[ནང་དོན་གནད་བསྡུས།] རྩོམ་འདིར་པཎ་ཆེན་བཅུ་པ་ཆེན་མོས་བོན་ལ་གཟིགས་ཕྱོགས་གང་ཡོད་པར་གཙོ་བོར་བྱས་ནས་གླེང་ཡོད་པ་མ་ཟད། པཎ་ཆེན་སྐུ་ཕྲེང་གོང་མ་མང་པོ་ཞིག་ཀྱང་བོན་དང་འབྲེལ་བ་ཇི་ལྟར་བྱུང་བ་དང་ཇི་ལྟར་གཟིགས་པ་སོགས་བཤད་ཡོད་པས། ཀུན་གཟིགས་པཎ་ཆེན་བཅུ་པ་ཆེན་མོ་གཙོས་པའི་བོད་ཀྱི་བླ་ཆེན་ཁག་ཅིག་གིས་བོན་ལ་གཟིགས་ཕྱོགས་སམ་འབྲེལ་བ་ཇི་ལྟར་བྱུང་ཡོད་རོབ་ཙམ་བརྗོད་པའི་རྩོམ་ཞིག་རེད༑

[བརྡ་ཆད་གཙོ་བོ།] པཎ་ཆེན། བཅུ་པ་ཆེན་མོ། བོན།

དུས་རབས་བཅུ་བཞི་པའི་ནང་དུ་ཤར་རྒྱལ་མོ་རོང་དང་མདོ་སྨད་ཙོང་ཁའི་ཡུལ་ནས་བོད་གངས་ཅན་གྱི་ལྗོངས་ཆེན་པོའི་ཤེས་རིག་ལ་འོད་མདངས་གཞན་བས་བླ་མེད་ཅིག་སྐྲུན་མྱོང་མཁན་གྱི་སྐྱེས་བུ་ཆེན་པོ་གཉིས་ཡུལ་དབུས་གཙང་དུ་གྲྭ་སར་ཕེབས༑ སྐྱེ་བུ་དེ་གཉིས་ཀྱི་མཚན་ལ་ཕྱིས་སུ་མཉམ་མེད་ཤེས་རབ་རྒྱལ་མཚན་དང་ཙོང་ཁ་པ་བློ་བཟང་གྲགས་པ་ཞེས་སུ་གྲགས་པ་གཉིས་ཡིན༑ སྐབས་དེར་ཆ་རྐྱེན་སོགས་གང་ཐད་ནས་ཞན་པོ་ཡིན་པ་མ་ཟད་ཁོང་གཉིས་ཀྱི་དགུང་ལོ་ཡང་ཤིན་ཏུ་ཆུང་སྟེ། དེང་དུས་ཀྱི་འཕྲུལ་ཆས་རིགས་ནི་ལྟ་ཅི། མགྱོགས་གོམ་ལག་བདེ་བའི་རྟ་ཕོ་ཞིག་ཀྱང་མེད་པར། མཉམ་མེད་ཤེས་རབ་རྒྱལ་མཚན་ནི་ཤར་རྒྱལ་མོ་རོང་ནས་དབུས་གཙང་གི་ཕྱོགས་སུ་སྤྱི་ལོ༡༣༧༢ལོར་རྐང་གོམ་པས་ས་དོག་མོ་འདོམ་ལ་འཇལ་ནས་ཕེབས་ཤིང་། སྐབས་དེར་ཁོང་ནི་དགུང་ལོ་བཅུ་བདུན་ཙམ་ཡིན༑ དེ་བཞིན་རྗེ་ཙོང་ཁ་པ་ཡང་སྤྱི་ལོ༡༣༧༤ལོར་དབུས་གཙང་གི་ཕྱོགས་སུ་ཕེབས་པས་སྐབས་དེར་ནི་ཁོང་དགུང་ལོ་བཅོ་བརྒྱད་ཡིན་ཞེས་གྲགས་སོ།། ཁོང་རྣམ་གཉིས་ཕ་ཡུལ་དང་རང་ཡུལ་ནས་ཐོན་དུས་སོགས་མི་འདྲ་ན་ཡང་མཐར་དབུས་གཙང་གི་གདན་ས་གྲགས་ཅན་ར་བསྟོད་བདེ་བ་ཅན་དང་། གསང་ཕུ་ནེའུ་ཐོག་སོགས་སུ་སློབ་གཉེར་མཉམ་དུ་མཛད་མྱོང་ཡོད་པ་ཚོད་དཔག་བྱེད་ཆོག་པ་ཡིན༑ ཡིན་ན་ཡང་ཁོང་གཉིས་ཀྱི་རྣམ་ཐར་ཇི་སྙེད་ཅིག་མཆིས་པ་དག་ལས་ཁོང་རྣམ་གཉིས་དངོས་སུ་ཐེངས་གཅིག་ཙམ་ལས་འཕྲད་མྱོང་མེད་པའི་བཟོ་འདྲ་བསྟན་ན་ཡང་། དོན་དུ་ཐེངས་མང་འཕྲད་པ་མ་ཟད་སློབ་གཉེར་དགོན་སྡེ་གཅིག་ལ་བགྱིས་མྱོང་ཡོད་པའང་སྐབས་དེའི་གནས་སྟངས་དང་རྣམ་ཐར་གྱི་གསེང་བར་ནས་མཐོང་ཐུབ༑ ཡིན་ན་ཡང་སྐབས་འདིར་བཤད་བྱ་ནི་དེ་དག་མིན་པས་ཐེངས་གཅིག་ཙམ་རང་ལས་ཐུག་འཕྲད་མ་མྱོང་བར་བཤད་ཀྱང་སྐབས་དོན་གྱི་བརྗོད་བྱ་མི་སྒྲིབ་པས་བཞག་གོ།།

ཁོང་གཉིས་ཐེངས་གཅིག་ཙམ་འཕྲད་པའི་སྐབས་དེར་བགྲོ་གླེང་ལྷུག་པོ་བྱུང་ཞེས་གསལ་བར་འཁོད་ཡོད་ལ་འཕྲད་ས་ནི་གཙང་ཆུའི་འགྲམ་ངོགས(1)ཤིག་ཏུ་ཡིན་པར་འདུག སྐབས་དེར་ཁོང་གཉིས་ཀྱིས་མདོ་འདུལ་བའི་སློབ་གསོ་ཉམས་སྤེལ་དགོས་ཚུལ་སོགས་གླེང་མོལ་མཛད་པ་མ་ཟད། སླད་ཕྱིན་གཅིག་ཕན་གཅིག་གྲོགས་མཛད་ནས་བསྟན་པ་ལ་ཞབས་ཕྱི་སྒྲུབ་པར་ཐུགས་དགོངས་གཅིག་ཏུ་འདྲེས་ཞེས་གྲགས༑ ཕྱིས་སུ་ཁོང་གཉིས་ཀྱི་དམ་བཅའ་དེ་ཡང་ཏག་ཏག་ཕྱོགས་གཉིས་ཀྱི་སློབ་མ་རྣམ་པས་བརྩི་སྲུང་བྱས་ཡོད་པ་རེད༑ དེ་ཡང་མཉམ་མེད་ཤེས་རབ་རྒྱལ་མཚན་ལ་སློབ་མ་བརྒྱ་ཕྲག་ཡོད་པ་ལས་ཁོང་དང་འགྲུས་ཆེ་ཤོས་སམ་ཆེས་མཆོག་ཏུ་གྱུར་བ་ནི། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་མངའ་རིས་བསོད་ནམས་རྒྱལ་མཚན་གཉིས་ཡིན་ལ་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་ནི་རྗེས་སུ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཁྲི་འཛིན་ཏེ། སྨན་རིའི་ཁྲི་འཛིན་དུ་བསྐོས་ཤིང་རྗེ་ཙོང་ཁ་པའི་སློབ་མ་ཡང་བརྒྱ་ཕྲག་དུ་མ་ཕེབས་པ་ལས་ཁོང་གིས་ཐུགས་མཉེས་ཤོས་སམ། ཆེས་འབུལ་དུ་ཐོན་པ་ནི་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ཡིན༑ མཁས་གྲུབ་དགེ་ལེགས་དཔལ་བཟང་གི་རིག་ལམ་དང་སྐུ་ཡོན་ནི་སྐབས་དེར་སྐད་གྲགས་ཤིན་ཏུ་ཡོད་པར་འདུག་ལ། དེང་དུས་མཇལ་ཡུལ་དུ་གྱུར་བའི་ཁོང་གི་གསུང་འབུམ་པོ་ཏི་བམ་མཐུག་པོ་ཅན་བཅུ་གྲངས་ཤིག་མཆིས་པ་ལས་ཁོ་བོས་ཁ་ཤས་མཇལ་བའི་སྐལ་བ་ཐོབ་མྱོང་བས། ཁོང་གི་ཤེས་རབ་དང་ཐོས་པ་ལ་ངོ་མཚར་བ་མ་ཟད་རྩོམ་རྩལ་ལ་སྙིང་ནས་དགྱེས་པ་ཞིག་བྱུང་༑ མཁས་གྲུབ་རྗེ་འདི་ཉིད་ནི་དེང་དུས་བོད་མི་ཡོངས་ཀྱི་སྤྱི་ནོར་གཉིས་སུ་གྲགས་པའི་ཡ་གྱལ་པཎ་ཆེན་སྐུ་ཕྲེང་དང་པོ་དེ་ཡིན་ཅིང་། ཁོང་གི་སྐུ་ཕྲེང་ད་ལྟའི་བར་དུ་བཅུ་གཅིག་ཕེབས་ཟིན་པ་ལས་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་སྤྱི་ལོ་༡༦༦༣ལོར། བོན་གྱི་གདན་ས་གྲགས་ཅན་གཡས་རུ་དབེན་ས་ཁའི་བསྟན་བདག་བྲུ་ཚང་གི་གདུང་ལས་ཡབ་བསོད་ནམས་གྲགས་དང་ཡུམ་ཚེ་བརྟན་བུ་ཁྲིད་གཉིས་ཀྱི་སྲས་འཁྲུངས(2)པ་རེད༑

པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི་རྒྱལ་དབང་ལྔ་པ་ཆེན་མོའི་དགེ་བའི་བཤེས་གཉེན་ཡིན་པ་མ་ཟད་སྐབས་དེར་དགེ་ལུགས་སྤྱི་ཡི་བསྟན་པའི་བདག་པོ་ཡང་ཡིན་པར་བཤད་པས། པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་སྐྱེ་པཎ་ཆེན་བློ་བཟང་ཡེ་ཤེས་ཡང་སྤྲུལ་དུ་ངོས་འཛིན་བྱེད་མཁན་ནི་རྒྱལ་དབང་ལྔ་པ་ཆེན་མོ་ཁོང་ཡིན་པར་འདུག སྤྱིར་བཏང་བྱས་ན“ནམ་རྒྱུན་དུ་མི་ཁྱིམ་ཞིག་ཏུ་དགེ་ལུགས་པའི་སྤྲུལ་སྐུ་འཁྲུངས་ན་མི་ཁྱིམས་དེའི་མི་དང་ཡུལ་འཁོར་ཚང་མ་སྤྲུལ་སྐུའི་དགོན་པས་གཞུང་བཞེས་བྱེད་སྲོལ་ཡོད་ན་ཡང་། འདི་སྐབས་སུ་བྲུ་ཚང་གི་གདུང་བརྒྱུད་རང་གནས་སུ་བཞག་སྟེ་བདག་རྐྱེན་མཛད་འདུག”(3)ཅེས་མཁར་རྨེའུ་བསམ་གཏན་ལགས་ཀྱིས་གསུང་ཡོད་པ་ལྟར། རྒྱལ་དབང་ལྔ་པ་ནི་བླ་མ་གཞན་དང་མཁས་པ་སུ་ཡང་མི་འདྲ་བར་ཐུགས་དགོངས་དཀྱེལ་ཡངས་པ་ཞིག་ཡོད་པར་འདུག་པས། གྲུབ་མཐའ་དང་ཆོས་རྒྱུད་གང་ཡིན་ཡང་ཐུགས་བརྩེ་བ་ཆེན་པོས་མཉམ་པོར་གཟིགས་ཀྱི་ཡོད་ན། སྐབས་དེར་བོན་གྱི་བྲུ་ཚང་ནས་པཎ་ཆེན་ཡང་སྲིད་ཅིག་འཁྲུངས་པར། དོན་ངོ་མ་བྲུ་ཚང་གི་ཁྱིམ་གཞིས་ཆ་ཚང་གཙང་བཀྲ་ཤིས་ལྷུན་པོ་རུ་གནས་སྤོ་བྱ་རྒྱུ་ཡིན་མོད་སྐབས་དེར་ནི་བྲུ་ཚང་གི་གདུང་རྒྱུད་ནི་རང་གནས་སུ་བཞག་མཛད་འདུག དེ་ནི་དབང་ཡོད་ཁ་ཕོད་ཙམ་གྱིས་གཞན་ལ་བཙན་གནོན་བྱེད་པ་ལས་ལྡོག་སྟེ་ཕྱོགས་གཉིས་ཀར་བསམ་གཞིག་གུ་ཡངས་བྱས་པའི་ཐུགས་དགོངས་ཟབ་མོ་ཞིག་ལོས་ཡིན་སྙམ་མོ།།

དེའི་རྗེས་པཎ་ཆེན་ཐམས་ཅད་མཁྱེན་པའི་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཞུ་བ་སྤྱི་ལོ༡༧༣༨ལོར་སྐུ་འཁྲུངས་པ་ཡང་ཡུམ་ཉི་ཟླ་དབང་མོ་ཟེར་བ་དེ་ཉིད། བོན་གྱི་གདུང་རྒྱུད་ཆེ་དྲུག་ཏུ་གྲགས་པའི་ནང་ཚན་བྲུ་ཚང་ནས་ཡིན་པར་འདུག དེ་ལྟར་མཉམ་མེད་ཤེས་རབ་རྒྱལ་མཚན་དང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་གཉིས་ནས་གཅིག་ཕན་གཅིག་གྲོགས་མཛད་པའི་དམ་བཅས་པ་བཞིན། ཁོང་རྣམ་གཉིས་ཀྱི་རྗེས་འཇུག་རྣམས་ཀྱང་འབྲེལ་བ་དམ་ཟབ་བྱུང་བ་མ་ཟད་པཎ་ཆེན་སྐུ་ཕྲེང་ལྔ་པ་དང་དྲུག་པ་གཉིས་ཀའི་གཅིག་གི་ཡབ་བོན་གྱི་གདུང་རྒྱུད་ཆེན་མོ་བྲུ་ཡིན་པ་དང་གཅིག་གི་ཡུམ་བྲུ་ཚང་ནས་འཁྲུངས་པ་མ་ཟད། སྤྱི་ལོ༡༧༨༢ལོར་སྐུ་འཁྲུངས་པའི་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་མཆོག་གིས་དམིགས་བསལ་བོན་ལ་ཐུགས་བརྩེ་ཟབ་མོས་སྐྱབས་སྦྱིན་མཛད་པར། སྤྱི་ལོ༡༨༡༣ལོར་ཁམས་ལྷ་ཐོག་ནས་སྐུ་འཁྲུངས་པའི་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཁྲི་འཛིན་ཉེར་གསུམ་པ། བོན་གྱི་མཁས་པ་ཆེན་མོ་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་རང་རྣམ་དུ་གཅིག་ཙམ་མིན་པར་ལན་མང་གསལ་བར་འཁོད་ཡོད་དོ།། དེ་ཡང་ཀུན་མཁྱེན་ཉི་མ་དགུང་ལོ་སོ་བཞིར་བཞེས་པའི་སྐབས་ཏེ། སྤྱི་ལོ༡༨༤༦ལོར་དེང་དུས་བོད་ལྗོངས་སྦྲ་ཆེན་རྫོང་ཁོངས་ཀྱི་དགོན་པ་ཆེ་ཤོས་དཔལ་གཤེན་བསྟན་ཀླུ་ཕུག་དགོན་གཡུང་དྲུང་བདེ་ཆེན་གླིང་ཞེས་པར། གྲུབ་མཐའ་གཞན་གྱིས་བཙན་གནོད་ཐེབས་པས་ཀུན་མཁྱེན་ཉི་མས་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་མཆོག་ལ་ཞུ་གསོལ་ཕུལ་བས། པཎ་ཆེན་རིན་པོ་ཆེ་ནས་ཐུགས་བཞེས་ཆེན་པོས་རྒྱབ་སྐྱོར་གནང་བར་འཁོད་ཡོད༑ དཔེར་ན། «ཀུན་མཁྱེན་ཉི་མའི་རང་རྣམ་ཉི་མ་འབུམ་གྱི་འོད་ཅན།»ལས། “བོན་གྲྭ་ཆེན་པོ་དཔལ་ལྡན་སྨན་རིའི་དགོན་ལག་གྱུར་པའི་ཧོར་དགོན་གསར་གཡུང་དྲུང་བདེ་ཆེན་གླིང་ལ། གྲུབ་མཐའ་གཞན་སྡེ་དགོན་པ་ཆེ་བཙན་སོགས་མཆོག་དམན་སུས་ཀྱང་སྙད་ཚོལ་འགལ་ཟླ་མི་ཆོག་པའི་ཤེས་བམ་ནི། གོང་མ་གནམ་བསྐོས་ཆེན་པོའི་དབུ་བླ་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་ཞིང་གཟིགས་པ་ཆེན་པོ། རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའམ། རྒྱ་ནག་སྐད་དུ། ཏ་མིའི་བླ་མ་པཎ་ཆེན་ཨན་ཏི་ནིར་མཚན་གསོལ་བ་དེ་ཡི་དྲུང་ནས་ཞུས་པས་གནད་ཟབ་མཆན་མེད་དུ་རྩོལ་བྱུང་བ་ཡང་ཧོར་དགོན་དུ་མར་ཕུལ་བར་བྱས།”(4)ཞེས་གསུང་ཡོད༑

སྐབས་དེར་སྤྱིར་བཏང་བོད་སྤྱི་ལ་གོལ་ཥའི་དམག་བོད་དུ་བཙན་འཛུལ་བྱེད་སྒང་ཡིན་པས་པཎ་ཆེན་བསྟན་པའི་ཉི་མ་འདི་ཉིད་ཀྱི་སྐུ་རིང་གཅིག་པུ། གོལ་ཥས་ཐེངས་གཉིས་ཙམ་བཙན་འཛུལ་བྱས་ཡོད་པས་སྤྱི་ཚོགས་ཟང་ཟིང་དུ་ཆགས་ཡོད་པར་འདུག དེ་བས་བོད་ནི་དུས་རབས་སྔ་ཕྱི་བར་གསུམ་དུ་ནང་འཁྲུགས་ཀྱི་ཟུངས་ཁྲག་རྒྱུན་ཆད་མེད་པར་བཞུར་མྱོང་བས། སྐབས་དེར་འདི་ལྟ་བུའི་དབུ་ཁྲིད་རླབས་ཅན་ཞིག་ཡོད་ན་ཡང་། ད་དུང་གྲུབ་མཐའ་ཕན་ཚུན་བཙན་གནོན་དང་བསྙད་འདོགས་སོགས་ཀྱི་རྩོད་རྙོག་གི་འདམ་དུ་བྱིང་ནས་ཡོད་པར་གོང་དུ་གསལ་བ་ལྟར་རེད༑ ཏག་ཏག་གོང་གི་ཕྱི་ལོ་སྟེ། སྤྱི་ལོ༡༨༤༧ལོར་བོན་གྱི་གདན་ས་གོང་འོག་བར་གསུམ་ལས་འོག་མ་གཙང་གཡུང་དྲུང་གླིང་དུའང་གྲུབ་མཐའི་རུ་ཏྲ་བྱུང་བས། “སྐབས་འདིར་བོད་དུ་རྒྱ་ནག་ནས་དཀྲུང་ཐང་ཆེན་མོ་བྱ་བ་བྱོན་སྐབས་སུ། སྨན་རིའི་དགོན་ལག་རབ་ལེགས་གཡུང་དྲུང་གླིང་ལ་གྲུབ་མཐའ་རུ་ཏྲ་མཁན་རྣམས་ཀྱིས་བསམ་སྦྱོར་ལ་བརྟེན་པའི་ཉེར་འཚེ་འབྱུང་དོགས་ཆེར་བྱུང་བ་དང་། ཁ་སྨྲས་བསྐུར་བའི་འཇིགས་དངངས་ཆེར་ཤར་ཚེ། ཕྲན་མཁན་མིང་པས་ལྷ་སྲུང་ལ་གསོལ་བ་བཏབ་ནས་བསྟན་པ་གནས་པའི་སྨོན་ལམ་ཡང་དག་བགྱིས་ནས། དེ་དོན་དུ་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི་དྲུང་ནས། གཡུང་དྲུང་གླིང་ཡང་རང་ལུགས་གཡུང་དྲུང་བསྟན་པའི་འཛིན་སྐྱོང་སྒྲིག་མཐུན་ཚད་ལྡན་ལ་མ་དགོན་སྨན་རི་གཙོར་བཞག་དགོས་ཤིང་ཆོག་པ། དེ་ལ་གཞན་གྱི་སྙད་འཚེ་བྱེད་མི་ཆོག་པའི་ཤེ་བམ་གཙང་བཙན་ཞུས་བཞིན་གནང་བྱུང་བ་གཡུང་དྲུང་གླིང་དུ་བསྩལ་ཡོད།”(5)ཅེས་འཁོད་པ་ལྟར། པཎ་ཆེན་བསྟན་པའི་ཉི་མ་འདི་ཉིད་ཀྱིས་བོན་ལ་ཐུགས་བརྩེ་ཟབ་མོས་སྐྱབས་སྦྱིན་ཡང་ནས་ཡང་དུ་གནང་ཡོད་དོ།།

ད་དུང་དེས་ཀྱང་ག་ལ་ཚད་དེ། བོད་མདོ་དབུས་ཙམ་མིན་པར་སྐབས་དེར་རྒྱ་ནག་ཆིང་ལུང་གོང་མའི་དུས་སྐབས་ཡིན་པས་ཤར་རྒྱལ་མོ་རོང་གི་ཕྱོགས་སུ་བོན་པོ་རྣམས་བཙན་གནོན་གྱི་དྲག་སྤྱོད་འབའ་ཞིག་གིས། རྐང་པ་སར་མི་ཚུགས་པར་དཀའ་སྡུག་གི་ལོ་ཟླ་མུན་པའི་ཁྲོད་དུ་ཡོད་ན། མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཁྲི་འཛིན། སྨན་རིའི་མཁན་རབས་ཉེར་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་ནི་བོན་པོ་སྤྱི་ཡོངས་ཀྱི་བདག་པོ་ཡིན་པས། སྤྱི་ལོ༡༧༥༠ལོར་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དུ་གྲགས་པ་ལས་དགེ་བཤིས་རྩ་ནས་ཀྱང་སྨན་རིར་འཕྲིན་ཡིག་འབྱོར་འདུག དེར་བརྟེན་ཐེངས་འདིར་ཡང་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་བསྟན་པའི་ཉི་མ་མཆོག་ལ་ཡར་ཞུ་བྱས་པས། “སྐབས་འདིར་ཕྲན་གྱི་དངོས་སློབ་དགེ་བཤེས་རྩིའི་མཆོག་སྤྲུལ་སུམ་ལྡན་གྱི་དྲང་སྲོང་ཚེ་དབང་རྒྱལ་པོ་རིན་པོ་ཆེ་ཡིས། རྒྱལ་རོང་དགེ་བཤེས་རྒྱལ་པོའི་ཐ་གྲུ་ལྷུན་གྲུབ་དཔལ་གྱི་གླིང་ལ་རང་རེ་སྨན་དགོན་གྱི་རིང་ལུགས་དྲི་མེད་མཛད་ཕྱིར། དགོན་པ་གསར་བཞེངས་ལ་འདུ་ཁང་ཀ་བ་བཅུ་དྲུག་དང་། ཕྱི་འཁྱམས་ཀ་བ་ལྔ་བཅུ་ང་དྲུག་གི་ཚད་ལྡན་སྒྲུབ་སྐབས་གྲུབ་མཐའ་གཞན་བཙན་པས། དགོན་པ་འདེབས་ཆོག་མིན་གྱི་འཕྲོ་ས་བྱུང་ཕྲལ་དགེ་བཤེས་མཆོག་སྤྲུལ་ཟུང་ནས་ཁོ་བོ་ལ་ཅི་བྱེད་གང་དྲག་གི་གསུང་ཤོག་འབྱོར་སྐབས། རང་གིས་ཀྱང་སྐྱབས་མགོན་པཎ་ཆེན་ཨེར་ཏི་ནིར་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་ལ་ཞུས་པས། གོང་ས་ནས་གྲུབ་མཐའ་ཕྱོགས་རིས་མེད་པར་གཡུང་དྲུང་བསྟན་པ་ལ་ཕན་པའི་ཤེ་བམ་གཙང་བཙན་གནང་བྱུང་།”(6)ཞེས་ཐུགས་དགྱེས་པའི་ངང་གསུང་གནང་ཡོད་པ་རེད༑

འདི་ལྟར་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་རིན་པོ་ཆེས་ལན་གྲངས་བོན་ལ་སྐྱབས་ཀྱི་སྦྱིན་པ་ཆེན་པོ་བསྩལ་བས། སྐུ་གོང་མ་ནས་སམ་རྗེ་ཙོང་ཁ་པ་ནས་གཅིག་ཕན་གཅིག་གྲོགས་ཀྱི་དམ་བཅའ་བཞག་པ་དངོས་སུ་ལག་བསྟར་མཛད་གནང་བ་རེད་ལ། ཁོང་གི་སྐུ་རྗེས་མ་སྟེ། པཎ་ཆེན་སྐུ་ཕྲེང་བརྒྱད་པ་ཡང་སྐྱར་བོན་གྱི་གདུང་རྒྱུད་ཆེན་མོ་རྒྱལ་བ་བྲུ་ཚང་ནས་འཁྲུངས་པ་རེད༑ པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་ནི་སྤྱི་ལོ༡༨༥༥ལོར་ཡབ་བྲུ་བསྟན་འཛིན་དབང་རྒྱལ་དང་ཡུམ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་གཡས་རུ་བྲུ་ཡི་གདུང་ལས་སྐུ་བལྟམས༑ ཁོང་སྐུ་འཁྲུངས་ཁའི་སྔོན་ནས་ཀུན་མཁྱེན་ཉི་མ་བསྟན་འཛིན་དང་ཁོང་གི་བླ་མ་གྲུབ་དབང་རིན་པོ་ཆེ་གཉིས་ཀྱིས་སྔ་ལྟས་བཟང་པོ་དུ་མ་འགྲིག་པར«ཀུན་མཁྱེན་ཉི་མའི་རང་རྣམ»དུ་གསལ་ལ། ཁོང་སྐུ་མ་འཁྲུངས་པའི་སྔོན་མ་ཡི་མངལ་དུ་སྦྲུམ་སྐབས་ནས་མཚན་ལ་རྣམ་རྒྱལ་དབང་བསྡུད་རྒྱལ་མཚན་ཞེས་གྲུབ་དབང་རིན་པོ་ཆེས་གསོལ་གནང་མཛད་ཡོད་འདུག གང་ལྟར། འདི་ལྟར་པཎ་ཆེན་སྐུ་ཕྲེང་གཉིས་བོན་ནས་འཁྲུངས་བ་མ་ཟད་གཅིག་གི་ཡུམ་བོན་ནས་ཡིན་ལ། སྐུ་ཕྲེང་བདུན་པ་ཀུན་གཟིགས་པཎ་ཆེན་བསྟན་པའི་ཉི་མ་ལྟ་བུ་གཟིགས་པ་ཡངས་པ་ཇི་སྙེད་ཅིག་གིས་བོད་རང་ནས་དར་རྒྱས་ཕུན་སུམ་ཚོགས་པ་བྱུང་བའི་བོན་ལ་ཐུགས་ཁུར་ཟབ་མོ་གནང་ཡོད་དོ།།

པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་གོང་མ་དུ་མ་ཞིག་གིས་སྔར་ནས་བོན་ལ་གཟིགས་དགོངས་འདི་ལྟར་ཟབ་པས། སྤྱི་ལོ་༡༩༣༨ལོར་མཚོ་སྔོན་ཞུན་ཧྭ་རྫོང་བིས་མདོ་ཤང་དུ། ཡབ་མགོན་པོ་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ལས་སྐུ་འཁྲུངས་པའི་ཀུན་གཟིགས་པཎ་ཆེན་བཅུ་པ་ཆེན་མོ་འདི་ཉིད་ཀྱང་། སྤྱིར་དགུང་ལོ་ཆུང་དུས་ནས་དཀའ་ཁག་དུ་མ་གདོང་གཏོད་ཀྱིས་བོད་མི་རིགས་སྤྱི་ཡི་བདེ་སྡུག་ཆ་ཚང་ཕྲག་ཏུ་བཞེས་པ་རེེད་ལ། བོན་ལ་ཡང་མཛད་རྗེས་བསུབ་ཏུ་མེད་པ་བཞག་སྟེ་ལོ་རྒྱུས་ཀྱི་རྡོ་རིང་བརྐོས་ཡོད་པ་རེད༑ བཅུ་པ་ཆེན་མོ་དགུང་ལོ་བཅུ་རེ་ཟུང་ལས་མ་ཕེབས་པའི་སྐབས་དེ་ཤེད་ནས་བོད་ནི་དཀའ་རྙོག་གི་ཁྲོད་དུ་ཚུད་ཡོད་པས་ཁོང་ལྟ་བུའི་སྙིང་སྟོབས་སྲ་བ་རྡོ་རྗེའི་བྲག་རི་ཅན་ཞིག་མེད་ཕྱིན། ད་ལྟའི་བོད་ཀྱི་གནས་སྟངས་ནི་འདི་ལྟ་བུ་ཞིག་ཡིན་མི་སྲིད་པ་ནི་ཉེ་རབས་བོད་ཀྱི་ལོ་རྒྱུས་ལ་ངེས་པ་ཅུང་ཟད་ཡོད་པ་ཞིག་གིས་རྟོགས་སླ༑ “སྔོན་ཆད་མང་ཚོགས་ཀྱིས་བླ་མར་སྐུ་འགྱེད་འབུལ་སྲོལ་ཡོད་པ་ལས་བླ་མས་མང་ཚོགས་ལ་ཇ་ཕོར་ཉོ་དགོས་པ་ཐོས་མྱོང་ཙམ་ཡང་མེད། སྤྱི་ཚོགས་རྙིང་པའི་ནང་ལྟོ་སློང་བའི་སྤྲང་བོ་ཞིག་གི་ལག་ཏུའང་ཇ་ཕོར་ཞིག་ཡོད་པ་རེད། ཅང་ཅེ་ཧྲི་དང་མ་པུའུ་ཧྥང་གིས་མཚོ་སྔོན་དབང་བསྒྱུར་ལོ་བཅུ་ལྷག་བྱས་པའི་རིང་ལའང་བོད་རིགས་མི་དམངས་ལ་ཇ་ཕོར་ཙམ་ཡང་མེད་པའི་ཚད་ལ་སླེབས་མེད།”ཅེས་པ་ལྟ་བུའི་མཚོན། བོད་མདོ་དབུས་ཁམས་གསུམ་དུ་ཡུལ་གྲུ་རེ་རེ་བཞིན་གཟིགས་མོར་ཕེབས་ཏེ་དམངས་ཚོགས་ལ་སྐུ་འགྱེད་སྦྱིན་པ་དང་དཀའ་སྡུག་གི་འཚོ་བ་ལ་རྒྱུས་ལོན་བྱས་ཏེ། མང་ཚོགས་ཀྱིས་ཆེད་དུ་གསུང་སྐད་འགག་བར་དུ་གོང་རིམ་ལ་བདེ་སྡུག་ཞུས་པ་འདི་ནས་གླེང་བས་ཚར་བ་ཞིག་གཏན་ནས་མིན༑ “མང་ཚོགས་ཀྱི་སྡུག་བསྔལ་ནི་རང་གི་སྡུག་བསྔལ་ལ་བརྩི་དགོས་པ་དང་། མང་ཚོགས་ཀྱི་དགའ་སྤྲོ་དེ་རང་གི་དགའ་སྤྲོ་ལ་བརྩི་དགོས། མང་ཚོགས་ལ་དགའ་སྤྲོ་སྐྱེས་ན་རང་གི་ཆེས་ཆེ་བའི་བདེ་སྐྱིད་ཡིན།”(7)ཅེས་མང་ཚོགས་ཆེད་དུ་འདུར་འདུར་ངང་། ཤ་ཐང་ཆད་ཆད་བར་རྒྱུག་ཅིང་མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ངོ་མ་དེ་ཡིན་པའི་ངོས་འཛིན་བྱས་ནས། སྔར་མེད་པའི་བོད་ཡིག་སློབ་གྲྭ་ཆེ་ཆུང་མང་པོ་ཞིག་གསར་དུ་ཚུགས་པ་དང་། སྔར་གྱི་སློབ་ཆེན་དང་སློབ་འབྲིང་མང་པོ་ཞིག་བོད་སྐད་ཡིག་གི་སློབ་སྦྱོང་ཉམས་ནས་མེད་པར་གྱུར་བ་དག་སླར་གསོ་བྱས་པ་མ་ཟད། ཁོང་གི་མདུན་དུ་བོད་མི་རྒྱ་སྐད་ཤོད་མཁན་ཞིག་བྱུང་ན་ལག་པ་ཡང་འཇོག་ཉེན་པ་ཡིན༑ དེ་ལྟར་མང་ཚོགས་ཀྱི་ཆེད་དུའམ་མི་རིགས་ཀྱི་སླད་དུ། མི་རིགས་འདི་རྗེས་ལུས་ཀྱི་རྣམ་པ་བསྒྱུར་མ་ཐུབ་ན་ང་ཤི་ཡང་མི་བཙུམ་པའི་ཁ་ཕོ་ཡང་བསྒྲགས་མྱོང་ངོ་།།

བྱེ་བྲག་བོན་གྱི་ངོས་ནས་མཚོན་ན་ཉེ་ལམ་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་ལགས་ཟླ་བ་རིན་པོ་ཆེས། པཎ་ཆེན་རིན་པོ་ཆེའི་རྗེས་དྲན་ཚོགས་འདུར་སྒྲོག་སྦྱང་མཛད་པའི་རྩོམ་ཡིག(8)ཏུ་སྤྱིར་བཏང་གསལ་བར་འཁོད་འདུག་མོད། འདིར་དམིགས་བསལ་ཅན་ཁ་ཤས་སླར་ཡང་གླེང་བར་བྱས་ན། པཎ་ཆེན་བཅུ་པ་ཆེན་མོ་གཙང་གི་རྣམ་གླིང་དུ་ཕེབས་ཏེ་བོན་གྱི་གདན་ས་འོག་མ་གཡུང་དྲུང་གླིང་དུ་དངོས་སུ་ཞབས་སོལ་འཁོད་ནས། “སྐབས་དེར་གཡུང་དྲུང་གླིང་གི་ཉམས་གསོའི་ཐད་ཆ་རྐྱེན་ཞན་སྟབས། དཔལ་འབྱོར་གྱི་འཁོས་ཀ་ཆུང་བས་རིན་པོ་ཆེ་ཁོང་ཡང་རས་ཀྱི་གུར་ཆུང་ཞིག་ཏུ་བཞུགས་ནས། དགོན་འདིའི་དཔོན་སློབ་ཀུན་བཟང་བློ་གྲོས་དང་དགེ་སློང་ཤེས་རབ་བསྟན་འཛིན་གཉིས་ཀྱིས་མཚོན་དགེ་འདུས་པ་རྣམས་ལ། ཁྱོད་ཚོ་དཀའ་སྡུག་ཅི་འདྲ་ཞིག་འཕྲད་ཀྱང་སེམས་ཀྱི་དཔའ་ཞུམ་མི་ཉེན། མཐུན་སྒྲིལ་གྱི་སྒོ་ནས་སྙིང་སྟོབས་བསྐྱེད། ཐོས་བསམ་དང་སློབ་གཉེར་ལ་བརྩོན་འགྲུས་གྱིས། སྙེན་སྒྲུབ་དང་སྒོམ་པ་ལ་ནན་གཏན་མཛོད། རང་བསྟན་རང་གིས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་འགྲོ་བ་སེམས་ཅན་སྤྱི་དང་། རང་མི་རིགས་ལ་ཕན་པའི་དམངས་དོན་རྒྱ་ཆེར་མཛད་དགོས་ཞེས་གསུང་བ་དང་། པཎ་ཆེན་སྐུ་ཕྲེང་ལྔ་པའི་པད་ལྷམ་ཆ་གཅིག་གནང་མཛད་དེ་འདིའི་བདག་པོ་ཁྱོད་ཚོ་ཡིན་ཅེས་གདམས༑” ཡང་ཁོང་མཚོ་སྔོན་དུ་ཕེབས་སྐབས་ཤིག་ལ“བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ལ། ཁྱོད་ཀྱིས་མདོ་སྨད་ཀྱི་བོན་དགོན་ཁག་ལ་བདག་གཉེར་ལེགས་པོ་གྱིས་ལ། བོན་གྱི་རབ་བྱུང་པའི་དགོན་སྡེ་ཞིག་གིས་གཞི་བཟུང་། གྲྭ་བ་མང་ནས་མི་གཙོ་རྣམ་དག་གཙོ་བས། ཐུགས་མཐུན་ཁྲིམས་གཙང་གི་སྡེ་ཞིག་བཙུག་ན་ལེགས”(9)ཞེས་བཀའ་སློབ་གནང་བ་མ་ཟད་གྲྭ་མང་ལ་སྐུ་འགྱེད་ཀྱང་གནང་བ་སོགས་མཛད༑

ལོ་རབས་བརྒྱད་ཅུའི་ནང་ཆོས་སྒོ་ཕྱེས་ཞེས་ཆོས་ལུགས་བྱེད་སྒོ་སྤེལ་ཆོག་པའི་སྐབས་དང་བསྟུན་ནས་ཀུན་གཟིགས་ཐམས་ཅད་མཁྱེན་པ་འདི་ཉིད་ཀྱིས“ནང་བསྟན་སློབ་གླིང་”ཐོག་མར་ཚུགས་ཏེ་གྲུབ་མཐའ་ཕན་ཚུན་རྒྱུས་ལོན་དང་བརྩི་འཇོག མཐུན་སྒྲིལ་སོགས་ཡོང་བར་ཐུགས་དགོངས་ཟབ་མོ་མཛད་པ་རེད༑ ཐོག་མར་མི་རིགས་ཆོས་དོན་ཨུ་ཡོན་ལྷན་ཁང་དང་བོད་ཀྱི་བླ་སྤྲུལ་འགའ་རེས་གྲོས་བསྡུར་ན་ཡང་། བོན་པོའི་གྲུབ་མཐའ་ནང་བསྟན་སློབ་གླིང་གི་གྲས་སུ་འཇོག་མི་འཇོག་གི་གྲོས་འཆམ་མ་བྱུང་བས། ཧོར་སྲས་གཡུང་དྲུང་རྒྱལ་བ་རིན་པོ་ཆེ་དང་བཀའ་གྲོས་མཛད་པར། ཁོང་གིས་བོན་འདི་ནི་བོད་ཀྱི་གནའ་བོའི་དུས་ནས་བྱུང་བའི་བོད་རང་གི་རིག་གནས་རྙིང་པ་ཞིག་ཡིན་པ་མ་ཟད། བོན་འདི་ཉིད་བོད་དུ་དར་བའི་རིང་ལ་མུ་སྟེགས་པ་ཞེས་པ་ཞིག་ལར་ནས་བོད་དུ་བྱུང་མ་མྱོང་བའི་ཚུལ་གསུང་གནང་སྟེ། ནང་བསྟན་གྲས་སུ་འཇོག་མིན་ཁྱད་པར་མེད་ཚུལ་གསུང་པར། ཐམས་ཅད་མཁྱེན་པ་མཆོག་ཧོར་སྤྱི་ཁྱབ་རྒྱལ་པོའི་གདུང་སྲས་གཡུང་དྲུང་རྒྱལ་བ་མཆོག་གི་དྲུང་དུ་ཕེབས་ཏེ། བོན་གྱི་གྲུབ་མཐའ་བོད་བརྒྱུད་ནང་བསྟན་གྲས་སུ་བཞག་ཀྱང་རུང་ལ་མ་བཞག་ཀྱང་ཆོག་ཁྱད་པར་མེད་ཅེས་བཤད་པ་དེ་ནི་ཁྱོད་ཀྱི་ནོར་འཁྲུལ་ཞིག་རེད༑ གཡུང་དྲུང་བོན་ནི་བོད་མི་རིགས་ཀྱི་ཕ་མྱེས་ཡང་མྱེས་ནས་བརྒྱུད་པའི་ཕ་མེས་ལྷ་ཆོས་དེ་ཡིན་པས། ང་ཚོ་བོད་པ་རྣམས་མཐུན་སྒྲིལ་གོང་བུ་གཅིག་གྱུར་དང་སྟོབས་ཤུགས་དཔུང་པ་མཉམ་གཤིབ་དགོས་ཚུལ་སོགས་གསུང་མཛད་ནས། ནང་བསྟན་སློབ་གླིང་དུ་བོན་པོ་བཞག་པ་མ་ཟད། དེའི་རྗེས་གཞིས་ཀ་རྩེ་དམུ་རིགས་གཤེན་གྱི་གཞིས་ཁྱིམ་དུ་ཕེབས་ཏེ་མ་འོངས་པར་བོན་གྱི་གདན་ས་གོང་འོག་རྣམས་གཙོས། དགོན་སྡེ་དང་རིག་གནས་ཇི་ལྟར་དར་སྤེལ་དགོས་མིན་ཐད་བཀའ་གྲོས་མཛད་ཅིང་། གཤེན་སྲས་ནོར་བུ་དབང་རྒྱལ་གཞིས་ཀ་རྩེའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་དུ་བསྐོས་མཛད༑ དེ་ནས་རིམ་གྱིས་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་སོགས་གོ་གནས་རིམ་སྤར་བགྱིས་སོ།།

ལྷག་པར་ནམ་ཡང་གསུབ་པ་མེད་པའི་མཛད་རྗེས་ཆེས་རླབས་ཆེ་བ་ཞིག་བཞག་པ་ནི། གསར་རྗེའི་རྗེས་བོན་གྱི་བཀའ་འགྱུར་ཚར་གཅིག་རང་ལས་མ་ལྷག་པ་དེ་ཉིད་དཀར་མཛེས་ཁུལ་ཉག་རོང་དུ་བཞུག་པར། གྱ་དྲུག་ལོར་སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་མཆོག་བོད་ནང་དུ་ཕེབས་སྐབས་སློབ་མ་གཉིས་ཉག་རོང་དུ་མངགས་ཏེ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མགྱོགས་མྱུར་ངང་དཔར་སྐྲུན་དགོས་པའི་འབོད་བསྐུལ་བྱས་ཀྱང་། ཡོངས་འཛིན་རིན་པོ་ཆེའི་སློབ་མ་གཉིས་ཀྱི་འབོད་བསྐུལ་ལ་ཅི་ཉན། མཐའ་ན་ཉག་རོང་དུ་སྡོད་མི་ཆོག་པར་གང་མགྱོགས་འགྲོ་དགོས་ཚུལ་སོགས་བརྡ་འདེད་བྱས་པ་ན་སྐབས་དེར་ཏག་ཏག་པཎ་ཆེན་བཅུ་པ་ཆེན་མོ་དཀར་མཛེས་སུ་ཕེབས་མཛད་ཡོད་འདུག དེར་བརྟེན་སྨན་རིའི་ཡོངས་འཛིན་ཆེན་མོའི་སློབ་མ་བསྟན་འཛིན་དབང་རྒྱལ་གྱིས་དོན་ཚན་བཞི་ཅན་གྱི་སྙན་ཞུ་ཞིག་པཎ་ཆེན་མཆོག་ལ་ཕུལ་བས་ཁོང་ཡང་ཐུགས་ཤིན་ཏུ་དགྱེས་ཏེ། བཀའ་སློབ་ཟབ་མོ་གནང་མཛད་པ་མ་ཟད། ཉག་རོང་ཡེ་ཤེས་དགོན་གྱི་བླ་མ་ཨ་གཡུང་ལ་བཀའ་འགྱུར་དཔར་སྐྲུན་གྱི་འགན་བཞག་སྟེ་མགྱོགས་མྱུར་དཔར་སྐྲུན་བྱེད་ནས། བོད་ཡོངས་ལ་སྤེལ་དགོས་ཚུལ་གྱི་བཀའ་གནང་བས་མཐར་བཀའ་འགྱུར་ཚར་གཅིག་པོ་དེ་སྲུང་སྐྱོབ་ཐུབ་པར་བྱུང་བར«གྱ་དྲུག་ལོར་བོད་ནང་གི་མཐོང་ཐོས།»(10)ཞེས་པ་ལས་བཤད་ཡོད༑ འདི་ནི་བོན་གྱི་ངོས་ནས་བཤད་ན་སྲོག་སྙིང་གསར་དུ་སྐྲུན་པ་དང་མཚུངས་ལ། བོད་མི་རིགས་ཡོངས་ལ་བསམ་ན་ཡང་མཛད་རྗེས་བླ་ན་མཐོ་བ་ཞིག་ཡིན་པ་གདོན་མི་ཟ། རྒྱུ་མཚན་ནི་བོད་རང་ལ་རང་ས་ནས་དར་བའི་གནའ་བོའི་རིག་གནས་ཤིག་ཡོད་ན་ནི་བོན་འདི་ཉིད་ཡིན་པ་ལས་གཞན་ཞིག་མེད་ན། དེ་ཉིད་ཀྱི་རྩ་བའི་ལྟ་གྲུབ་དང་སྙིང་པོ་ནི་བཀའ་འགྱུར་ལ་ཐུག་ཡོད་པས་འཆི་ལ་ཁད་ཀྱི་སྐད་ཅིག་མའི་ཁྲོད་ནས་བཀའ་འགྱུར་རིན་པོ་ཆེ་འབོལ་ཆེན་ཞིག་སྤེལ་བྱུང་བ་དེས། ཤེས་རིག་ཅིག་གི་སྲོག་དབུགས་སླར་ཡང་བདེ་ཐང་གི་ངང་བསྐྲུན་པ་དང་མཚུངས་པ་ཡིན་ནོ།། གཞན་ཡང་བོན་གྱི་དགོན་སྡེར་ཕེབས་པ་དང་སྐུ་འགྱེད་གནང་བ། བཀའ་སློབ་བསྩལ་བ། ཐུགས་དགྱེས་གནང་ཚུལ་སོགས་ནི་གྲུབ་མཐའ་སྤྱི་དང་མཚུངས་པས་ཤིན་ཏུ་གླེང་ཡ་མང་མོད་ཀྱང་། སྐབས་འདིར་ནི་འདི་ཙམ་གྱིས་ཆོག་པར་བྱའོ།།

ཞེས་ཤེར་དབང་གིས་སྤྱི་ལོ༢༠༡༧ལོའི་ཟླ༡ཚེས་༢༧ཉིན་བྲིས།

དཔྱད་གཞིའི་ཁུངས།

(1) རྣམ་ཐར་ཁག་ཏུ་ཆུ་བོ་གསེར་ལྡན་ཁར་མཉམ་མེད་ཤེས་རབ་རྒྱལ་མཚན་དང་ཙོང་ཁ་པ་བློ་བཟང་གྲགས་པ་གཉིས་འཕྲད་པར་བཤད་ཡོད། ཡིན་ན་ཡང་སྐབས་དེར་ཆུ་བོ་གསེར་ལྡན་ནི་དེང་དུས་ཀྱི་ཆུ་བོ་གསེར་ལྡན་ལ་གོ་ན་མི་འགྲིག་པར་འདུག རྒྱུ་མཚན་ནི་མདོ་སྨད་ཆུ་བོ་གསེར་ལྡན་ཁར་ཁོང་རྣམ་གཉིས་འཕྲད་དོན་མེད་པས། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་འགྲེལ་བའི་མཇུག་བྱང་དུ་ཆུ་བོ་གསེར་ལྡན་གྱི་གཡོན་ཕྱོགས་ནས་སྦྱར་ཞེས། ཆུ་བོ་གསེར་ལྡན་ནི་གཙང་ཆུ་ལ་ངོས་འཛིན་བྱས་འདུག་གོ།།

(2) «པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།» [M] ཡཱ་ཧན་ཀྲང་གིས་བརྩམས། བློ་བཟང་ཕུན་ཚོགས་དང་རྟ་མགྲིན་འབྲུག་གྲགས་ཀྱིས་བསྒྱུར། ༢༠༡༡ལོའི་ཟླ༥པར་པར་ཐེངས་གཉིས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P:102

(3) «བོན་དཔྱད་སྤྱི་རྒྱ་རླབས་གཅོད།» [J] “རྒྱལ་དབང་ལྔ་པ་མཆོག་གིས་བོན་གྱི་ལྷ་སྡེ་ལ་གཟིགས་ཕྱོགས།” མཁར་རྨེའུ་བསམ་གཏན་གྱིས་བརྩམས། ༢༠༡༥ལོའི་ཟླ༨པར་པར་ཐེངས་དང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P:364

(4) (5) (6) «ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་རང་རྣམ་ཉི་མ་འབུམ་གྱི་འོད་ཅན།» [M] ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད། ༢༠༡༢ལོའི་ཟླ༩པར་པར་ཐེངས་པོ། མི་རིགས་དཔེ་སྐྲུན་ཁང་། P:299 P:300

(7) «བདེན་པའི་རང་མདངས་གསལ་བའི་མེ་ལོང་།» [M] “དཔའ་བོའི་མཛད་རྣམ་ཕྱོགས་བསྡུས།” ༡༩༩༩ལོའི་ཟླ༡པོར་པར་ཐེངས་དང་པོ། དྷ་རམ་ས་ལ་ནས།

(8) (9) «པཎ་ཆེན་ཐམས་ཅད་མཁྱེན་པས་གཡུང་དྲུང་བོན་ལ་བརྩེ་གཟིགས་གནང་ཚུལ།» [OL] རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བས་བརྩམས། ༢༠༡༧ལོའི་ཟླ༡པོར་ཧི་མ་ལ་ཡའི་བོན་དུ་གསལ།

(10) «གྱ་དྲུག་ལོར་བོད་ནང་མཐོང་ཐོས་ཀྱི་གཏམ་གསར་ཀུན་ཕན་ནོར་བུ།» [EB] དགེ་བཤེས་བསྟན་འཛིན་དབང་རྒྱལ་གྱིས་བརྩམས། གློག་རྡུལ་འཕྲུལ་དེབ།