[ནང་དོན་གནད་བསྡུས།] རྩོམ་འདིར་རྩོམ་པ་པོ་རང་ཉིད་བོད་པ་ཞིག་ཡིན་པའི་ངོས་ནས་དཔལ་དོན་གྲུབ་རྒྱལ་གྱིས་བོད་ལ་བཞག་པའི་མཛད་རྗེས་མདོར་བསྡུས་གླེང་བའི་སྒོ་ནས། བྱེ་བྲག་ཏུ་སྨྱུག་ཐོགས་པ་རང་ཉིད་རང་སའི་བོན་ཆོས་ཀྱི་གྲལ་མཐར་གནས་པ་ཞིག་ཡིན་པའི་ཐད་ནས་དཔལ་དོན་གྲུབ་རྒྱལ་བོན་དང་འབྲེལ་བའི་སྐོར་ནས་དཔྱད་གླེང་བྱས་ཡོད༑

[བརྡ་ཆད་གཙོ་བོ།] དཔལ་དོན་གྲུབ་རྒྱལ། བོན། ཐོས་ཡངས། 

དཔལ་དོན་གྲུབ་རྒྱལ་ཞེས་པའི་མིང་ཚིག་བཞི་པོ་འདི་ཁོ་བོ་རང་ལོ་དྲུག་བདུན་གྱི་སྐབས་དེ་ཤེད་ཅིག་ནས་རྣ་བའི་བུ་གར་ལྷུང་སྟེ་ལར་ནས་འབོར་མ་མྱོང་བ་འདྲ༑ དེའི་ཡར་སྔོན་ངེད་ཀྱི་ཕ་ཡུལ་དུ་ཆ་ཚང་བའི་སློབ་གྲྭ་ཚད་ལྡན་ཞིག་མེད་ཀྱང་སྐབས་དེ་ཙམ་ཞིག་ཏུ་སློབ་ཆུང་ཚད་ལྡན་ཞིག་ཚུགས་ཤིང་ཁོ་བོ་སོགས་ཀྱང་ཆེས་ཐོག་མའི་སློབ་གྲྭ་དེའི་སློབ་མར་གྱུར་སོང་༑ དེར་བརྟེན་ང་ཚོའི་སློབ་གླིང་དེ་ནི་ཆེས་ཐོག་མའི་ཤེས་རིག་གི་གུར་ཁང་དེའང་ཡིན་པར་བཤད་ཆོག་པས་ང་ཚོ་ལ་ཤེས་རིག་གི་ཐད་ནས་བྱ་མིག་ཡར་བལྟའི་དམིགས་འབེན་ལེན་ས་ཞིག་དེའི་དུས་སུ་མེད༑ ཡིན་ན་ཡང་སྐབས་དེར་ང་ཚོ་སློབ་མ་བརྒྱ་ཁ་ལྷག་ཅིག་ཡོད་པ་ལ་དགེ་རྒན་གསུམ་ཡོད་པས་ཁོང་རྣམས་ཀྱིས་ལམ་སྣ་དྲངས་ཏེ་ང་ཚོ་རིག་གནས་མི་འདྲ་བ་སྣ་ཁ་གསུམ་འགྲུས་གཅིག་ཏུ་བསླབ་ནས་བྱུང་བས། ད་སྔ་གོ་བ་དང་ཐོས་པ་ལར་ནས་མེད་པའི་རིག་ཚན་གསར་པ་དེ་དག་གིས་འུ་ཅག་ཕྲུ་གུ་ཚོ་སྤྲོ་སྣང་གསར་པ་ཞིག་བྱིན་པ་མ་ཟད་ཡུལ་མི་ཁྱིམ་བདག་དག་ཀྱང་ངོ་མཚར་དུ་བཅུགས་ཡོད༑

ཡིན་ན་ཡང་ཁོ་བོ་ནི་ཨ་སར་ཙམ་ལས་དགེ་རྒན་ཚོས་ཆེས་ཐོག་མར་བསླབ་པའི་ལེགས་བཤད་དེ། “ཉི་མ་རེ་ལ་ཚིག་རེ་ཟུང་། །གང་ཞིག་ཉིན་བརྒྱ་སོང་བ་ན། །ཚིག་བརྒྱ་མ་ལུས་ཁོག་ཏུ་ཆུད། །”པའི་བརྩོན་པ་ཆུ་བོའི་རྒྱུན་དང་རྟག་ཏུ་འགྲུས་ཐུབ་མཁན་ཞིག་མིན་པས། ཆེས་ཐོག་མའི་དུས་སུ་རིག་ཚན་གསར་པ་དེ་དག་ལ་སྤྲོ་བ་རབ་ཏུ་འབར་བ་ཞིག་བྱུང་བ་ལས་རིམ་གྱིས་ངང་ངམ་ཤུགས་ཀྱིས་སུན་སྣང་ཞིག་སྐྱེས་ཏེ་རྟག་པར་རྣམ་གཡེང་དང་ལེ་ལོའི་ཁྱེར་ནས་སོང་༑ དེ་ལྟར་ན་ཡང་ནམ་རྒྱུན་རྟག་པར་སྒྲ་འཛིན་རྣ་བའི་དབང་པོར་ཐོས་ཡོང་བ་དང་གཟུགས་འཛིན་མིག་དབང་ལ་ཁ་ཡར་འཁོར་མར་འཁོར་གྱིས་ཤར་ཡོང་བ་ནི་ད་ལྟ་བསམ་ན་ཉེ་རབས་བོད་ཀྱི་མཁས་པའི་ཁྱུ་མཆོག་གཉིས་རེད་འདུག སྐབས་དེ་དུས་ཁོ་བོ་ནི་བྱིས་པ་སྣབས་ལུགས་ཤིག་ཡིན་པས་རང་གར་ཐལ་རླུང་གསེབ་ཏུ་ཉི་མ་ཅི་འཁྱོལ་ལ་གཡེང་བའི་མི་ཆུང་འཛོལ་རྙོག་ཅན་ཞིག་ཡིན༑ དེར་བརྟེན་སྐྱེས་བུ་ཆེན་པོ་དེ་གཉིས་ཀྱི་རྣམ་པར་ཐར་བའམ་མི་ཚེའི་བྱུང་རབས་དང་བརྩམས་ཆོས་གང་ཞིག་ང་ཅག་མ་འོངས་པ་དག་གི་བགོ་སྐལ་དུ་བཞག་ཡོད་མེད་སོགས་ཚོར་སྣང་ཅི་ཡང་མི་འདུག་ན་ཡང་། དགེ་འདུས་ཆོས་འཕེལ་དང་དཔལ་དོན་གྲུབ་རྒྱལ་ཞེས་པའི་མཚན་འདི་གཉིས་ནི་རྟག་པར་གོ་ཞིང་ཐོས་ནས་རྣ་བར་འཇགས་ཏེ་ཡོད་པས། ང་དང་ང་ལྟ་བུའི་འཁོས་ཀ་ཆུང་བའི་བྱིས་པ་དག་གི་ཁ་ནས་ཀྱང་སྐྱེས་བུ་དེ་གཉིས་ཀྱི་མཚན་ཤར་ཤར་ཐོན་གྱི་ཡོད༑

དེ་འདྲའི་བག་ཆགས་མཐུག་པོ་ཞིག་བཞག་པའི་རྒྱུ་རྐྱེན་ནི་མདོར་བསྡུས་ན་སྐབས་དེར་ཏག་ཏག་ང་ཚོ་སློབ་མ་བརྒྱ་ལྷག་ཙམ་གང་ཡོད་པ་དག ཤེས་ཡོན་གྱི་སློབ་གསོའི་དམིགས་བུ་དེ་སྐྱེས་བུ་ཆེན་པོ་དེ་གཉིས་ལ་བྱས་ཏེ་དགེན་ལགས་རྣམས་གསུམ་གྱིས་སྣེ་ཁྲིད་པས་ལོས་ཡིན༑ གང་ལྟར་འདིས་སྔར་གྲགས་མ་མྱོང་བའི་ལུང་ཁུག་ཅིག་གི་སློབ་གླིང་གསར་པ་ཆུང་ཆུང་ཞིག་ཏུའང་སྐྱེས་བུ་དེ་གཉིས་ཀྱི་ཤུགས་རྐྱེན་ཇི་ལྟ་བུ་ཐེབས་ཡོད་པ་མཚོན་གྱི་ཡོད་ལ། སྐབས་སུ་བབས་པའི་གླེང་བྱ་དཔལ་དོན་གྲུབ་རྒྱལ་གྱིས་ཤེས་ཡོན་གྱི་སྡེ་ལ་བཞག་པའི་བྱས་རྗེས་ཀྱང་མཚོན་ཐུབ་པ་ཡིན་ནོ།།

ད་ལྟ་འདི་ནས་ནན་ཏིག་གིས་ཕྱིར་དྲན་ཞིག་བགྱིས་ན་དྲན་པའི་སྦུབས་ན་གནས་པའི་ཁོང་གི་བརྩམས་ཆོས་གཅིག་རང་ཡོད་པ་ནི། “བདག་ནི་ལྷ་ཡུལ་ལྟ་བུའི་རྒྱལ་ས་ན་གནས་ཀྱང་། །ཕ་ཡུལ་དྲན་པའི་འདུན་པ་འགོག་ཐབས་རང་མི་འདུག །མཛེས་སྡུག་ལྡན་པའི་ཕ་ཡུལ་རྩྭ་ཐང་དེ་དྲན་དུས། །བདག་གི་སེམས་འདི་རྟ་ཕོ་གཤོག་ཐོངས་དང་འདྲ་བྱུང་། །ཞོགས་པའི་ཉི་གཞོན་མཐོན་མཐིང་མཁའ་དབྱིངས་སུ་འཆར་དུས། །ཕྱོགས་བཞིའི་ལྷུན་པོ་གངས་དཀར་ཅོད་པན་གྱིས་མཛེས་ཤིང་། །ཁོ་ར་ཁོར་ཡུག་ལྗོན་ཤིང་དོ་ཤལ་གྱིས་བརྒྱན་ནས། །འཕྱོར་སྒེག་ལང་ཚོ་ངོམ་པའི་ཕ་ཡུལ་དེ་དྲན་བྱུང་། །”ཞེས་སོགས་འཁོད་ཡོད་པའི«རྩྭ་ཐང་དྲན་གླུ།»ཞེས་པ་དེ་རེད༑ ཡིན་ན་ཡང་སྐབས་དེར་ཁོ་བོས«རྩྭ་ཐང་དྲན་གླུ»དེ་ཡང་རོལ་མྱོང་ཅི་ཡང་མ་ཐུབ་པ་འདྲ་སྟེ། དེའི་དབྱངས་ཀྱི་འགྱུར་འགྲོས་དང་ཚིག་གི་སྙན་བཅུད། དོན་གྱི་ཉིང་དོན། ཕགས་ཀྱི་གསང་བ་གང་ཡང་ཤེས་མྱོང་བའི་ཚོར་སྣང་ཞིག་འབྱུང་གི་མི་འདུག ཡིན་ན་ཡང་ཡིད་ལ་གཅིག་རང་དྲན་ཐུབ་པ་ནི་སྐབས་དེར་དེ་ལ་ལད་མོ་བྱས་ཏེ་ཕ་ཡུལ་དྲན་པའི་རྩོམ་ཡིག་འབྲི་རུ་བཅུག་པ་དེ་ཡིན་པ་འདྲ༑ དེ་ནི་དགེན་ལགས་རྣམ་པས་སྐབས་དེ་ཤེད་ནས་ནུབ་གླིང་གི་ཁྱེའུ་སློབ་གསོའི་ཐབས་ལམ་སྤྱད་དེ་བྱིས་པ་ཚོ་ཆུང་དུས་ནས་རྩོམ་འབྲིའི་གོམས་གཤིས་འཇགས་པར་བྱེད་ཆེད་ཁོ་ན་ཡིན་ན་ཡང་། མ་གཞི་ནས་རྨང་གཞིའི་སློབ་གསོ་མེད་པའི་ཁོར་ཡུག་ཅིག་ནས་བྱིས་ཕྲུག་སྣ་སྒོའི་སྣབས་ལུད་མི་ཚོགས་པ་འགའ་ཡིས་རྩོམ་ཡིག་འབྲི་བ་ལ་བཞོར་བ་ནི་སྤྱིར་བཏང་རྨིན་ལམ་ཙམ་ཡིན་པར་འདུག ལྷག་ཏུ“ཨ་མ་མ་གཏོགས་ངོ་མི་ཤེས་ཤིང་། །སྒོ་ཐེམ་ཡན་གྱི་ལ་མི་ཕོག་པའི”དཔེ་ཡི་མཚན་གཞིར་གྱུར་བའི། ཕ་ཡུལ་དང་ཕ་མའི་གོ་འགྲམ་ནས་གོམ་པ་འཁྱལ་མ་འཁྱོལ་ཙམ་ལས་སྤོ་མ་མྱོང་བའི་བྱིས་ཕྲུག་འགས་ཕ་ཡུལ་དྲན་པའི་རྩོམ་ཡིག་ཅིག་ག་ལ་འབྲི་ཐུབ་སྟེ། མ་གཞི་ནས་ཁོ་ལ་དེ་ཡི་མྱོང་བ་མེད་པས་དེ་ལྟ་བུའི་བརྗོད་བྱ་ཅན་གྱི་རྩོམ་ཡིག་འབྲི་ཟེར་ན་ནི་སྟོང་སེམས་ཉིད་དུ་ཟད་པ་ད་ལྟ་གཞི་ནས་ཤེས༑

དེ་ལྟར་ན་ཡང་ཁོ་བོ་ནི་རིག་ཚན་གསར་པ་མི་འདྲ་བ་དང་སྐད་ཡིག་མི་འདྲ་སྣ་ཚོགས་བསླབ་ནས་གོམ་སྟབས་ཀྱིས་སྐྱོད་པའི་ལས་དབང་དེ་མེད་པ་འདྲ་བས། ལོ་ངོ་དུ་མ་ཞིག་དེ་ལྟར་གོམ་བགྲོད་ཀྱི་ངལ་བ་བརྟས་མོད་མཐར་ནི་དུས་ཀྱི་རྒྱལ་མོས་སྟོང་ལོ་གཉིས་པའི་ལོ་རབས་དང་པོའི་དབུ་ཁྱུད་བྲིས་པ་ན། ཁོ་བོ་སླར་ཡང་གོམ་སྟབས་གསར་པ་ཞིག་རང་ཉིད་ཀྱི་མདུན་པ་དྲག་པོས་རྟ་ཕོའི་རྨིག་རྗེས་ལྟར་ལྟད་དེ་ལམ་གསར་པ་ཞིག་ཏུ་བསྒྱུར་མགོ་བརྩམས་པ་ཡིན་ནོ།། དེ་ནི་ཁོ་བོ་རང་ཉིད་ཀྱི་ལས་སྐལ་དུ་འཁུམས་པ་འདྲ་ལ་གནད་ཆེ་བའི་མི་ཚེའི་གདམས་ག་ལན་གཅིག་ཀྱང་ཡིན༑ དུས་དེ་ནས་བཟུང་ལེ་ལོ་དང་འཛོལ་རྙོག་གི་སེམས་འབྱུང་ནི་བཙན་གྱིས་མགོ་བོ་མནོན་ཏེ། ཤེས་རིག་གི་ཐང་ཆེན་རྟ་ཕོས་རྨིག་རྗེས་ལྟོད་ཀྱིན་གཤེགས་པའི་ཤེས་པ་ཕྲ་མོའི་ཟེར་ཤུགས་ཀྱང་རྟ་ཕོའི་ཟེལ་རྔོག་ལྟར་གཟེངས་ནས་བྱུང་༑ གང་ལྟར་ཁོ་བོ་ལམ་བུ་འདི་ལྟ་བུ་ཞིག་ཏུ་ཁ་ལོ་ཤུགས་ཀྱིས་བསྒྱུར་དེ་ཐང་ཆེན་སྒྱུ་མས་དེད་པས། ཕ་ཡུལ་དང་སེམས་ཀྱིས་མ་བསྐལ་ཡང་ཡུལ་གྱིས་བསྐལ་ནས་རྒྱང་དུ་བསྐྱེད་སྐབས་དངོས་སུ་ཕ་ཡུལ་དང་བྲལ་བའི་དྲན་གདུང་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས་བྱུང་༑ ད་གཟོད«རྩ་ཐང་དྲན་གླུའི»བརྗོད་སྙིང་རང་སྟོབས་ཀྱིས་གཏིང་ནས་དཔོག་པ་མ་ཟད་རྩོམ་པ་པོའི་སེམས་ཁམས་ཀྱང་བཀླགས་ཐུབ་པར་བྱུང་ངོ་།། དེ་བས་ཕ་ཡུལ་དྲན་པའི་རྩོམ་ཐུང་གིས་མི་ཚིམས་པར་རྩོམ་རིང་པོ་ཏི་ལོང་བ་ཞིག་ཀྱང་ཀློག་འདོད་དང་འབྲི་འདོད་ཀྱི་འདུན་པ་དྲག་ཏུ་འཕྱོར་རོ།།

“མཛེས་སྡུག་ལྡན་པའི་ཕ་ཡུལ་རྩྭ་ཐང་དེ་དྲན་དུས། །བདག་གི་སེམས་འདི་རྟ་ཕོ་གཤོག་ཐོངས་དང་འདྲ་བྱུང་། །”ཞེས་པ་ལྟར་དཔལ་དོན་གྲུབ་རྒྱལ་གྱིས་སྐབས་དེར་ཕ་ཡུལ་གྱི་ཕྱིའི་འཁོར་ཡུག་གི་མཛེས་པ་ཡིད་ཀྱི་མཚོ་མོར་དྲག་ཏུ་ལྡིང་སྟེ། དེ་མ་ཐག་ཕ་ཡུལ་དུ་སླེབས་ན་ཅི་མ་རུང་བར་སྙམ་ཡོད་པ་གདོན་མི་ཟ་ན་ཡང་། སྐབས་དེར་ཁོང་བགྲང་བྱ་ཇི་སྙེད་ཅིག་བརྩོན་པའི་རྟ་ཕོ་ལྕགས་ཀྱིས་གྲབ་སྟེ་ཤེས་བྱའི་ཐང་ཆེན་འདྲ་བའི་སློབ་གླིང་དུ་མ་ནས་ཐོས་པ་བསགས་ནས་འབྲས་བུ་སྨིན་ཏེ། ཀྲུང་དབྱངས་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་པའི་སྐབས་ཡིན་པར་འདུག་པས་མི་རིགས་གཞན་དང་ས་ཕྱོགས་གཞན་གྱི་དཔལ་ཡོན་གྱི་མཛེས་པ་མང་དུ་མཐོང་ཡོད་ཕྱིར། སླར་རང་རིགས་དང་རང་ཡུལ་ལ་ཕྱིར་མིག་ཅིག་བལྟས་ཏེ་གཞན་གྱི་སྔོན་ཐོན་དང་རང་ཡུལ་གྱི་ཉམས་ཆུང་བག་འཁུམ་རྣམ་པ་མེ་ལོང་ཞིག་ཏུ་ལྷན་ཅིག་གཤིབ་ནས་གསལ་བར་མངོན་པ་ལྟར། དྲན་པའི་ངོས་སུ་གཟུགས་བརྙན་གྱི་གཟེར་བཏབ་པས། མྱུར་དུ་རང་ཡུལ་ལ་ལོག་སྟེ་གཞན་ཡུལ་གྱི་དཔལ་ཡོན་ལྟ་བུའི་མཛེས་པ་ཞིག་བསྐྲུན་འདོད་ཀྱིས། “བདག་ནི་ལྷ་ཡུལ་ལྟ་བུའི་རྒྱལ་ས་ན་གནས་ཀྱང་། །ཕ་ཡུལ་དྲན་པའི་འདུན་པ་འགོག་ཐབས་རང་མི་འདུག །མཛེས་སྡུག་ལྡན་པའི་ཕ་ཡུལ་རྩྭ་ཐང་དེ་དྲན་དུས། །བདག་གི་སེམས་འདི་རྟ་ཕོ་གཤོག་ཐོངས་དང་འདྲ་བྱུང་། །”ཞེས་བཤད་པ་ཡིན་ལ་“དས་ནི་མི་སྡོད་རང་ཡུལ་ལ་ཆས་འགྲོ། །ཞིམ་མངར་ཅན་གྱི་ཆུ་མིག་དྭངས་མོ་དེ་དྲན་བྱུང་། །བང་རྩལ་སྐྱེད་དེ་མུ་མེད་རྩྭ་ཐང་ལ་ཆས་འགྲོ། །འཚོ་བཅུད་ལྡན་པའི་རམ་དཀར་རྩྭ་མཆོག་དེ་དྲན་བྱུང་། །”ཞེས་བོད་སྔ་རབས་མེས་པོ་ཚོས་ང་ཚོར་གཞན་ལ་མི་སྨོན་པའི་དཔལ་ཡོན་ཞིག་བསྐྲུན་འདུག་ཀྱང་། ཁོ་བོ་ཅག་གིས་འདི་ལྟར་གཞན་རྗེས་སུ་ལུས་ཏེ་གོམ་པའི་འདེག་འཇོག་གང་ཡང་མ་ནུས་ན་མི་འགྲིག་པ་འདུག་ན། ས་ཆ་གང་དུ་གནས་ཀྱང་ཕ་ཡུལ་ལ་དུང་ཞེན་ཟབ་མོ་ཞིག་དང་བསམ་གཞིག་ཞིབ་མོ་རེ་དགོས་གལ་ཆེ་བ་བསྟན་ཆེད་ཁོང་གིས་རྒྱལ་ས་པེ་ཅིང་ནས་ཕ་ཡུལ་དྲན་གླུ་དེ་ཉིད་གྱེར་བ་ཡིན་པར་འདོད༑ དེ་ནི་ཚིག་རྐང་དེ་དག་གི་རྗེས་སུ་དུས་བཞི་ལ་སྦྱར་བའི་ཚིག་བཅད་དག་གིས་གསལ་བཤད་བག་ཙམ་ཞིག་ཀྱང་བྱེད་ལ། ཚུལ་དེ་དག་ཁོང་གི་འཕྲིན་ཡིག་དག་ལས་ཀྱང་ཅུང་ཤེས་ཐུབ་པ་མ་ཟད་རྗེས་སུ་ཁོང་ཉིད་དངོས་སུ་ཕ་ཡུལ་དུ་འབྱོར་ནས་བྱ་བ་སྒྲུབ་པ་དེས་མངོན་གསལ་ར་སྤྲོད་བྱས་ཡོད་དོ།།

དཔལ་དོན་གྲུབ་རྒྱལ་གྱིས་དེ་ལྟར་རང་རིགས་དང་རང་ཡུལ་ལ་ལྷག་ཏུ་དུང་བ་དང་སེམས་ཁྲལ་གྱིས་འགན་ཁུར་བའི་སེམས་འབྱུང་ཞིག་དྲག་ཏུ་འཕྱོས་ཏེ། པེ་ཅིང་ནས་རང་ཡུལ་དུ་ལོགས་ནས་བྱ་བ་གཉེར་ཞིང་ཆེས་ཐོག་མར“བོད་ཀྱི་དེང་རབས་སྒྲུང་ཐུང་ཐོག་མར”གྲགས་པའི«འབྲོང་སྟག་ཐང་།»བརྩམས་པ་རེད༑ ཁོང་གི་སྒྲུང་བརྩམས་དེའི་བརྗོད་བྱ་ནི་དམངས་ཁྲོད་ཁ་དཔེར། “ཁྱོད་བྲེ་སེར་འབྲོང་གི་གཉའ་ལོ་སྦོམ་ན། །ང་རྒྱ་སྟག་ངར་མའི་ཁ་ཆེ། །”ཞེས་པ་ལྟར། གཅིག་གིས་གཅིག་ལ་བསམ་གཞིག་དང་བརྩི་འཇོག་མེད་པར་རང་ཉིད་ཀྱི་ཆེ་བ་གཅིག་པུ་ངོམ་ཏེ་ཕན་ཚུན་དབར་མི་བདེ་བ་བཟོ་བའི་གནས་ཚུལ་རྣམས་བརྙན་བླངས་པ་ལྟར་བཀོད་དེ་སུན་འབྱིན་བྱས་ཡོད་པ་རེད༑ དེ་ནི“ལྷ་ཡུལ་ལྟ་བུའི་རྒྱལ་ས”ཞིག་ནས་རང་ཡུལ་དུ་སླེབས་ཏེ་སྔར་གྱི་ལྟ་གོན་ལྟར་ཆེས་ཐོག་མར་བསྒྲགས་པའི་དུང་བརྡ་དེ་ཡིན་པ་བཤད་ཅི་དགོས༑ ད་དུང«སད་ཀྱིས་བཅོམ་པའི་མེ་ཏོག»ལྟ་བུའི“མི་སེམས་སྒུལ་བའི་ཟློས་གར”དུ་མ་འཁྲབ་སྟེ་རང་རིགས་དང་རང་ཡུལ་ལ་བློ་འབྱེད་ཀྱི་མཐུ་རྩལ་བསྟན་ཞིང་། «ལོང་ཚོའི་རྦབ་ཆུ»སོགས་ཁ་ནང་དུ་འཁོར་ཏེ་ལོ་རྒྱུས་ཀྱི་དྲན་པ་གསོས་པ་དང་དུས་རབས་ཀྱི་ཅོང་བརྡ་བརྡུང་བ་སོགས་ཕ་སྐད་གཙང་མའི་ལམ་ནས་བྱ་བ་སྒྲུབ་ཡོད༑ དེ་དང་ཆབས་ཅིག་རང་ཉིད་ནས་འགོ་རྩོམ་ཚུལ་ཞིག་གིས«འབྲོང་སྟག་ཐང་།»ལྟ་བུ་དེང་རབས་ཀྱི་སྒྲུང་ཐུང་གི་སྲོལ་ཕྱེས་ཤིང«ལོང་ཚོའི་རྦབ་ཆུ»ལྟ་བུ་སྙན་ངག་གསར་པ་འབྲི་བའི་གསར་གཏོད་ཀྱི་གོམ་པ་ཡང་རིམ་ཅས་སྤོས་སོང་༑ གཞན་གནའ་དེང་གི་ལམ་ཁ་མི་འདྲ་གཉིས་ལ་ལེགས་ཉེས་དང་བཟང་ངན་ནམ་ལམ་གང་ཞིག་བདེ་མིན་གྱི་དཔྱད་ཞིབ་བྱས་ཏེ་ང་ཚོས་མ་འོངས་པར་ལམ་གང་ཞིག་ཏུ་སྒྱུ་བའི་བགྲོ་གླེང་བགྱིས་ཏེ། “རྟ་རྒྱུགས་ཞོར་མེ་ཏོག་ཐུ་ཞོར”གྱི་དཔེ་ལྟར«རྐང་ལམ་ཕྲ་མོ»ལྟ་བུ་ལྷུག་རྩོམ་གསར་མའི་སྲོལ་ཡང་ཕྱེས་བྱུང་ངོ་།།

དཔལ་དོན་གྲུབ་རྒྱལ་གྱིས་དེ་ལྟར་མི་རིགས་ལ་སློབ་གསོའམ་བློ་འབྱེད་ཀྱི་ལས་འགུལ་འཛམ་གླིང་རྒྱལ་ཁབ་མང་ཕྱོགས་ལྟར་རྩོམ་རིག་གི་ལམ་ནས་སྤེལ་ཏེ། སྔར་མེད་གསར་སྐྲུན་གྱི་རྣམ་པས་རང་རིགས་ལ་རྩོམ་རིག་གསར་པའི་དབུ་ཁྱུད་ཀྱང་བྲིས་གནང་བ་མ་ཟད། “མི་རིགས་ཀྱི་ལ་རྒྱ་དང་། བོད་རིགས་ཀྱི་མདུན་ལམ། མ་འོངས་པའི་རེ་བ་ནི་ཁྱོད་ཚོ་རང་ཡིན་པ་དང་། བོད་ཀྱི་དར་རྒུད། བོད་ཁ་བ་ཅན་གྱི་འཕེབ་གྲིབ་ནི་ཁྱོད་ཚོ་རང་ལ་རགས་ལས་པ་ཡིན།”ཞེས་དང་། “ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ། གཞན་གྱི་རྐང་འོག་ཏུ་མི་འཇོག་པ་དང་། ཁ་བ་ཅན་གྱི་ལ་རྒྱའི་དཔུང་པ་དེ། གཞན་གྱི་མགོ་ཐོག་ཏུ་བསྒྲེངས་ནུས་ན། རང་རིགས་ཀྱི་གཟི་བརྗིད་དང་། མེས་རྒྱལ་གྱི་ལ་རྒྱ་ཡང་ཡིན།”ཞེས་གཞོན་ནུ་རྣམས་ལ་དཔའ་བའི་ངར་ཆུ་བླུད་པའི་ཚིག་རྣོ་པོ་ཇི་སྙེད་ཅིག་ཀྱང་རིམ་པས་བསྒྲགས་པས། ཕྱིས་སུ་རྒྱལ་ཕྱི་ནང་གི་དཔྱོད་ཤེས་ཅན་གྱི་མི་བུ་དག་གིས་ཁོང་ཉིད་རྗེས་དྲན་གྱི་འདུ་ཚོགས་དང་ཞིབ་འཇུག་གི་བརྩམས་ཆོས་རིམ་པས་སྤེལ་སྐབས། བོད་ཀྱི་བློ་གསལ་བའམ་བློ་གསར་པ་འགའ་ཡིས་ཁོང་ལ“ལ་རྒྱའི་དཔའ་དར་རིང་མོ”ཞེས་མཚན་གསོལ་ཏེ་རྗེས་དྲན་གྱི་བགྲོ་གླེང་གྲ་རྒྱས་འཚོགས་མྱོང་བ་རེད༑ ལྷག་པར“རྒྱལ་སྲིད་སྣ་བདུན”ནི་སྔར་བོད་བཙན་པོའི་སྐབས་སུ་བཙན་པོ་རྣམས་བཙན་པོའི་ཁྲིར་གསོལ་སྐབས་ངེས་པར་ཚང་དགོས་པའི་དོན་ཚན་སྣ་བདུན་ཡིན་པར་འདུག་པས། ཁོང་གིས«རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ།»ཞེས་པའི་སྙན་རྩོམ་ཞིག་བྲིས་ཤིང་། སྔར་བཙན་པོའི་རྒྱལ་ཁབ་སྐབས་སུ་སྲིད་ཀྱི་དཔལ་ཡོན་ཇི་ལྟར་ཡོད་པ་ལོ་རྒྱུས་ཀྱི་ཀློང་རུམ་ནས་ཕྱིར་མིག་བལྟས་ཏེ། “ཁྱོད་ནི་ས་སྐྱོང་རྒྱལ་པོ་ཡིན་བཞིན་དུ། །རྒྱལ་སྲིད་ཁྲིམས་ཀྱིས་སྐྱོང་བར་མི་མོས་པར། །དོན་མེད་ལེ་ལོའི་དབང་དུ་འཁྱམས་པ་འདི། །རྒྱལ་སྲིད་གཞན་ལ་འཆོར་བའི་སྔ་ལྟས་ཡིན། །”ཅེས་འཇིག་རྟེན་སྲིད་སྒྲུབ་ཀྱི་ཕྱོགས་སུ་ཐུགས་ཁུར་ཆེས་ཆེར་གནང་ནས་དམིགས་བསལ་སྐྱ་བོ་དག་ལ་འབོད་བརྡ་བསྟན་པ་ནི་བརྩིས་ཀྱིས་མི་ཟིན༑

འོན་ཀྱང་། ཁོང་གིས་དེ་ལྟར་རང་རིགས་ལ་ཕུག་མདུན་དང་རེ་བས་ཁེངས་ཏེ་རང་ཡུལ་དུ་ཕེབས་ཤིང་སྔ་ཕྱིར་རྩོམ་འབྲི་སོགས་བྱ་བ་མང་དག་ཅིག་རང་ཉིད་ནས་འགོ་རྩོམ་ཏེ་ཆས་ན་ཡང་། ཁོང་ཉིད་ཀྱི་འདོད་བློ་དང་མཐུན་པར་འབྲས་བུ་སྨིན་རྒྱུ་ལྟ་ཅི། དུས་སྐབས་དེ་ནི་ཏག་ཏག་ཁ་འདོན་མ་ཏྲི་ཚར་གཅིག་ཀྱང་བཟླས་མི་ཆོག་པའི་དུས་སྐབས“རིག་གསར་གྱི་རླུང་འཚུབ”ལྡང་མ་ཐག་ཡིན་པས། མི་རིགས་ནི་ཁོག་ཏུ་དྲན་མི་རུང་ཞིང་མི་རིགས་ཀྱི་སྐད་ཡིག་ངག་ལས་ཕྱུང་མི་ཆོག་པའི་དུག་རླུང་གི་སྣེ་ནས། དཔལ་དོན་གྲུབ་རྒྱལ་གྱིས་ལ་རྒྱའི་དཔའ་དར་ཕྱར་དེ་མི་རིགས་ཀྱི་སྐད་ཡིག་གི་གདངས་དབྱངས་སྒྲ་བརྒྱ་བསྒྲོགས་ཀྱིན་ཕེབས་བྱུང་ན་ཡང་། གཞན་དག་ནི་དུག་རླུང་འཚུབ་མས་དད་དྲགས་པས་ཡིན་ནམ་གང་ལྟར་ལོ་ངོ་བཅུ་ཡི་གོད་ཆགས་རྗེས་ཀྱི་དུས་དེར་ཡང་ད་དུང་སྔར་གྱི་བག་ཆགས་མཐུག་པོས། ཁོང་ཉིད་ལ་རྒྱབ་སྐྱོར་དང་བདེན་པར་སེམས་མཁན་ནི་ཤིན་ཏུ་ནས་རབ་ཏུ་དབེན་ཁར། ཆེས་མཚར་བ་ཞིག་ལ་ངོས་ལྐོག་གཉིས་ཆ་ནས་ཁོང་ལ་རྒོལ་བ་ཛ་དྲག་བྱས་ནས་ཕམ་ཁ་ཁུར་སོང་༑ ཡིན་ན་ཡང་ད་དུང་ཁོང་གི་སྐུ་ཚེའི་སྨད་དུ། “འདི་ན་ཡང་དྲག་ཏུ་ལྡིང་བཞིན་པའི་སྙིང་གསོན་པོ་ཞིག”ཅེས། སྙན་ངག་གསར་མའི་ལུགས་ཀྱིས་བྲིས་པའི་སྙན་ངག་ཅིག་ཀྱང་བོད་ཀྱི་ན་གཞོན་འགའ་ལ་བྱིན་ཡོད་འདུག་མོད། “ཁོང་གི་བརྩམས་ཆོས་ཕྱི་མ་དག་གིས། བོད་པ་རྣམས་ཀྱི་གསར་གཏོད་དང་དེང་རབས་རིང་ལུགས་དང་ལེན་མ་བྱས་པའི་ཕམ་ཉེས་ལ་བློ་ཕམ་ཡིད་ཆད་ཀྱི་བསམ་ཚུལ་ཞིག་བསྟན་ཡོད”ཅེས་ཤཱཀྱ་ཚེ་རིང་ལགས་ཀྱིས་བཤད་མྱོང་བ་ལྟར། ཁོང་གིས་སྔར་རང་རིགས་ལ་རེ་བའི་སྤོབས་པ་དག་ཀྱང་རིམ་པས་ཞུམ་ཏེ་ཡིད་ཆད་ཀྱི་ཕམ་ཁའི་རུམ་ན་ཡོད་པའང་ཁོང་གི་བརྩམས་སྒྲུང་ཆེས་མཐའ་མར་གྲགས་པའི་རྩོམ་འཕྲོ་ཅན། «ཚུལ་ཁྲིམས་རྒྱལ་མཚན»ལ་བལྟས་ན། ང་ཚོར་བརྩམས་སྒྲུང་དེའི་ནང་གི་གཏམ་རྒྱུད་དེ་དག་གིས་ར་སྤྲོད་གསལ་ཐག་བྱེད་ཀྱིན་འདུག དཔལ་དོན་གྲུབ་རྒྱལ་ཁོང་གི་ཅུང་པོ་དགུ་རོང་སྤུན་གྲོལ་གྱིས་བསྙད་པ་ལྟར་ན་དོན་གྲུབ་རྒྱལ་གྱི་མི་ཚེ་ནི་ཧྥ་རན་སིའི་ཤེར་རྟོགས་རིག་པ་མཁན་ཝོའུ་སོ་དང་ཆ་འདྲ་ཞིང་། ཝོའུ་སོའི«འགྱོད་བཤགས་རེག་ཟིག»ལྟར་དོན་གྲུབ་རྒྱལ་གྱི«ཚུལ་ཁྲིམས་རྒྱལ་མཚན»ནི་ཁོང་གི་རང་རྣམ་ཞིག་ཡིན་པར་བཤད་པའང་བདེན་ཆེའོ།། ཝོའུ་སོའི«འགྱོད་བཤགས་རེག་ཟིག»ནི་སྤྱི་ལོ༡༩༨༤གཡས་གཡོན་ཞིག་ཏུ་དོན་གྲུབ་རྒྱལ་ཁོང་ནུབ་བྱང་སློབ་ཆེན་དུ་ཕེབས་སྐབས་ཤིག་ལག་ཏུ་བཟུང་ནས་ཡོང་ཡོད་པ་དང་། སྐུ་ཞབས་བྱང་སྐར་སོགས་ལ“དཔེ་ཆ་འདི་ཁྱད་པར་བ་ཞིག་ཡིན་པ་རེད། རྣམ་ཐར་ཁྱད་པར་བ་ཞིག་ཡིན་པ་རེད། འདི་ལྟ་བུའི་རྣམ་ཐར་གཞན་གྱིས་བརྩམས་ཡོད་པ་མ་རེད”ཅེས་ངོ་སྤྲོད་བགྱིས་མྱོང་སྐད༑

“དོན་གྲུབ་རྒྱལ་ལ་མཚོན་ན་ཕྱི་ལུས་ཀྱི་ཆ་ནས་བཙོན་ཁང་དུ་བསྡད་མ་མྱོང་ནའང་། ཁོང་གི་ཁ་ཆེམས་དང་ལྷག་པར་དུ་རང་ཤི་རྒྱབ་པ་སོགས་ལ་བལྟས་ན། དོན་གྲུབ་རྒྱལ་གྱི་ནང་སེམས་ཚེ་གང་བོར་བཙོན་ཁང་དུ་ཚུད་འདུག་པ་རེད”ཅེས་པ་ལྟར། ཁོང་གི་སྐུ་ཚེའི་སྨད་དུ་དེ་ལྟར་ཡིད་ཆད་དང་རེ་ཟད་ཀྱིས་ཁེངས་ནས་ཡོད་པའི་ཁེར་རྐྱང་གི་འཚོ་བའི་ཁྲོད་ཐབས་བརྒྱ་ཇུས་སྟོང་བེན་ཡོད་ན་ཡང་གཞན་གང་ཞིག་ཀྱང་མ་རྙེད་པར། མཐར་མི་རིགས་ཀྱི་ཆེད་དང་བདེན་པའི་དོན་དུ་རང་སྲོག་འབུལ་བའི་ལས་སུ་ཞུགས་པ་ཡིན༑ ཁོང་འདས་ཁར་ཁོང་གི་གྲོགས་མཆོག་ཟླ་བ་བློ་གྲོས་ལ་ཁ་ཆེམས་ཤིག་བཞག་ཡོད་པ་ལས“སེམས་པ་འདི་སྡུག་བསྔལ་གྱིས་ཡོངས་སུ་མནན་ཏེ་ལྗིད་ཏིག་ཏིག་གི་ངང་ཁྱེད་དང་གྱེས་ཕྱག་ཕུལ་བ་ནི། ཁོ་བོ་ལམ་འདི་འདྲ་ཞིག་བདམས་པའི་གཏམ་ངན་འདི་གོ་དུས་ཁྱེད་ཉིད་ཧ་ལས་ཤིང་ཧོང་སངས་བས་མི་ཚད། བདག་གི་ནོར་འཁྲུལ་ཞིག་ཏུ་བརྩི་ནའང་ཐང་མོད། གལ་སྲིད་ཁྱེད་ཀྱིས་སེམས་རྣལ་ལ་ཕབ་སྟེ་ཁོ་བོ་ཤི་རྐྱེན་འདིར་ཞིབ་འདང་རེ་བརྒྱབ་ཚེ། མཐའ་མཇུག་གི་གྱེས་ཕྱག་ཕུལ་དོན་ལའང་རྒྱུ་མཚན་ཡེ་ནས་མེད་པ་མ་ཡིན་པ་ངེས་ཤེས་འདྲོང་འོང་གི་རེད”ཅེས་དང་། “ངས་བསམ་གཞིག་ཞིབ་མོ་ཞིག་བཏང་བ་ན། རང་རིགས་འདི་སྔར་བཞིན་བླུན་རྨོངས་དང་རྗེས་ལུས་ཀྱི་ཀློང་དུ་འཁྱམས་ཤིང་། དེའི་དོན་དུ་ཁོ་བོས་རྩོམ་ཡིག་ཁ་གྲངས་ལོངས་པ་ཞིག་བྲིས་ཏེ་ཁོ་པ་ཚོ་གོ་རྟོགས་དེ་སད་ན་སྙམ་ཡང་། ཕམ་ཁ་ནི་རང་གིས་ཉོ་དགོས་བྱུང་རྐྱེན། ངས་རང་ཉིད་ཀྱི་ཉམ་ཆུང་བའི་ཚེ་སྲོག་བློས་བཏང་སྟེ་དུང་བརྡ་གསལ་པོ་བསྒྲགས་པ་ཡིན།”ཅེས་ང་ཚོ་ལ་གྱེས་ཕྱག་བཞག་སྟེ་བཞུད་སོང་༑ དེ་ནི་ཤེས་རབ་ཀྱི་སྒྲོན་མེ་འོད་གསལ་བ་ཞིག་བཟིམ་སོང་བ་དང་ཅིས་མི་མཚུངས༑

སྐབས་དེར་ཁོང་ཏག་ཏག་དགུང་ལོ་སོ་གཉིས་ཙམ་ལས་ཟིན་མེད་པས་དུས་ཡུན་ཉུང་ངུ་དེ་ཙམ་ལས་མ་བཞུགས་པ་དེ་ནི་ཁོང་གི་མི་ཚེའི་རིན་ཐང་གི་འོད་ཀྱང་ཐིག་པ་ཙམ་ལས་བསྐྱེད་མ་ཐུབ་པ་བཤད་ཆོག་གི་རེད་ལ། མི་རིགས་ཀྱི་ངོས་ནས་ཤེས་རིག་གི་ཐད་གྱོན་གུད་ཚབ་ཆེན་ཕོག་ཡོད་པའང་བསྙད་ན་འགྲིག་པ་འདྲའོ།། ཡིན་ན་ཡང་ཕྱོགས་གཞན་ནས་བསམ་ན། སྤྱི་ལོ༡༩༩༡ལོའི་ཟླ༡༡པའི་ནང་དུ་རྒྱ་གར“རྡ་རམ་ས་ནས་འདོན་པའི«དམངས་གཙོའི་ཚགས་པར»སྟེང་བཀྲ་ཤིས་རབ་བརྟན་ལགས་ཀྱིས«སྨྱུག་ཐོགས་དཔའ་བོ་དོན་གྲུབ་རྒྱལ་ལ་དྲན་གསོ་ཞུ་བ»ཞེས་པའི་རྩོམ་སྤེལ་བའམ་ལོ་དེའི་ཟླ་བ་ཁ་ཤས་ཀྱི་སྔོན་བྱེས་སྡོད་བོད་མི་ཤེས་ཡོན་ཅན་འགའ་ཡིས་རྗེས་དྲན་འཚོགས་པ་ནས། རིམ་གྱིས་སྤྱི་ལོ༡༩༩༢ལོར“བོད་མིང་ལ་བདེ་སྦྱིན་བཟང་མོར་འབོད་པའི་ཧྥ་རན་སིའི་མཁས་མ་ཧེས་རྡར”གྱིས«རང་སྲོག་བཏང་བའི་དེང་རབས་ཀྱི་མཁས་པ་དང་རྩོམ་པ་པོ་དོན་གྲུབ་རྒྱལ།»ཞེས་པའི་རྩོམ་ཡིག་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཐེངས་དྲུག་པའི་སྟེང་བསྒྲགས་པ་དང་། སྟོང་ལོ་གཉིས་པ་དབུ་ཚུགས་པ་ནས་ཚ་ཚ་འུར་འུར་གྱི་ངང་བོད་དུའང་དཔལ་དོན་གྲུབ་རྒྱལ་རྗེས་དྲན་བརྗོད་བྱ་སྣ་ཚོགས་དང་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས། སྤྱི་སྒེར་གྱི་སློབ་གྲྭ་ཆེ་ཆུང་རབ་འབྲིང་དང་ཁོར་ཡུག་སྣ་ཚོགས་ནས་ལོ་རེ་བཞིན་ཟབ་རྒྱས་དང་གཏིང་ཟབ་ཅིང་གཞི་བརྒྱ་ཇེ་ཆེར་ཡིན་པ་འདི་དང་། རྩོམ་ཡིག་རིང་ཐུང་རྒྱས་བསྡུས་ཅི་རིགས་སྤང་ལ་ཤ་མོ་བརྡོལ་བ་ལྟར་བྱུང་བ་མ་ཟད་ཞིབ་འཇུག་ཆེད་དེབ་ཀྱང་བཏུད་མར་འབྱུང་བ་འདི་ནི་ཁོང་གི་ཕམ་ཁ་དེ་ལས་བྱུང་བའི་སྣང་ཚུལ་ཞིག་གམ། མཐར་རང་སྲོག་བཏང་བའི་བདེན་པའི་དུང་བརྡ་དེ་ཡི་སྨིན་འབྲས་ཉག་ཅིག་ཡིན་པ་རེད༑

དཔལ་དོན་གྲུབ་རྒྱལ་གྱིས་དེ་ལྟར་དུག་རླུང་འཚུབ་མ་ཞིག་ནས་རིགས་སད་དེ། མི་རིགས་ལ་དུང་བརྡ་ལན་མང་དང་རྣམ་པ་མི་འདྲ་བ་བསྟན་ནས་བྱུང་སྟེ། མཐར“ངས་རང་ཉིད་ཀྱི་ཉམ་ཆུང་བའི་ཚེ་སྲོག་བློས་བཏང་སྟེ་དུང་བརྡ་གསལ་པོ་བསྒྲགས་པ་ཡིན།”ཞེས་ང་ཚོ་དང་གྱེས་བརྡ་སྤྲད་པའི་སྐབས་དེར་ཁོང་དགུང་ལོ་སུམ་ཅུ་སོ་གཉིས་ཙམ་ལས་མིན་ན་ཡང་། ཁོང་གིས་མི་ཡུལ་འདིར་རིགས་ཀྱི་རྗེས་རབས་པ་དག་ལ་གནང་བའི་བཞག་པ་ནི་ཤིན་ཏུ་ཆེ་སྟེ། རྩོམ་རིག་གི་ཐད་ནས་གསར་གཏོད་ཀྱི་རྣམ་པ་ཆེ་བའི་སྙན་ངག་དང་བརྩམས་སྒྲུང་། ལྷུག་རྩོམ་སོགས་ད་ལྟའི་སྐབས་འདིར་རྩོམ་རིག་མཁས་ཅན་དུ་གྲགས་པ་རྣམས་ཀྱང་ཁོང་གི་རྩོམ་དག་ལ་ལད་འབྲི་ལད་ཟློས་འབའ་ཞིག་བྱས་ཏེ་བྱིས་པ་གོམ་ཙེ་བསླབ་པ་ལྟར་ཡོང་ཡོད་པ་དང་། བསྒྱུར་རྩོམ་སོགས་ཀྱི་ཐད་ནས་ལོ་ཙཱའི་ལས་ཀ་སྤུས་དག་ཚུལ་ཉམས་མྱོང་ཅན་གྱི་དཔྱོད་ལྡན་དག་གིས་ཀྱང་མཆོད་བསྟོད་ཀྱི་མེ་ཏོག་འབུལ་བཞིན་པ་འདི་ལགས་སོ།།

ཁོང་དགུང་ལོ་ཤིན་ཏུ་ཆུང་ན་ཡང་ལོ་རྒྱུས་ཀྱི་ཐད་ནས་ཀྱང་ཐོས་པ་གཞན་དྲིང་མི་འཇོག་པ་ཞིག་ཡོད་པ་ང་ཚོས་ཁོང་གི་ལོ་རྒྱུས་བརྩམས་ཆོས་དག་ལ་བལྟས་ན་གསལ་བར་མཐོང་ཐུབ༑ ཁོང་གི་ལོ་རྒྱུས་དཔྱད་རྩོམ་དག་ལས་ཞིབ་འཇུག་སློབ་མའི་མཐར་ཕྱིན་དཔྱད་རྩོམ«མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས།»ཞེས་པར་བལྟས་ན། ཁོང་ལ་བོད་རང་ས་ནས་དམངས་ཁྲོད་ཀྱི་རྣམ་པས་བྱུང་བའི་རྩོམ་རིག་སོགས་ཀྱི་བྱུང་བ་དང་ངོས་འཛིན་ཟབ་མོ་ཡོད་པ་རྟོགས་ཐུབ་པ་མ་ཟད། «དེབ་ཐེར་དཔྱད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམ་བཤད་ཐོར་བུ།»ལྟ་བུར་མཚོན་ན་ཡང་ལྷག་ཏུ་ཁོང་གི་ཐོས་པ་དེ་གུ་ཡངས་པོ་ཡིན་པའི་ངེས་ཤེས་འདྲང་སླ༑ ལོ་རྒྱུས་ཀྱི་རྣམ་བཤད་འདི་གཞི་འཛིན་ས་རྒྱལ་དབང་ལྔ་པའི«དཔྱད་ཀྱི་རྒྱལ་མོའི་གླུ་དབྱངས།»བྱས་ཏེ་དཔྱད་གཞིའི་ཡིག་ཆ་གཙོ་བོ་གཉིས་སམ་གསུམ་བགྱིས་ནས་བྲིས་པ་ཞིག་རེད༑ གལ་ཏེ་དཔྱད་གཞིའི་ཡིག་ཆ་གཙོ་བོ་གཉིས་ཡིན་པར་བཤད་ན་དཔའ་བོ་གཙུག་ལག་ཕྲེང་བའི«ཆོས་འབྱུང་མཁས་པའི་དགའ་སྟོན།»ནི་གཅིག་ཡིན་ལ། གཞན་གཅིག་ནི་བོན་གྱི་ལོ་རྒྱུས་དཔེ་རྙིང«སྲིད་པ་རྒྱུད་ཀྱི་ཁ་བྱང་།»ཡིན་པ་རེད༑ གསུམ་དུ་བཤད་ན་གཞན་གཅིག་ཤོས་ནི«ཏུན་ཧོང་ཤོག་དྲིལ།»ཡིན༑ ཡིག་ཆ་འདི་དག་སྐབས་དེར་རམ་དེའི་སྔོན་ལ་མཚོན་ན་མཁས་དབང་དགེ་ཆོས་ཀྱིས་དཔྱད་གཞི་གཙོ་བོར་བྱས་མྱོང་བ་ལས་གཞན་ཕལ་ཆེར་རྒྱུས་མངའ་ཡོད་མཁན་ཡང་ཡང་ཉུང་ཉུང་རེད༑ ཡིན་ན་ཡང་དོན་གྲུབ་རྒྱལ་གྱིས་དཔྱད་ཡིག་གཙོ་བོ་དེ་གསུམ་བདམས་བསེས་བྱས་པ་དེས་ཁོང་གི་ལོ་རྒྱུས་ལ་དཔྱོད་པའི་བློ་མིག་ཤུགས་ཀྱིས་མངོན་ཐུབ་བོ།།

ལྷག་པར་སྐབས་དེའི་གཡས་གཡོན་དུ་བོན་ལ་སྡང་མིག་བསྒྲད་མཁན་ནི་ཤིན་ཏུ་མང་བས་སངས་རྒྱས་ཤཱཀྱའི་ཆོས་ལ་སྐྱབས་སུ་སོང་ན་བོན་སོགས་དང་ཁ་ལག་འདྲེ་མི་རུང་བའི་བསླབ་བྱ་འདོན་སྐོར་ཡིན་ལ། བོན་གྱི་ཡིག་ཆ་མེ་ལྷའི་ཞལ་དུ་མཆོད་པ་འབུལ་བ་ལ་ཡང་ཕངས་སེམས་ལར་ནས་མེད་པས་བོན་པོ་ཡིན་པའི་ངག་ཚིག་ཁ་ན་ཐོགས་མི་ཕོད་པའི་ངན་གོམས་ཀྱང་ལྷག་ནས་ཡོད་པ་རེད༑ ཡིན་ན་ཡང་དཔལ་དོན་གྲུབ་རྒྱལ་གྱི་རྩོམ་ཡིག་འགའ་རེར་བལྟས་ན་བོད་ཅེས་པའི་མིང་ཁུངས་འཚོལ་སྐབས་དམ་པ་དགེ་ཆོས་ཀྱིས་དོགས་གཞི་ཁ་ཤས་བཀོད་གནང་བ་དག་ལུང་དུ་དྲངས་ཏེ། བོན་ཞེས་པའི་བརྡ་ལས་འགྱུར་བར་བཤད་པ་ལ་མི་འཐད་པའི་རྣམ་པ་བསྟན་ནས་དགེ་ཆོས་ཀྱི་རིགས་པ་འགའ་རེ་ཟུར་དུ་གཡོལ་དེ་མ་གླེང་བ་དང་། ཡང་བོད་ཅེས་པའི་མིང་ཁུངས་འཚོལ་བའི་རྩོམ་ཐུང་ལ་ལར་བོན་དང་འབྲེལ་བའི་སྐོར་ལར་ནས་མ་གླེངས་པ་ལྟ་བུའི་སྣང་ཚུལ་འབྱུང་བ་སོགས། གང་ལྟར་ཁོང་གིས་རང་རེའི་གདོད་མའི་རིག་གནས་སམ་ཆོས་ལུགས་བོན་ལ་ལྟ་སྟངས་དེ་ཙམ་མི་ལེགས་པར། མཐོང་ཆུང་བར་བཟུང་ཡོད་པའི་ཚོར་སྣང་ཞིག་ཁོ་བོར་སྐྱེས་མྱོང་ན་ཡང་། ཚོར་སྣང་ནི་ཚོར་སྣང་ཙམ་ཏེ་ཞིབ་ཀྱིས་བལྟས་ན་ཁོང་ལ་དེ་ལྟ་བུའི་བག་ཆགས་ངན་པའི་དྲི་མ་གོས་མེད་པ་འདྲ་བས། རིམ་གྱིས་བསམ་དུས་ཏག་ཏག་ཁོང་ནི་དཔྱོད་ཤེས་པ་ཞིག་ཡིན་པའི་ངེས་ཤེས་སྟེང་དུ་ཤུགས་ཀྱིས་འཐེན་ནོ།།

རྒྱུ་མཚན་ནི་དེང་དུས་བརྡ་འཕྲིན་གློག་འཕྲུལ་ཅན་གྱི་དུས་རབས་སྟབས་བདེ་པོ་འདིའི་ནང་དུ་བོན་པོ་རྣམས་ཀྱིས་ནུས་ཤུགས་གང་དགུ་བགྱིས་ཏེ། རང་ཉིད་རང་ཉིད་ཀྱིས་འགན་ཁུར་བའི་སྒོ་ནས་བོན་དཔེ་གཙིགས་ཆེ་བ་དེབ་ཕྲེང་དང་དེབ་ཕྲེང་བྱེད་ནས་དཔར་སྐྲུན་བྱེད་ཀྱིན་ཡོད་ལ། རང་ཉིད་ལ་རང་ཉིད་རྒྱུས་མངའ་ཆེ་བས་ཐེག་ཚོད་ཀྱི་འགན་འཁྲི་ཕྲག་ཏུ་བཞེས་ཏེ་དཔྱད་རྩོམ་ཅི་རིགས་སྤེལ་གྱིན་ཡོད་ན་ཡང་། མཁན་པོ་དང་བླ་མ། དགེ་བཤེས། མཁས་པར་གྲགས་པ་མང་དག་ཅིག་གིས་ད་དུང་དེ་དག་ལ་ཟུར་མིག་ཙམ་མི་གཡར་བ་དང་། ཡང་ན་ཅུང་ཟད་རེ་མཐོང་ཡང་མ་མཐོང་ཁུལ་གྱིས་ཞན་ཆགས་འཁྲེགས་པོ་ཞིག་གིས་ཁས་མི་ལེན་པའི་སྣང་ཚུལ་རྒྱུན་ལྡན་ལྟར་ལགས་ཀྱང་། ཁོང་གིས་ནི་སྐབས་དེ་ཤེད་ཅིག་ནས་བོན་ལ་དོ་སྣང་ཆེན་པོ་བྱུང་བ་མ་ཟད་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་གཙོ་བོ་གསུམ་ལས་གཅིག་ནི་བོན་གྱི་དཔེ་རྙིང«སྲིད་པ་རྒྱུད་ཀྱི་ཁ་བྱང་།»འདི་བདམས་ཡོད་པ་རེད༑ ཁོང་གིས་སྐབས་རེར«སྲིད་བྱང་།»ཞེས་དཔེ་ཆའི་མཚན་ཕྱེད་ཙམ་དྲངས་པ་དང་མང་ཕལ་ཆེར«སྲིད་པ་རྒྱུད་ཀྱི་ཁ་བྱང་།»ལས་ཞེས་དང་། «ཆོས་འབྱུང་མཁས་པའི་དགའ་སྟོན།»ལས་ཞེས་ཡིག་ཆ་འདི་གཉིས་འདྲེན་འདྲེན་རེས་བྱས་ནས«དེབ་ཐེར་དཔྱད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམ་བཤད་ཐོར་བུ།»ཞེས་པའི་དཔྱད་རྩོམ་དེ་གྲུབ་ཡོད༑

གཞན་ཡང«བསྒྲགས་པ་རིན་ཆེན་གླིང་གྲགས»ཞེས་པ་བོན་གྱི་དཔེ་རྙིང་གཙིགས་ཆེ་བ་དེ་ཡང་སྐབས་དེར་ཁོང་གི་ལག་ཏུ་ཆུད་ཡོད་པར་འདུག་ལ་ལུང་ཡང་གང་འཚམས་དྲངས་ཡོད་པ་མ་ཟད། «ཞང་ཞུང་སྙན་རྒྱུད་བླ་མ་བརྒྱུད་པའི་རྣམ་ཐར»སོགས་བོན་དཔེ་གལ་ཆེན་དུ་མ་ཞིག་གཟིགས་ཞིབ་བྱས་འདུག་པ་ནི་ཁོང་གི་ལོ་རྒྱུས་ལ་ལྟ་བའི་གུ་ཡངས་ཀྱི་བསམ་བློ་དེ་མཚོན་ཐུབ༑ ད་དུང«གཤེན་རབས་མཛོད།»ཅེས་པའི་བོན་དཔེ་ཞིག་ཡོད་ཚུལ་གསུང་འདུག་པ་ཁོ་བོས་དང་ཐོག«ལེགས་བཤད་མཛོད།»ཨེ་ཡིན་སྙམ་མོད། ལན་རེར«གཤེན་རབས་མཛོད་ལྔ་།»ཞེས་བྲིས་འདུག་པར་བསམ་ན་དེ་ཡང་ཡིན་པར་མི་འདུག་པས་འདི་ལྟ་བུའི་བོན་དཔེ་ཞིག་ད་སྔ་བོན་པོ་རྣམས་ཀྱི་ལག་ཏུ་ཡང་མེད་པ་འདྲ་བས་ངོ་མཚར་ཆེ་བྱུང་༑ «གཤེན་རབས་མཛོད་ལྔ་།»ཞེས་པ་ཞིག་བོན་གྱི་བཀའ་དང་བཀའ་བརྟེན་དཀར་ཆག་ཁྲོད་དུ་ད་སྔ་མ་མཐོང་ལ་མཁས་པ་སུ་གཅིག་གིས་ཀྱང་ལུང་དྲངས་པ་ཡང་མ་རིག་བས། ཁོང་གིས་དཔེ་ཆ་གཞན་དང་མཚན་ནོར་བ་མིན་ནམ་སྙམ་ཏེ་དེ་ཡང་ནོར་དྭོགས་ཅན«གཤེན་རབས་མཛོད་ལྔ་།»ཞེས་པ་དང་ཕྱོགས་འདྲ་བའི་དཔེ་གཞུང་ཞིག་གྱི་ན་བ་ཁོ་བོའི་ཡིད་ལའང་དྲན་གྱི་མི་འདུག གལ་ཏེ་འདི་ལྟ་བུའི་དཔེ་གཞུང་ཞིག་ཡོད་ཕྱིན་དཔེ་གཞུང་དེ་ནི་གཙིགས་ཆེ་བར་མཐོང་སྟེ། ཁོང་གི་ཚིག་ཟུར་ལ་བལྟས་ན་དཔེ་གཞུང་དེ་ནི་སྲིད་པ་ཆགས་རབས་ནས་བོན་གྱི་བསྟན་པའི་འབྱུང་ཁུངས། བོན་གྱི་སྟོན་པའི་རྣམ་ཐར། བོན་གྱིས་དར་གུད་སོགས་ཆ་ཚང་མཁོད་ཡོད་པའི་དཔེ་རྙིང་ཆ་ཚང་པོ་ཞིག་ཡིན་པར་འདུག་གོ། དེར་བརྟེན་དེ་ལྟ་བུའི་དཔེ་ཆ་གཙིགས་ཆེ་བ་དང་འཐུས་ཚང་བ་ཞིག་ཁོང་གིས་གཟིགས་མྱོང་བར་འདུག་པས་ལྷག་ཏུ་བོད་གནའ་བོའི་ཤེས་རིག་ལ་གོ་བ་ཟབ་མོ་དང་ཐོས་པ་རྒྱ་ཆེ་ཡོད་པར་བཤད་ཆོག་པ་ཡིན་ན། སྐབས་དེ་དུས་བོན་པོའི་ཤེས་ཡོན་པ་མིན་པའི་བོད་ཀྱི་མཁས་པའི་ཁྲོད་ན་བོན་དཔེ་གཙིགས་ཆེན་དེ་དག་མཇལ་མྱོང་མཁན་ཧ་ཅང་དཀོན་པོ་ཡིན་ལ། མཇལ་པའི་ཀུན་སློང་རྣམ་དག་ཅན་ཡང་རབ་ཏུ་ཉུང་ངོ་ཞེས་བསྡོམ་ཚིག་བཀོད་ན་ཐལ་མི་ཆེ་བའོ།། དེ་བས་བོན་དཔེ་གཟིགས་བསམ་ན་ཡང་གཟིགས་རྒྱུ་རྙེད་དཀའ་བའི་གནས་སྟངས་སུ་ཡོད་པ་རེད༑

ཁོང་ལ་འདི་ལྟ་བུའི་གཟིགས་ཡངས་ཤིག་ཡོད་པ་ལ་བརྟག་ན་ཀྲུང་དབྱངས་མི་རིགས་སློབ་ཆེན་དུ་བཞུགས་སྐབས་དུང་དཀར་རིན་པོ་ཆེ་ཁོང་གི་དགེ་རྒན་དུ་བརྟེན་མྱོང་བ་དེའི་ཤུགས་རྐྱེན་ཐེབས་ཡོད་པ་བཤད་ཅི་དགོས་སྙམ༑ རང་རེའི་ཉེ་རབས་ཀྱི་དུས་ལ་བསམ་ན་དུང་དཀར་རིན་པོ་ཆེ་ལྟ་བུའི་མཁས་པ་མང་དུ་ཐོས་ཤིང་གུ་ཡངས་ཀྱི་བསམ་གཞིག་ཟབ་མོ་ཅན་ཕལ་ཆེར་མེད་ཚོད་ཡིན༑ གཞན་གཉའ་ཟླ་བ་བློ་གྲོས་སོགས་ཀྱང་ཁོང་གི་འཕྲིན་ཡིག་འགའ་རེར“མ་གཅིག་སྤུན་ལས་ལྷག་པའི་གྲོགས་མཆོག་ཟླ་བ་བློ་གྲོས”ཞེས་གསལ་བའང་འདུག་པས། འཕྲིན་ཡིག་དེ་དག་བལྟས་ན་ཁོང་གཉིས་དབར་དཔེ་ཆ་ངོ་སྤྲོད་དང་མཁོ་འདོན་གྱི་རྣམ་པ་ཞིག་མངོན་ཡོང་བས་བོན་ལ་གཟིགས་པ་ཡངས་བ་ཡང་དེ་དང་འབྲེལ་བ་ཨེ་ཡོད་སྙམ༑ དེ་ལྟར་ན་ཡང་གཅིག་ནས་བསམ་ན་མ་གཞི་གཉའ་ཟླ་བ་བློ་གྲོས་ལགས་ནི་ཤེས་བྱའི་གནས་ལ་མང་དུ་ཐོས་ཤིང་རྩོམ་འབྲི་བ་ལ་ཡང་ཚིག་གི་སྡེབ་ལེགས་པ་སོགས། ཡིད་ཀྱི་དབང་པོ་ལྕགས་ཀྱུར་ལེན་པའི་འགུག་ཤུགས་ཆེ་བ་ལ་ཁོ་བོ་ཡིད་སྨོན་མོད། ཁོང་གི་བརྩམས་ཆོས་དག་ལ་བལྟས་ན་བོན་གྱི་མཁས་པ་དང་གྲུབ་མཐའི་དཔེ་ཆ་དག་ཆེད་དུ་ལུང་མ་དྲངས་པའམ་དཔྱད་པ་མ་བྱས་པ་ཡིན་ན་མ་གཏོགས། ཁོང་ལ་བོན་ཕྱོགས་ཀྱི་མཁས་པའི་གསུང་རྩོམ་ལ་གཟིགས་པ་དོག་བའི་ཞན་ཆ་ཞིག་ཀྱང་གང་ཐད་ནས་ངམ་ངམ་ཤུགས་ཀྱིས་མངོན་རྒྱུ་ཡོད་པར་འདོད༑ སྤྱིར་ན་དཔྱོད་ཤེས་ཅན་དག་ནི་གཞན་གྱི་ཤུགས་རྐྱེན་ལ་དེ་ཙམ་མི་རེ་བས་རང་ཉིད་ལ་རང་སྟོབས་ཤིག་ངེས་པར་འདོན་པས། དཔལ་དོན་གྲུབ་རྒྱལ་ཁོང་ཉིད་ཀྱང་མ་གཞི་ནས་རྨོངས་སད་ཀྱི་ན་བུན་ཡོངས་སུ་བསལ་ཟིན་པའི་ངེས་དོན་གྱི་ཤེས་ཡོན་ཅན་ཞིག་ཡིན་པར་འདུག་པ་དེས། ཤེས་བྱའི་མུ་ཡངས་ལ་རྟོག་དཔྱོད་ཀྱི་འཕྲུལ་འཁོར་གར་དུ་རྩེན་པར་གཞན་ལ་དེ་ཙམ་བརྟེན་མི་དགོས་པར་བསྙད་ཀྱང་ཅི་ཡང་མི་སྟོ་བར་འདོད་དོ།།

དཔལ་དོན་གྲུབ་རྒྱལ་ལ་དེ་ལྟ་བུའི་དཀྱེལ་ཡངས་པའི་བསམ་གཞིག་རྣོ་མོ་ཞིག་གིས་མི་ལོ་བརྒྱ་ཕྲག་ལ་བཞག་པའི་བག་ཆགས་ངན་རུལ་ཐམས་ཅད་དུམ་བུར་བཅད་དེ། ཤེས་བྱའི་ཐང་ཆེན་ཁོད་སྙོམས་ཀྱིས་གཟིགས་པའི་མཁྱེན་པ་ཡངས་པས་དེ་ལྟར་གནའ་རབས་བོད་ཀྱི་གདོད་མའི་ཤེས་རིག་དང་འཚོ་གནས་ཀྱི་གསང་འཚོལ་བ་ལ་མེད་དུ་མི་རུང་བའི་དཔེ་རྙིང་གལ་ཆེ་བ་དུ་མ་གཟིགས་པ་མ་ཟད། གནའ་བོའི་དུས་དང་དེའི་རྗེས་སམ་བཙན་པོའི་རྒྱལ་ཁབ་ཀྱི་ཆབ་སྲིད་སྐྱོང་སྟངས་ཏེ། སྒྲུང་ལྡེའུ་བོན་གསུམ་གྱི་སྐོར་ལ་ཡང་དོ་སྣང་བྱུང་སྟེ་དཔྱད་ཞིབ་གསར་གཏོད་ཀྱི་རྣམ་པ་བགྱིས་ཡོད༑ ཁོང་གིས་སྒྲུང་དང་ལྡེའུ་དང་བོན་གསུམ་ནི་དུས་གཅིག་ཏུ་བྱུང་བ་ཞིག་མ་ཡིན་པར་དུས་རིམ་ངེས་ཅན་ཞིག་ཏུ་རིམ་ཅས་ཀྱིས་བྱུང་ཞིང་། དེ་ཡང་ཐོག་མར་གདོད་མའི་མི་རྣམས་ཀྱི་བསམ་གཞིག་གི་ཁོ་ལག་རྒྱས་ཏེ་རང་ཉིད་ཀྱི་བློ་གྲོས་ཀྱི་རྩལ་འདོན་པའི་ཆེད་དུ། མི་མང་མང་གིས་གོ་བར་མི་ནུས་པའི་ཤེས་བྱ་སྒྲུང་ཞེས་པ་དེ་གསར་དུ་བཟོས་ཤིང་། དེ་མུན་དུས་ཡུན་ངེས་ཅན་སོང་བ་ན་མི་གཞན་རྣམས་ཀྱི་ཤེས་རབ་ཀྱང་ཇེ་རྣོར་བྱུང་བས་སྒྲུང་ནི་མི་རེ་འགས་སྤྱོད་པ་ཁོ་ན་མ་ཡིན་པར། མང་མང་གིས་བེད་སྤྱོད་ཐུབ་པར་གྱུར་བ་ན་གསར་གཏོད་ཀྱི་སེམས་ཁམས་རྟ་ཕོ་གཤོག་ཐོགས་དང་འདྲ་བའི་ཤེས་རབ་ཅན་དག་གིས་སླར་ཡང་ལྡེའུ་ཞེས་པའི་ཤེས་བྱ་དེ་ཉིད་གསར་དུ་བསྐྲུན་ཞིང་། དུས་མཚམས་ངེས་ཅན་ཞིག་ན་ལྡེའུ་རིག་པ་དེ་ཡང་སྔོན་མ་སྒྲུང་ལྟར་གྱུར་ཏེ་མི་རྣམས་བློ་རིག་འགྲན་རྩོད་དང་ཞུན་བརྡར་གྱི་སྣང་ཚུལ་དེའི་ཁྲོད་ནས་བོན་ཞེས་པ་མཇུག་མཐར་གསར་དུ་བཟོས་ཏེ་བྱུང་ཚུལ་གསུང་ཡོད་པ་རེད༑

ཁོང་གིས་སྒྲུང་ལྡེའུ་བོན་གསུམ་འདི་མི་རྣམས་ཀྱི་བློ་རིག་འཕེལ་རིམ་མི་འདྲ་བ་གསུམ་མམ་དུས་རིམ་མི་འདྲ་བ་གསུམ་དུ་བྱུང་བར་བཤད་པ་དེ་ནི་བདེན་པའི་ཤས་ཆེ་བར་སྣང་མོད། དེ་གསུམ་ནི་དོན་དམ་པར་ཆོས་ལུགས་རྣམ་པ་ཅན་ཡིན་པར་བཤད་པ་དེ་ལ་རྒྱལ་ཕྱི་ནང་གཉིས་ནས་བོད་རིག་པའི་ཚ་རླབས་དྲག་ཏུ་འཕྱོ་བའི་དུས་སྐབས་འདིར་ད་དུང་ཁས་ལེན་རིགས་པ་ཞིག་མིན་པར་སེམས༑ རྒྱུ་མཚན་ནི“དེའི་སྔོན་ཆབ་སྲིད་སྒྲུང་ལྡེའི་བོན་གསུམ་གྱིས་བསྐྱངས”ཞེས་བོད་ཀྱི་དེབ་ཐེར་དག་ལས་བྱུང་བ་ལྟར། དེང་དུས་ཀྱང་བོད་རིག་པ་བ་དག་གིས་དེ་དག་ནི་གདོད་མིའི་བོད་ཀྱི་ཆབ་སྲིད་སྐྱོང་སྟངས་སམ་ཐབས་ལམ་མི་འདྲ་གསུམ་ཡིན་པར་བསྙད་པ་ལས། ཆོས་ལུགས་མི་འདྲ་བ་གསུམ་ཡིན་པར་སུ་ཡིས་ཀྱང་མི་སྨྲ་ལ་སྨྲས་ཀྱང་བདེན་སྣང་དུ་མི་འབྱུང་བ་ཡིན་ནོ།། ཡིན་ན་ཡང་དཔལ་དོན་གྲུབ་རྒྱལ་ཁོང་གི་དུས་སྐབས་དེར་མཚོན་ན་དེའི་ཐད་ནས་དོགས་སློང་ཙམ་ཡང་འབྱུང་གི་མེད་དེ། འདི་ལྟ་བུའི་གནའ་བོའི་བོད་ཀྱི་ཤེས་རིག་ལ་སྟབས་བདེའི་སྒོ་ནས་སྨོད་འབོར་བ་ལས་ཞིབ་དཔྱོད་ཀྱི་འགན་འཁྲི་སུ་ཡིས་ཀྱང་འདེགས་མྱོང་མེད་ན། ཁོང་གིས་སྐབས་དེར་འདི་ལྟ་བུའི་འགྲེལ་བཤད་ནུས་པ་ཡང་ངོ་མཚར་དང་ཡི་རངས་ཀྱི་གནས་འབའ་ཞིག་ཏུ་འཁུམས་སོ།།

སྔར་ཁོང«བོད་གདོང་དམར་ཅན་གྱི་རྨོ་བོ་སྲིན་མོ་ཡིན་ནམ།»ཞེས་ལོ་རྒྱུས་ཀྱི་བདེན་པའི་དཔང་པོ་པང་དུ་བསྣམས་ནས་སྟོབས་ལྡན་ཞུ་བའི་བོད་མི་ཡོན་ཏན་པ་ཞིག་ལ་བོད་ཀྱི་མི་རྒྱུད་ཆེད་དུ་དགག་ཡིག་ཅིག་བྲིས་མྱོང་བ་ལྟར། ཁོང་ནི་རིགས་ཞེན་གྱི་དཔའ་དར་རིང་མོ་དེ་ཡིན་པས་ལ་རྒྱའི་སྤོབས་པ་མཐོ་པོས་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་སྟག་གཟིག་གམ་དབྱི་ལང་ནས་ཡིན་ཅེས་པ་ལ། མི་འཐད་པའི་རྣམ་པ་བསྟན་དེ་བོད་རང་ས་ནས་འཁྲུངས་པ་དང་སྤོ་བོའི་ཡུལ་ནས་ཡིན་ཚུལ་སོགས་ཀྱང་གསུང་ཡོད་པ་རེད༑ ཁོང་གིས་སྟོན་པ་གཤེན་རབ་ཀྱི་མཚན་ལ“གཤེན་རབས་ཀྱི་མི་བོ་ཆེ”ཞེས་གཤེན་རབ་ཀྱི་རབ་ལ་ཡང་འཇུག་ཡོད་པར་བྱས་ཏེ་གཤེན་ནི་གདུང་ངམ་རུས་ཀྱི་མིང་ལགས་ན། གཤེན་གྱི་གདུང་རབས་ལས་འཁྲུངས་བའི་མི་བོ་ཆེ་ཞེས་འགྲེལ་འདང་ཡོད་པར་འདུག་མོད་དེ་ནི་ཅུང་མི་འགྲིག་བར་སྙམ་མོད། དེའི་ཐད་བཤད་བྱ་མང་བས་ཁོ་བོས་འདིའི་སྐོར་དཔྱད་རྩོམ་གཞན་ཞིག་འབྲི་བཞིན་ཡོད་ན་དེར་གསལ་བཤད་བྱེད་རྒྱུ་ཡིན་ནོ།།

ང་ཚོ་ཆོས་ལུགས་པ་ཚོས་ནམ་རྒྱུན་དག་སྣང་གི་ངོས་ནས་ཚད་མའི་སྐྱེས་བུ་ཞེས་པ་ཞིག་འདོད་ཀྱི་ཡོད་པ་ཡིན་ན་ཡང་སོ་སོའི་སྐྱེ་བོའི་སྣང་ཚུལ་དང་མཐུན་པར་བཤད་ན། དེ་ལྟ་བུའི་སྐྱོན་ཀུན་ཟད་ཅིག་ལར་ནས་གཞི་མ་གྲུབ་པས་དཔལ་དོན་གྲུབ་རྒྱལ་ལ་མཚོན་ན་ཡང་དེ་ལྟར་ལགས་ན་ཁོང་ལ་སྐྱོན་དང་འཁྲུལ་བའི་ཆ་ཇི་སྙེད་ཅིག་ཡོད་པ་གཏན་ཁེར་རེད༑ དེར་བརྟེན་ཁོང་གིས་ལོ་རྒྱུས་སྨྲ་སྐབས་ཀྱང་གོང་དང་མཚུངས་པར་བོན་དཔེ་དག་ལས་སྤུང་ཡིག་ནས་སྨར་སྦྲག་ཏུ་བསྒྱུར་ཞེས་པ་ལྟ་བུ་ཞང་བོད་ལོ་ཙཱ་བ་དག་གིས་བཙན་པོ་མུ་ཁྲིའི་སྐབས་སུ་ཡིག་བསྒྱུར་གྱི་བྱ་བ་མང་དག་གཉེར་བ་ལ། “དེ་ཡང་སྟག་གཟིག་སྤུངས་ཡིག་བྱ་བ་ཞང་ཞུང་ཡིག་རྒན་དུ་བསྒྱུར། དེ་སྨར་བྲག་ཏུ་འགྱུར། དེ་རིམ་གྱིས་དབུ་ཅན་དང་འབྲུ་མར་འགྱུར་སོགས་ཟེར་ཡང་། སྐབས་འདིར་བོན་བསྒྱུར་ཞེས་པ་ནི། བོན་པོའི་ཆོས་ལུགས་ཀྱི་གཞུང་བོད་ཀྱི་ཡི་གེར་བསྒྱུར་བ་གོ་བ་མ་ཡིན་ཏེ། གདོད་མའི་སྒྲུང་དང་ལྡེའུའི་ཆོས་ལུགས་ཀྱི་རྨང་གཞིའི་ཐོག་བྱུང་བའི་ཆོས་ལུགས་དེ་བོད་ལ་བསྒྱུར་བཅོས་བཏང་བའི་དོན་ཡིན་ཞིང”ཞེས་ཀྱང་གསུང་མྱོང་བ་རེད༑ དོན་དུ་འདི་ནི་འགྲེལ་སྟངས་མི་མཐུན་པ་ཞིག་གམ་དོན་དང་མི་མཐུན་པ་ཡིན་པ་ང་ཚོས་ལོ་རྒྱུས་ལ་དཔྱད་ཞིབ་ནན་གཏན་བྱས་པས་ར་འཕྲོད་ཐུབ༑

མདོར་ན་ད་ལ་ཐུག་གི་བར་དུ་དཔལ་དོན་གྲུབ་རྒྱལ་གྱི་རིན་ཐང་ལ་ལོ་རེར་མཐོང་ཇེ་ཆེར་གྱུར་ཏེ་རྗེས་དྲན་གྱི་འདུ་ཚོགས་བསྡུ་བ་དང་གླེང་བརྗོད་ཀྱི་རྩོམ་ཡིག་སྤེལ་བ་སོགས་ནི་བགྲས་ཡས་མོད། རང་རང་སོ་སོའི་ངོས་ནས་བྱེ་བྲག་གནད་རེ་རེ་ནས་བབ་སྟེ་གླེང་བརྗོད་མི་བྱེད་པར་སྤྱི་བམ་ཙམ་མམ། ཕལ་ཆེ་བ་གཞན་རྗེས་བསྙེགས་ཏེ་གཏམ་རྫིག་པོ་ཤོད་པ་ལ་ངལ་བ་བརྟས་པ་ཙམ་ལས་ངེས་ཤེས་ཡང་དག་ཅིག་རྙེད་པ་ཤིན་ཏུ་ཉུང་བའི་གནས་ཚུལ་དུ་ཡོད༑ ལྷག་ཏུ་བོན་ཕྱོགས་ནས་དཔལ་དོན་གྲུབ་རྒྱལ་གྱི་སྐོར་གླེང་བརྗོད་མྱོང་མཁན་གང་ཡང་བྱུང་མེད༑ ཡིན་ན་ཡང་དེ་ནི་བོན་པོ་དག་གིས་དོན་གྲུབ་རྒྱལ་དོ་སྣང་གང་ཡང་མ་བྱས་པའི་རྟགས་མ་ཡིན་ཏེ༑ བོན་གྱི་སློབ་གཉེར་བ་དང་མཁས་པ་དག་གིས་ནམ་རྒྱུན་ཁོང་ལ་ཤིན་ཏུ་ནས་དགའ་བོ་དང་གུས་བཀུར་བྱེད་ཀྱིན་ཡོད༑ གང་ཞེ་ན་འདིར་དཔེ་མཚོན་གཅིག་གིས་བཤད་ན་ན་ནིང་སྤྱི་ལོ༢༠༡༥ལོའི་ང་ཚོའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དབྱར་སྐྱིད་ཀྱི་སྐབས་སུ། ཉིན་ལྔའི་རིང་སྤྲོ་སྐྱིད་ལ་རོལ་བ་དང་ཉིན་མཐའ་མར་འཛིན་གྲྭ་སོ་སོ་ནས་སྙན་ངག་གྱེར་འདོན་བྱས་ཏེ་སྙན་ངག་གྱེར་འདོན་འགྲན་བསྡུར་ཞིག་བྱ་སྐབས། ངེད་ཀྱི་འཛིན་གྲྭས་ཨང་དང་པོ་བླངས་པ་ཡིན༑ དེ་ནི་སྤྱིར་ན་གྱེར་མཁན་གྱི་འཇོན་ཐང་སྟེང་ནས་བླངས་ཡོད་པ་ཁོ་བོས་སེམས་ཀྱི་ཡོད་དེ། སྐབས་དེར་ང་ཚོའི་འཛིན་གྲྭས་དཔལ་དོན་གྲུབ་རྒྱལ་གྱི་སྙན་ངག«འདི་ན་ཡང་དྲག་ཏུ་ལྡིང་བཞིན་པའི་སྙིང་གསོན་པོ་ཞིག»ཅེས་པའི་སྙན་ངག་དེ་གྱེར་བས། དཔྱད་འདེམ་པ་དགེ་བཤེས་དག་གིས་སྙན་ངག་དེ་ལ་མ་གཞི་ནས་རིན་ཐང་ཆེ་ཚུལ་སོགས་གསུང་བཤད་མང་པོ་གནང་སོང་བ་དེས་སྙན་ངག་ལ་བལྟས་ཏེ་སྐར་མ་གང་འཚམས་བྱིན་ཡོད་པའང་ཤུགས་ཀྱིས་རྟོགས་པར་བྱུང་༑ གཞན་ནམ་རྒྱུན་གླུ་གཞས་ལ་མི་དགྱེས་པའི་དགེ་བཤེས་སྐད་གྲགས་ཅན་དག་གིས་བདུད་པེའི་བླངས་པའི“སྲིད་པའི་འབྱོར་བ་ལ”དགའ་པོ་ཞེ་དྲག་གནང་བའང་དེས་ཀྱང་ར་སྤྲོད་བྱེད་དོ།།

དེས་ན་སྤྱི་ལོ༢༠༡༠དང༢༠༡༡ལོའི་རང་གྲོལ་སྣང་ཚུལ་དུ་གསལ་བ་ལྟར་ན། བོད་ཀྱི་སྐྱེས་མ་ཁ་ཅིག་གིས་སྤྱི་ཡོངས་ནས་དཔལ་དོན་གྲུབ་རྒྱལ་ལ་གདེང་འཇོག་ཚད་མཐོར་གནང་སྟེ། “ཡིན་ནའང་། ཁོང་གིས་ཨ་རག་འཐུང་ནས་བཟའ་ཟླར་བཅར་རྡུང་བྱས་པ་དེ་ནི། བུད་མེད་ཅིག་གི་ངོས་ནས་དང་ལེན་བྱེད་མི་ཐུབ་པ་ཞིག་རེད།”ཅེས་དང་ལ་ལས་དེ་ལ་གུ་ཡངས་བྱེད་ཐབས་མེད་པ་དང་ལ་ལས་དེ་ནི་མི་རིགས་ཀྱི་ཆེད་དུ་སེམས་པ་སྡུག་གིས་ཁྱབ་པས་ཨ་རག་བཏུང་བ་སོགས་བྱས་པ་ལགས་ན། བཟོད་སྒོམ་བྱས་ཀྱང་ཆོག་ཚུལ་སོགས་གང་ལྟར་བོད་ཀྱི་བུད་མེད་འགའ་ཡིས་གླེང་བརྗོད་བྱས་པ་ནི། དོན་གྲུབ་རྒྱལ་གླེང་བརྗོད་དམ་རྗེས་དྲན་བྱེད་སྟངས་འོས་འཚམས་ཅན་ཞིག་ཡིན་པར་ཁོ་བོས་འདོད་པས་རབ་ཏུ་མད༑ དེ་ལྟར་རྗེས་དྲན་གྱི་གཏམ་གླེང་སྤེལ་སྟངས་དེ་དག་དོན་དང་མཐུན་པ་དང་འོས་ཤིང་འཚམས་པ་ཞིག་ཡིན་པར་སེམས་ནས་ཁོ་བོ་བོན་པོ་ཞིག་ཡིན་པའི་ངོས་ནས་ཀྱང་བོན་པོའི་ལས་དབང་དང་འབྲེལ་ཏེ་དཔལ་དོན་གྲུབ་རྒྱལ་བག་ཙམ་གླེང་བ་ཡིན་ནོ།།

དཔྱད་ཡིག་ཁུངས། 

(༡) «དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།» པོད་དྲུག་ཅན། ༡༩༩༧ལོའི་ཟླ༡༢པར་པར་ཐེངས་དང་པོ་མི་རིགས་དཔེ་སྐྲུན་ཁང་། 

(༢) «རང་གྲོལ་ཞིབ་འཇུག» ཤཱཀྱ་ཚེ་རིང་གིས་བརྩམས། དགུ་རོང་སྤུན་གྲོལ་གྱིས་བསྒྱུར། ༢༠༡༡ལོའི་ཟླ༡༡པར་པར་ཐེངས་དང་པོ་ཅང་སུའུ་མི་རིགས་དཔེ་སྐྲུན་ཁང་། 

(༣) «དཔའ་དར་རིང་མོ་འདི་ཁྱོད་ལ་འཐེན།» ཞོགས་དུང་། བྱང་སྐར། ཉི་གཞོན། མེ་ལྕེ། ༢༠༡༠ལོའི་ཟླ༡པོར་པར་ཐེངས་གཉིས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།