རྒྱང་རིང་ན་གནས་ཚེ་དྲན་པའི་ཡུལ་དུ་ཐོགས་ཀྱང་། ཉེ་སར་བཅར་ཚེ་སེམས་ཚེགས་དང་ངལ་བ་མང་པོ་སྟེར་བའི་བདག་གི་ཕ་ཡུལ་ནི་ལུང་ཁུགས་འགོལ་པོ་ཞིག་ཏུ་གནས་པས་ཕ་ཡུལ་གྱི་ཡུལ་མི་དག་གིས་དེང་རབས་ཀྱི་དཔལ་ཡོན་མང་པོ་ཞིག་ནི་དྲན་པའི་ཡུལ་དུའང་མི་ལོན། དེ་བས་ཀྱང་ཚབ་ཆེ་བ་ཞིག་ལ་གནའ་མི་རུས་པ་ཅན་དག་ཟད་པའི་ཤུལ་དུ། ཨ་མྱེས་ཤེས་རྒྱ་ཅན་དག་གཤེགས་པའི་མལ་ན་དེ་རིང་གི་ཡུལ་མི་ཚོས་མི་རིགས་དང་རིག་གནས། སློབ་གསོ་དང་འདུན་ལམ་སོགས་ནི་གཡག་རྒན་གྭ་པ་ཞིག་གི་ཚོད་ལའང་མི་བརྩི།

ཕ་ཡུལ་གྱི་ཡུལ་མི་ཚོས་ད་སྐབས་ཀྱི་གཉའ་གནོན་མང་པོ་ཞིག་སྟེ་གོང་རིམ་གྱི་བསྩལ་ནོར་དང་གཏན་འབེབས་དག་ཇི་བཞིན་མང་ཚོགས་ཚོའི་ལག་ཏུ་མི་སོན་པ་དང་། ཁྲིམས་འགལ་གྱི་ལས་ཀ་མང་པོ་ཞིག་ལ་མི་ངོ་དང་རྒྱུ་ངོའི་ཆེད་དུ་ཁྲིམས་མཐུན་དུ་སྒྲོགས་པ་སོགས་ལ་འཁང་ར་དང་ལྐོག་བཤད་བྱེད་དེ་སྡོད་པ་ཙམ་ལས་དཀའ་ཁག་དེ་དག་སེལ་བྱེད་ཀྱི་ཐབས་བཀོད་ལ་འདང་ཙམ་ཡང་མི་རྒྱག ། གལ་ཏེ་ད་སྐབས་རང་ཅག་ཚོས་མྱོང་བཞིན་པའི་དཀའ་ཁག་འདི་དག་མ་འོངས་པའི་མི་རབས་ཀྱིས་མྱོང་མི་དགོས་པར་བཟོ་འདོད་ན་བུ་ཕྲུག་ཚོ་སློབ་གྲྭར་བསྐྱལ་ཏེ་ཁྲིམས་ལུགས་ཚུད་པའི་རིག་གནས་སྣ་མང་ལ་འདྲིས་སུ་འཇུག་རྒྱུ་དེ་ལས་ཐབས་གཞན་ཅི་ཡང་མེད་དེ་དེང་དུས་ཡོངས་སུ་གྲགས་པའི་བརྗོད་པ་ཞིག་ལ་དཔལ་འབྱོར་གྱིས་དེ་རིང་དང་ཆབ་སྲིད་ཀྱིས་སང་ཉིན། རིག་གནས་ཀྱིས་མ་འོངས་པའི་གནད་དོན་ཐག་ཆོད་པར་བཤད་པ་དོན་དངོས་ཡིན།

འོན་ཀྱང་ལོ་རེ་བཞིན་སློབ་གྲྭས་སློབ་མ་གསར་པ་བསྡུ་བའི་སྐབས་སུ་ངའི་ཕ་ཡུལ་གྱི་ཡུལ་མི་ཚོས་སོ་སོའི་ཕྲུ་གུ་དག་སློབ་གྲྭ་འགྲོ་མི་དགོས་པའི་ཆེད་དུ་ལྷ་གསོལ་ཀླུ་འབོད་དང་མོ་རྩིས་ཕྱྭ་བརྟགས་ལ་འབད་ཀྱིན་ཡོད་ལ། འབྱོར་བ་ཅན་རེ་འགས་གཞན་གྱི་ཕྲུ་གུར་སྒོར་ཁྲི་ཕྲག་རེ་ཟུང་ཙམ་བྱིན་ནས་རང་གི་ཕྲུ་གུའི་ཚབ་ཏུ་གླ་གཏོང་གིན་ཡོད། ཁོ་ཚོས་འདི་ལྟར་སློབ་གྲྭའི་སྒོ་ཆེན་ལ་རྒྱང་བཀྱེད་དུ་བཅུག་པ་ནི་མི་རིགས་གཞན་འགྱུར་དང་རིག་གནས་གཞན་འགྱུར་སོགས་ལ་ཞེད་དྲགས་པས་མིན་ལ། སློབ་གྲྭ་ལེགས་ཉེས་འདེམས་པའི་ཆེད་དུ་མིན་པར་ཕྱུགས་ཟོག་རྫི་བོ་དང་ར་ལུག་འཚོ་བར་བཏང་བའི་ཆེད་དུ་རེད།

མ་གཞི་སྲོལ་རྒྱུན་གྱི་འཚོ་སྟངས་རེ་རེ་ལ་ཡང་ཧ་ཅང་བརྩི་མཐོང་བྱ་བར་འོས་པས་ཕྱུགས་ལུག་ལ་བརྟེན་དགོས་པའི་འབྲོག་པ་ལ་མཚོན་ན་ཁོ་ཚོའི་འདམ་ང་དེ་ཡང་མི་ཆོག་རྒྱུ་མེད་མོད། རིག་གནས་ཅུང་ཙམ་རེ་མེད་ན་གྲོང་ཁྱེར་དུ་མགྲོན་ཁང་རྙེད་དཀའ་ཞིང་ཟ་མ་རག་དཀའ་བའི་དུས་རབས་ཉེར་གཅིག་པ་འདིར་དེ་ལྟའི་ལྟ་ཚུལ་དེ་ནི་རྩ་བ་བོར་ནས་ཡལ་ག་བཟུང་སྟངས་ཤིག་དང་ཙན་དན་བསྲེག་སྟེ་སོལ་བ་བཟོས་པའི་ཚུལ་ལས་ཅི་ཡང་མིན། དེ་ལྟ་བུའི་བསམ་སྤྱོད་དེས་རྐྱེན་པས་ང་ཚོའི་ཡུལ་མི་དག་གིས་ནམ་ཞར་ཁྲིམས་འགལ་གྱི་བརྙས་བཅོས་དག་ཀྱང་རྩི་ཟ་ཟ་དང་སྨན་འཐུང་འཐུང་བྱེད་དགོས་བྱུང་ཡོད་ལ། རྒྱན་སྐུགས་དང་ཆང་རག་གི་ཆེད་དུ་ཅི་ཡང་གཏོང་ཕོད་པའི་བློ་སྤོབས་ཅན་ཡང་ཇེ་མང་ནས་ཇེ་མང་དུ་འབྱུང་བཞིན་ཡོད། ད་དུང་རིགས་ཀྱི་དབྱེ་འབྱེད་དང་ཕོ་མཆོག་མོ་དམན་གྱི་ལྟ་བ་སོགས་བསམ་བློ་རུལ་སུངས་ཅན་མང་པོ་ཞིག་ཀྱང་སློབ་གསོར་རྒྱབ་ཀྱིས་ཕྱོགས་པའི་ལྟ་ཚུལ་འདི་ཁོ་ནའི་བསྐྱེད་འབྲས་སུ་གྱུར་ནས་ཡོད།

སྤྱིར་ཕ་ཡུལ་གྱི་སློབ་གྲྭར་མཚོན་ན་ད་སྐབས་ཕྱིའི་སྲ་ཆས་ལེགས་ཙམ་ཡོད་པ་ལས་ནང་གི་སྙི་ཆས་ཐད་ནས་མ་འདང་ས་ཧ་ཅང་མང་མོད། དེ་ཡང་མཐར་གཏུགས་ན་ཕ་ཡུལ་གྱི་མི་མང་ཚོས་སློབ་གསོར་འཛིན་པའི་ལྟ་ཚུལ་ནད་རོ་དེས་དངོས་རྒྱུ་དང་བརྒྱུད་རྒྱུ་བྱས་ཏེ་བསྐྱེད་པའི་འབྲས་བུ་ཞིག་ཏུ་ངེས་ལ། ལྷག་ཏུ་བསམ་འཆར་འདོན་ཆོག་ལ་རེ་བ་ཕུལ་ཆོག་ཅིང་ཀུན་གྱིས་སློབ་གསོར་གཙིགས་སུ་འཛིན་པའི་དུས་རབས་འདིར་གནད་དོན་དེ་རིགས་ནི་དཀའ་ཁག་ཅན་གྱི་དོན་ཆེན་དེ་འདྲ་ཞིག་གཏན་ནས་མིན་པས་ཕ་ཡུལ་གྱི་སྤུན་ཟླ་ཚོའི་སེམས་སུ་རིག་གནས་ལ་མཐོང་ཆེན་དུ་བྱེད་པའི་བསམ་བློའི་ནེམ་ཐིགས་རེ་འབྱུང་ནས་ངས་ཤོག་སྒོར་ཁྲི་ཕྲག་ཅིག་ཅིག་ཉིག་ཉིག་བཏང་ནས་ཕྲུ་གུ་སློབ་གྲྭ་ག་གེ་མོར་བསྐྱལ་ཡོད་ཅེས་ཤོད་པའི་དུས་ཚིགས་ཤིག་ནམ་ཤར་ལ་སྨོན་པ་སྟོང་དང་རེ་བ་ཁྲི་ཡིས་སྒུག་ནས་ཡོད་དོ། །

 

2017/11/28 ནུབ་མོར་ཕ་ཡུལ་གྱིས་བདག་ལ་བྱིན་པའི་སེམས་ཚོར་འགའ་ཡིག་ཐོག་ཏུ་ཕབས་པའོ། །