིན་སྦྱར་བ་དགེའོ། །

 

 

མཆན།

[1] དབྱང་ཞའོ་ཕེན་གྱིས་རྩོམ་བསྒྲིགས་ཤིང་པ་ཐར་གྱིས་བསྒྱུར་པའི<<དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་མཆོག་གི་མཛད་འཕྲིན་མདོ་ཙམ>> སྲིད་གྲོས་མཚོ་སྔོན་ཞིང་ཆེན་རིག་གནས་ལོ་རྒྱུས་དཔྱད་གཞི་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གིས་བསྐྲུན། ཤོག་ངོས26པར་གསལ། ནང་ཁུལ་རྒྱུ་ཆ་ཡིན་པས་པར་སྐྲུན་གྱི་དུས་ཚོད་མི་གསལ།

[2] དབྱང་ཞའོ་ཕེན་གྱིས་རྩོམ་བསྒྲིགས་ཤིང་པ་ཐར་གྱིས་བསྒྱུར་པའི<<དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་མཆོག་གི་མཛད་འཕྲིན་མདོ་ཙམ>> སྲིད་གྲོས་མཚོ་སྔོན་ཞིང་ཆེན་རིག་གནས་ལོ་རྒྱུས་དཔྱད་གཞི་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གིས་བསྐྲུན། ཤོག་ངོས26ནས27བར་གསལ། ནང་ཁུལ་རྒྱུ་ཆ་ཡིན་པས་པར་སྐྲུན་གྱི་དུས་ཚོད་མི་གསལ།