དེ་ཡང་མཁས་དབང་ཚེ་ཏན་ཞབས་དྲུང་ལགས་ཀྱིས་བོད་ཀྱི་ཡི་གེའི་རྣམ་གཞག་སྐོར་གླེང་སྐབས། དང་པོ་བློ་མ་རྒྱས་པའི་སྐབས་སུ་ཉེ་བར་མཁོ་བ་ཐོབ་ཐང་གི་རྣམ་གཞག་དང་། གཉིས་པ་བློ་ཅུང་ཟད་རྒྱས་པའི་སྐབས་སུ་ཉེ་བར་མཁོ་བ་རྣམ་དབྱེ་བརྒྱད་ཀྱི་རྣམ་གཞག་དང་། གསུམ་པ་བློ་བཟང་ཙམ་རྒྱས་པའི་སྐབས་སུ་ཉེ་བར་མཁོ་བ་ཡི་གེའི་རྟགས་ཀྱིས་འཇུག་པའི་རྣམ་གཞག་ཅེས་རིམ་པ་གསུམ་དུ་གསུངས་འདུག་ལ། རིམ་པ་དང་པོ་སྟེ་བློ་མ་རྒྱས་པའི་སྐབས་ཀྱི“ཉེ་བར་མཁོ་བ་ཐོབ་ཐང་གི་རྣམ་གཞག”ནི་བོད་ཡིག་ལ་འཇུག་པའི་ཐོག་མའི་སྔོན་འགྲོ་ལྟ་བུ་ཡིན་པས། རྣམ་གཞག་འདི་ནི་བོད་ཀྱི་བརྡ་དག་སློབ་པའི་རྨང་གཞིའང་ཡིན་པ་རེད།

ཡི་གེའི་ཐོབ་ཐང་དེ་ལས་ཚེག་ཤད་གཉིས་ཀྱི་ཐོབ་ཐང་འདི་ཡང་ཤིན་ཏུ་གལ་ཆེ་བ་ནི་བོད་ཡིག་སློབ་མཁན་ཀུན་ལ་ནམ་ལངས་ཉི་ཤར་ལྟར་གསལ་མོད། འོན་ཀྱང་རང་ཅག་གི་སློབ་གསོའི་སྡེ་ནས་དེ་ལ་སྣང་ཆུང་ཁུར་མེད་ཀྱིས་ཡི་གེའི་ཐོབ་ཐང་དག་རྩིས་མེད་དུ་བཏང་དང་གཏོང་བཞིན་མཆིས།

ལྗོངས་ཞིང་ལྔའི་སྐད་ཡིག་སློབ་གཞི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་པའི་སློབ་ཆུང་གི<<སྐད་ཡིག>>སློབ་དེབ་ལ་མཚོན་ན། བཀོལ་མཁན་མང་ཞིང་ཁྱབ་རྒྱ་ཆེ་བའི་སློབ་དེབ་ཅིག་ཡིན་པར་མ་ཟད། སློབ་དེབ་འདི་ཀོ་བོད་ཁ་བ་ཅན་གྱི་ལོ་ཆུང་བྱིས་པ་ཡོངས་ཀྱི་སྔས་དང་མ་བྲལ་བའི་དཔེ་ཆ་གཅིག་པུའང་ཡིན་པ་རེད། སྔས་དང་མ་བྲལ་བའི་སློབ་དེབ་དེ་གས་ཤད་ཀྱི་ཡི་གེ་དོར་འདུག་ཅེ་ན་ཇི་འདྲའི་བློ་ངོར་མི་ཤོང་བ་དང་ཡིད་ཕངས་པ་ཞིག་ཅི་ལ་མིན།

ད་ལྟ་ཁོ་བོའི་མདུན་ཅོག་སྒང་ལ་བཞག་ཡོད་པའི“ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་དང་འགན་བབས་སློབ་གསོའི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ”སྟེ་སློབ་ཆུང་གི<<སྐད་ཡིག>>ལོ་རིམ་དང་པོའི་སྟོད་ཆ 1ལྟ་བུར་ཆ་བཞག་ན། སློབ་དེབ་འདི་གའི་མདུན་ཤོག་ཉིན་ནས་རྒྱབ་ཤོག་སྲིབ་བར་དུ་ཤད་ཀྱི་ཡི་གེ་ཡོངས་སུ་དོར་འདུག་པ་དཔེར་ན། མདུན་ཤོག་སྟེང་གི་སློབ་དེབ་ཀྱི་མིང་དང་། ལོ་རིམ་གྱི་མིང་དང་། དཔེ་སྐྲུན་ཁང་གི་མིང་བཅས་ཀྱི་མིང་མཐའི་ཤད་གཡུགས་འདུག་ལ། དེ་བཞིན་དུ་དབུ་ཤོག 2 དང་པར་བྱང 3 དང་ལྗོངས་ཞིང་ལྔའི་སྐད་ཡིག་སློབ་གཞི་རྩོམ་སྒྲིག་མགོ་ཁྲིད་ཚན་ཆུང་གི་མཚན་ཐོའི་མིང་མཐའི་ཤད་དག་ཀྱང་དོར་འདུག་པའོ། །

ཡང་ཀླད་ཀྱི་དཀར་ཆག་ནས་བར་གྱི་སློབ་ཚན་དང་མིང་ཚིག དེ་ནས་མཇུག་གི་ཡིག་གསར་ཕྱོགས་བསྒྲིགས་སོགས་ཀྱི་སྟེང་ནའང་ཤད་ཀྱི་ཡི་གེ་བཞག་མི་འདུག་པས་ན། <<སྐད་ཡིག>>སློབ་དེབ་འདི་ནི་དོན་གྱིས་བོད་ཀྱི་ཡི་གེ་སློབ་བྱེད་ཡིན་པ་བདེན་ནམ། ཡང་ན་བོད་ཀྱི་ཡི་གེ་གཏོར་བྱེད་ཡིན་པ་བདེན།

བློ་མ་རྒྱས་པའི་ལོ་ཆུང་སློབ་མ་རྣམས་ལ་མཚོན་ན་ཤད་ཀྱི་ཡི་གེ་དོར་བ་དེ་ནི་སྐད་ཡིག་གི་གཏོར་བཤིག་ཅིག་ཡིན་པ་བསྙོན་དུ་མེད་པ་དང་། བདག་ཅག་གི་སློབ་དེབ་སྒྲིག་མཁན་དང་སྦྱང་གཞི་ལྷན་ཐབས་སྒྲིག་རྩོམ་བྱེད་མཁན་སུ་ཞིག་ཡིན་ཡང་གནད་དོན་འདི་རྩིས་མེད་ལིང་བསྐྱུར་བྱས་པ་ཡིན་ན། དོན་ལ་གནོད་འཚེ་ཕོག་ཡུལ་ནི་གཞན་རིགས་མ་ཡིན་པར་རང་ཅག་གི་བྱིས་པ་རྣམས་ཡིན་ཞིང་། རྡོག་རོལ་གཏོང་ཡུལ་ཡང་རང་རེའི་སྐད་དང་ཡི་གེ་ཡིན་པའོ། །

འདི་ནས་ཡར་བརྩིས་པའི་མི་ལོ་བཞི་བཅུ་ལྷག་གི་ཡར་སྔོན་ཏེ“རིག་གནས་གསར་བརྗེ་ཆེན་མོ”ཡི་སྐབས་ཀྱི་བོད་ཡིག་སློབ་དེབ་ལ་མཚོན་ན། མའོ་ཙེ་ཏུང་གི“སློབ་གསོ་ལ་གསར་བརྗེ་བྱེད་དགོས”པ་དང་། “སློབ་དེབ་ལ་རྩ་བ་ནས་བཅོས་བསྒྱུར་བྱེད་དགོས”པའི་སློབ་སྟོན་འོག་ཤད་ཀྱི་ཡི་གེ་རྩད་ནས་དོར་འདུག་པ་དང་། དེའི་ཚབ་ལ་རྒྱ་ཡིག་གི་རྒྱུན་བཀོལ་ཡིག་རྟགས་དག་བཞག་ཡོད་པ་རེད། དེ་ལ་དཔེར་ན། “ཡི་གེའི་མགོ་རྒྱན་དབུ་ཁྱུད་དེ། །དང་ཀྱོག་བེརྒ་ཞེས་ཀྱང་ཟེར། །ཤད་ལ་ཆིག་ཤད་ཕུར་ཤད་དང་། །ཚེག་ཤད་ཉིས་ཤད་བཞི་ཤད་དང་། །སྦྲུལ་ཤད་རིན་ཆེན་སྤུངས་ཤད་བདུན། །ཚིགས་བཅད་མཐའ་ལ་ཉིས་ཤད་དེ། །ཀ་ག་ཤ་རྐང་ཤད་རེར་རྩི། །ང་མཐར་ཤད་གོང་ཕྱི་ཚེག་འབྲི། །ང་རྐང་ཤད་དང་མི་འདྲེས་ཆེད། །འ་མཐར་འབྲི་བའི་སྲོལ་མ་བྱུང་། །ཐིག་མགོར་ཡིག་རྡོག་གཅིག་བྱུང་ཚེ། །རིན་ཆེན་སྤུངས་ཤད་གཅིག་དང་འགྲོགས། །ཕྱི་རྐང་ཅན་གསུམ་བྱུང་ན་ཡང་། །སྤུངས་ཤད་བཅར་བའི་ཚུལ་གྱིས་བརྟེན། །ཡིག་རྡོག་གཉིས་སམ་གསུམ་མཐའ་རུ། །བྲིས་ཚེ་དེ་ཡི་དགོས་པ་སྟོར། །ལྷུག་པའི་རྣམ་གྲངས་སོ་སོ་དང་། །དོན་ཚན་ཕལ་ཆེར་མཐའ་དང་ནི། །བོད་པའི་སྐབས་ལ་ཆིག་ཤད་དེ། །རྫོགས་ཚིག་མཐའ་རུ་ཉིས་ཤད་འཐོབ། །སྡེ་ཚན་ཆེ་བ་རྫོགས་པ་དང་། །ལེའུའི་མཚམས་སུ་བཞི་ཤད་འབྲི། །འོ་འུ་འམ་འང་ཚེག་བར་ནི། །རྐང་བ་ཚང་དང་མ་ཚང་བའི། །དབང་གིས་འཐོབ་ཚུལ་སྐབས་དང་སྦྱར། །”4ཅེས་པའི་ཚབ་ཏུ་འདི་ལྟར། “ཡིག་རྟགས་སློབ་ན་དཀའ་རྒྱུ་མེད,དབྱིབས་དང་བཀོལ་ཚུལ་སེམས་ལ་ཟུངས。ཚིགས་རྟགས(,)ཐིག་ཆུང་རྔ་མ་ཅན,ཚིག་ཅིག་མཚམས་འཇོག་བྱེད་དུས་བཀོལ。རྫོགས་རྟགས(。)དེ་ནི་གོར་ཐིག་ཡིན,སྐད་ཆ་བཤད་པ་ཚར་བར་སྟོན。མཚམས་རྟགས(、)དེ་ནི་ཏིལ་ནག་འདྲ,སྙོམ་པའི་མིང་དང་ཚིག་མཐར་འབྲི。བཤད་རྟགས(:)ནག་ཐིག་གཉིས་ཡིན་ཏེ,བརྗོད་བྱའི་ཚིག་དེའི་རྗེས་སུ་ཕྲིས。དྲངས་རྟགས(“”‘’)སྦལ་ལྕོང་ཐོམ་བུ་མཚུངས,བཀའ་ལུང་དང་ནི་གཞན་གི་ཚིག,འདྲེན་ན་དྲངས་རྟགས་དེའི་ནང་ཕྲིས。འདྲི་རྟགས(?)མི་ཡི་རྣ་བ་འདྲ,འདྲི་ཚིག་ཅིག་གི་རྗེས་སུ་བཀོལ。འབྱེད་རྟགས(;)ཐིག་གཉིས་རྔ་མ་གཅིག,སྙོམ་ཚིག་སྐད་ཆ་གཉིས་བར་འབྲི。འབོད་རྟགས(!)ལག་འབོམ་ཞིག་དང་མཚུངས,དགའ་འབོད་སྨྲེ་སྔགས་སྐུལ་ཚིག་མཚོན。འགྲེལ་རྟགས(—)དེ་ནི་འཕྲེད་ཐིག་ཅིག,གཞན་འདྲེན་ལྷག་བཅས་ཕྲད་དང་མཚུངས。བསྡུས་རྟགས(……)ནག་ཐིག་དྲུག་ཡོད་དེ,ནང་དོན་བཤད་མ་ཚར་བར་སྟོན。གོང་གསལ་ཡིག་རྟགས་བཅུ་བོ་ལ,ཐོག་མར་སློབ་སྦྱོང་ནན་ཏན་བྱོས。ལན་མང་བཀོལ་དང་བལྟས་པས་ན,ད་གཟོད་བྱང་ཆུབ་ཡོང་བར་ངེས。” 5 ཞེས་པའོ། །

དེའི་མི་ཚད་བྱེད་འབྲེལ་གྱི་ཕྲད་ཚང་མ“གིས”དང“གི”ལ་བཙན་གྱིས་བསྒྱུར་ཏེ་སྔ་གཞུག་ཏུ་བོད་ཀྱི་ཡི་གེའི་ཐོབ་ཐང་དང་བརྡ་སྤྲོད་ཀྱི་རྣམ་གཞག་ལ་གཏོར་བརླག་ཆེན་པོ་བྱས་པར། རྗེ་དམུ་དགེ་བསམ་གཏན་ལགས་ཀྱིས<<“གནད་བསྡུས”ཀྱི་དགག་ཡིག་མཐའ་དཔྱད>>ཅེས་པ་མཛད་ཚུལ་ཁོང་གི་རང་རྣམ་དུ་གསལ་བ་ལྟར་རོ། །

མི་བུ་རྣམས་རྟོགས་པ་སད་ཅིང་དཔལ་ཡོན་གྱི་དཔྱིད་རླུང་གང་སར་ལྡང་བའི་དུས་དེ་རིང་ཡང་། རང་ཅག་གི་སློབ་གསོའི་སྡེ་ན“རིག་གནས་གསར་བརྗེ་ཆེན་མོ”ཡི་ནད་རོ་གཙང་སེལ་བྱེད་མ་ཐུབ་པར་ལུས་ཡོད་པ་འདི་ཅི་ཡིས་ལན་ནམ།

ཁོ་བོ་ནི་ཤད་ཀྱི་ཡི་གེ་དོར་བའི་གཞུག་ནས་ཚེག་གི་ཡི་གེ་འབོར་འགྲོ་བར་སེམས་ཁུར་ཅི་བས་ཀྱང་ཆེ་ལ། འདི་ལྟར་ཤད་ཀྱི་ཡི་གེ་དང་ཚེག་གི་ཡི་གེ་དོར་ཏེ་ཚིག་འབྲུ་འཁྲུག་ཅིང་ཚིག་རྐང་འཁྲུལ་བ་ཡིན་ན་དབྱངས་གསལ་སོ་བཞིའི་གོ་བརྡ་སུ་ལ་སྤྲོད། ཀ་མད་སུམ་ཅུའི་མཛེས་སྡུག་ཇི་ལྟར་ངོམ།

སྤྱི་ལོ2017ལོའི་ཟླ12པའི་ཚེས5ལ།

མཆན།

1ལྗོངས་ཞིང་ལྔའི་སྐད་ཡིག་སློབ་གཞི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་པའི<<ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི། འགན་བབས་སློབ་གསོའི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ། སྐད་ཡིག ལོ་རིམ་དང་པོའི་སྟོད་ཆ>> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོའི་ཟླ6པའི་ཟི་ལིང་གི་པར་ཐེངས་བཅུ་གཉིས་པ།
2 扉页ཞེས་པའི་འགྱུར།
3 版权页ཞེས་པའི་འགྱུར།

4ཚེ་ཏན་ཞབས་དྲུང་གི<<བོད་གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས་ལེ་ཚན་འགའ་ཕྱོགས་བསྡུས་བཞུགས་སོ>> མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་ཟླ3པའི་པར། ཤོག་ངོས39ནས40བར་གསལ།
5 མཚོ་སྔོན་ཞིང་ཆེན་སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་རྩོམ་སྒྲིག་ཙུའུ་ནས་སྒྲིག་སྒྱུར་བྱས་པའི<<མཚོ་སྔོན་ཞིང་ཆེན་སློབ་ཆུང་གི་བོད་ཡིག་ཚོད་ལྟའི་སློབ་དེབ། སྐད་ཡིག དེབ་ལྔ་བ>> མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། 1976ལོའི་ཟླ6པའི་པར། ཤོག་ངོས141ནས142བར་གསལ།