སྤྱི་ལོ2006ཡས་མས་ཤིག་ཡིན་ནམ་སྙམ། དེ་དུས་ང་ལྷ་ས་ན་ཡོད། མཚན་ཞིག་ལ་རྒན་བསོད་དབང་དང་ངེད་གཉིས་ངལ་གསོའི་གསེང་དུ་ནང་མ་ཞིག་གི་ནང་དུ་སོང་བ་ཡིན། ནང་མ་དེའི་མིང་ག་རེ་ཡིན་པ་ད་ལྟ་ངས་བརྗེད་འདུག ནང་མ་ཆེ་ཞིག་རེད།   དེ་ནས་ཅུང་ཙམ་ནས་ཕོ་གསར་གཉིས་བསླེབས་སོང་།  རྒན་བསོད་དབང་དང་ངེད་གཉིས་ལ་འཚམས་འདྲི་དང་བཅས་སྦི་རག་ཤེལ་དམ་བཅུ་གཉིས་རིན་མེད་ལ་བྱིན་སོང་།  དེ་ནས་ཕོ་གསར་གཅིག་ཞབས་ཞུ་མ་ཞིག་གིས་བོས་ནས་ཕྱིར་བུད་སོང་།  གསར་ཡག་དེ་བསྡད་ནས་རྒན་བསོད་དབང་དང་ངེད་གཉིས་ལ་ཁ་བརྡ་བྱེད་ཞོར་ཨ་རག་ཉུང་ཙམ་རེ་འཐུང་གིན་འདུག  དེ་ནས་རྒན་བསོད་དབང་གིས། ཁོ་རྡོ་རྗེ་དོན་གྲུབ་རེད། ནང་མ་འདིའི་སྦྱིན་བདག་རེད། ལྷ་བཟོ་མཁས་པའང་རེད་ཅེས་ངེད་གཉིས་ཕན་ཚུན་ལ་ངོ་སྤྲོད་བྱས་སོང་།  དེ་དུས་ངས་སྐུ་ཞབས་རྡོ་རྗེ་དོན་གྲུབ་ལགས་ཐེངས་དང་པོ་ངོ་ཤེས་པ་ཡིན།

དེ་ནས་མཚམས་ཤིག་ལ་གྲོགས་པོ་ཚེ་རིང་བཀྲ་ཤིས་དང་བོད་ཕྲུག་སོགས་ཀྱི་ཁ་ནས་ཁོ་བཟུང་ནས་བཙོན་འཇུག་གི་ཁྲིམས་ཆད་བཟོས་སོང་བ་རེད་ཅེས་ཤོད་ཀྱིན་ཡོད་པ་ཐོས་སོང་། རྒྱུ་མཚན་ག་རེ་ཡིན་པ་གསལ་བོ་ཞིག་མ་ཤེས་ཀྱང་། བཤད་ཚུལ་ཡིན་ན།   རྒྱུ་རྐྱེན་གཙོ་བོ་ནི་འགོ་ཁྲིད་ཅིག་ལ་ཕོག་ཐུག་བཟོས་སོང་བའི་རྐྱེན་གྱིས་ཡིན་འདུག་སྐད།   ཨ་ཧོ་བསམ་ནས་ཁོང་ཁྲོ་དང་བཅས་ཁོ་ལ་གདུང་སེམས་འཆང་བའི་ཚོར་སྣང་ཞིག་ངང་གིས་སྐྱེས།

ཧ་ལམ་སྤྱི་ལོ2012ཡས་མས་ཤིག་གི་དཔྱིད་ཀ་ཡིན་ནམ་བསམ། ང་དང་གྲོགས་པོ་ཚུལ་ཁྲིམས་གཉིས་ཁྲིན་ཏུའུའི་འཇའ་ཚོན་ཟམ་པའི་彩虹桥ཉེ་འགྲམ་དུ་སྤྲོ་བསང་གཏོང་སའི་གླིང་ག་ཆུང་ཆུང་ཞིག་ཡོད་པ་དེར་ཇ་འཐུང་བཞིན་བསྡད་ཡོད་དུས། རྡོ་རྗེ་དོན་གྲུབ་དང་ཡེ་ཤེས་བཟང་པོ་སོགས་ཀྱང་དེར་ཇ་འཐུང་གིན་འདུག  དེ་ནས་རྡོ་རྗེ་དོན་གྲུབ་ཚུར་ངེད་གཉིས་སར་ཡོང་ནས་ང་ཚོས་ཁ་བརྡ་འདྲ་མིན་བྱས་པ་ཡིན། དེ་དུས་ཁོས་ང་ལ་ད་ལྟ་ལས་ཀ་ག་རེ་ལས་ཀིན་ཡོད།  ཁོམ་ན་འུ་གཉིས་མཉམ་དུ་ལས་ཀ་ལས་རྒྱུ་ཞིག་འདུག གཞན་ཁོས་ད་སྐབས་ལྷ་སའི་མལ་གྲོ་རྫོང་ན་ས་མང་པོ་ཉོས་ནས་ལས་གཞི་ཆེ་ཞིག་ལས་ཀིན་ཡོད་ཟེར། དེ་ནས་ངས་ཀྱང་ད་ལྟ་ལས་ཀ་གཞན་ཞིག་གི་འགོ་བརྩམས་ཡོད་པའི་གནས་ཚུལ་སོགས་བཤད་པ་ན། ཁོས་ཀྱང་གནའ་རྫས་བརྟག་དཔྱད་རིག་པ་འདི་གལ་ཆེ་ཚུལ་དང་། བོད་ལ་འདིའི་སྐོར་གྱི་ལས་ཀ་ལས་མཁན་ཉུང་ཉུང་ཡིན་པའི་གནས་ཚུལ་སོགས་གླེང་མོལ་བྱས་ནས་དུས་ཚོད་ཡུན་རིང་འགོར།

རྡོ་རྗེ་དོན་གྲུབ་ལགས་ཀྱིས་བྲིས་པའི་ཐང་ཀ


དེའི་རྗེས་སུ། ཉིན་ཞིག་ལ་ཁོས་ང་ལ་མཉམ་དུ་ཇ་འཐུང་ཞེས་འབོད་ཀིན་འདུག    ཇ་འཐུང་སའི་ས་གནས་ནི་ཁྲིན་ཏུའུའི་གོ་ལའི་ལྟེ་གནས(环球中心)བྱ་བ་དེའི་ལྷོ་ཕྱོགས་སུ་ཇ་ཁང་ཞིག་ཡོད་པ་དེ་ཡིན་ཟེར།   དེ་ནས་སོང་བ་ན་གྲོགས་པོ་ངོ་ཤེས་གཅིག་གཉིས་ཤིག་ཀྱང་ཡོད་པས་ང་ཚོས་ཇ་འཐུང་ཞོར་ཁ་བརྡ་བྱས་པ་ཡིན། ཉིན་དེར་རྡོ་རྗེ་དོན་གྲུབ་ལགས་ཀྱིས་ཧོར་ཡིག་ཅིག་འབྲི་གིན་འདུག  ཧ་ལམ་ཀྲུང་གོའི་བོད་རིག་པ་ཚང་ལ་འབྲི་གིན་ཡོད་ཟེར་བ་འདྲ་ཞིག་བཤད་སོང་། དེ་གའི་ཕྱག་ལས་གནང་མཁན་རྩོམ་སྒྲིག་པ་སྐུ་ཞབས་ཚངས་པོ་ལགས་ལ་དགོས་ཟེར་བ་གང་ཡིན་ད་ལྟ་གསལ་བོ་ཞིག་དྲན་མ་སོང་།   ཉིན་དེར་ངས་ཀྱང་ཁོ་ལ། ང་ལའང་ཧོར་ཡིག་གི་ཐམ་ཀ་ཞིག་མཁོ་སོང་། ནང་དོན་ཡི་གེ་ནི”གཟི་ལམ”བྱ་བ་ཡིན། དེ་འདྲ་ཞིག་བྲི་དགོས་སོང་བས་ཉིད་ཀྱིས་རོགས་ཤིག་བྱེད་དགོས་ཞེས་བཤད་པ་ན། ལོས་ཡིན་ལོས་ཟེར།

དེ་ནས་ལོ་གསུམ་གྱི་སྔོན་ཞིག་རེད། ཟི་ལིང་གི་སྨན་པ་གྲགས་ཅན་ཨ་ཁུ་འཇིགས་མེད་ཕུན་ཚོགས་ལགས་ཀྱིས་ང་ལ་ཁ་པར་བཏང་ནས་ཐོན་སོང་། ནང་དོན་ནི་ང་དེ་རིང་ཁྲིན་ཏུའུ་ལ་ཡོང་གིན་ཡོད། དགོང་མོ་མཉམ་དུ་གསོལ་སྟོན་བྱ་ཟེར། དེ་ནས་ཁོང་གི་རོགས་སུ་ཨ་ཁུ་པདྨ་ཚུལ་ཁྲིམས་ལགས་འདུག ཡིན་པ་ནི་པདྨ་ཚུལ་ཁྲིམས་ལགས་ཀྱིས་ཨ་ཁུ་འཇིགས་མེད་ཕུན་ཚོགས་གདན་ཞུ་གནང་ནས་རྡོ་རྗེ་དོན་གྲུབ་ཀྱི་ནད་བརྟག་དང་སྨན་བཅོས་བྱེད་དུ་ཕེབས་པ་ཡིན་འདུག ཨ་ཁུ་འཇིགས་མེད་ཕུན་ཚོགས་ཀྱིས་ང་ལ་རྡོ་རྗེ་དོན་གྲུབ་ངོ་ཨེ་ཤེས་ཟེར། ངས་ཤེས་ཚུལ་གྱི་རྒྱུ་མཚན་བཤད་པ་ན། འོ་ན་འུ་གཉིས་མཉམ་དུ་རྡོ་རྗེ་དོན་གྲུབ་ལ་བལྟ་རུ་སྨན་ཁང་དུ་འགྲོ་ཟེར་བ་ལྟར་ངེད་གཉིས་ལྷན་དུ་སོང་བ་ཡིན། རྡོ་རྗེ་དོན་གྲུབ་ལགས་ཧཱ་ཞིས华西སྨན་ཁང་དུ་སྨན་བཅོས་བྱེད་ཀིན་འདུག ཨ་ཁུ་འཇིགས་མེད་དང་ངེད་གཉིས་ནང་དུ་སོང་བ་ན།  རྡོ་རྗེ་དོན་གྲུབ་ལ་ཆེད་དུ་ལྟ་མཁན་སྨན་པ་གཙོ་བོ་ཡིན་ཟེར་བ་དེས་ཨ་ཁུ་འཇིགས་མེད་དང་ངེད་གཉིས་ཟུར་དུ་བོས་ནས་ང་ཚོས་བརྟག་དཔྱད་བྱས་པ་ཡིན་ན། ཁོའི་གསོན་ཚད་ནི་ཟླ་བ་གསུམ་ཙམ་ལས་མི་འདུག ཁྱེད་ཚོ་བོད་སྨན་ལ་བཅོས་ཐབས་ག་རེ་ཡོད་པ་རང་ཅག་གིས་ལྟོས་ཟེར།

དེ་ནས་ཨ་ཁུ་འཇིགས་མེད་ཕུན་ཚོགས་ལགས་ཀྱིས་ངས་ཆེད་དུ་ནད་འདིའི་རིགས་ལ་བསྡེབས་པའི་སྨན་ཡིན་ཟེར་ནས་སྨན་གཅིག་བྱིན་སོང་། དེ་ནས་ཨ་ཁུ་འཇིགས་མེད་ལགས་ཀྱིས་ང་ལ་སྨན་འདིའི་རིན་པ་ཁྲི་བཞི་ལྔ་ཞིག་རེད། ཁོ་ལ་རིན་མེད་དུ་བྱིན་པ་ཡིན། རྡོ་རྗེ་དོན་གྲུབ་ནི་ཁེ་ལས་པ་ཞིག་རེད། ལྷ་བཟོ་ཡང་རེད། བསམ་བློ་ཡང་ཡག་པོ་རེད། གལ་ཏེ་ཁོའི་ཚེ་ཐག་རིང་ན་བོད་ལ་ཕན་པའི་བྱ་བ་ཡག་པོ་ལས་ཀི་རེད་བསམས་ནས་རིན་མེད་དུ་བྱིན་པ་ཡིན་ཟེར།

རྡོ་རྗེ་དོན་གྲུབ་ཀྱིས་བྲིས་པའི་ཡིག་གཟུགས།


དེའི་རྗེས་སུ་ཉིན་ཞིག་ལ། ཁྲིན་ཏུའུའི་ཨ་རིག་ཟ་ཁང་དུ་རྡོ་རྗེ་དོན་གྲུབ་ལ་ཐུག་སོང་། ངས་སྙུན་གཞི་ག་རེ་ཡིན་པ་དྲིས་པ་ན། ད་ཡག་པོ་རེད།  ཆང་ཡང་འཐུང་གིན་ཡོད་ཟེར། ཨེ། ཆང་འཐུང་ཨེ་ཉན།   ཨ་ཁུ་འཇིགས་མེད་ཕུན་ཚོགས་ཀྱིས་བཤད་ན། ནད་འདིའི་རིགས་ལ་བོད་སྨན་འདི་ཕན་པ་ཧ་ཅང་ཆེན་པོ་རེད་ཀྱང་ཟས་སྤྱོད་ལམ་ལ་མ་འཛེམས་ན་ཉེན་ཁ་ནི་ཏག་ཏག་ཡོད་ཤག་ཤག་ཡིན་ཟེར་བྱུང་བས། ཅུང་ཟད་སེམས་ཆུང་བྱས་ན་མི་བཟང་ངམ་ཞེས་བཤད་པ་ཡིན། དེ་ནས་ཁོས་ང་ལ་ཀུ་རེའི་ཚུལ་དུ་ཨ་རོགས་ཁྱེད་ཀྱིས་ད་སྐབས་ང་ཚོའི་རྡོར་ལུགས་ལ་སྐྱོན་བརྗོད་བྱེད་ཀིན་འདུག་ཟེར། དེ་རིང་འུ་གཉིས་དེའི་སྐོར་ནས་རྩོད་པ་བྱེད་དགོས་རྒྱུ་རེད་ཅེས་བཤད་སོང་། ངས་ཁོ་ལ་རྡོར་ལུགས་རི་མོའི་སྐོར་ལ་སྐྱོན་བརྗོད་གང་ཡང་བྱས་མེད། དེ་འདྲ་ཞིག་གང་ན་འདུག ཡིན་ནའང་འབྲི་ལུགས་བྱ་བའི”ལུགས”དེའི་སྐོར་ལ་ངས་སྐད་ཆ་རེ་གཉིས་བཤད་པ་ཡིན། དེ་ངའི་ལྟ་ཚུལ་རེད། བོད་ཀྱི་བཟོ་རིག་སྒྱུ་རྩལ་ཐད་ནས་བཤད་པའི་ལྟ་ཚུལ་རེད། དམིགས་བསལ་གྱིས་མི་ག་གེ་མོའི་མིང་བཟུང་ནས་བཤད་པ་མ་རེད་ཅེས་པ་ན། འོ་ན་ཁྱེད་དང་གསེར་བྲག་གཉིས་རྩོད་པ་ཐུག་སོང་བ་མིན་ནམ་ཟེར། གསེར་བྲག་དང་ངེད་གཉིས་དེའི་སྐོར་ནས་སྐད་ཆ་འགའ་རེ་བཤད་ཡོད་པ་རེད།   ཡིན་ནའང་རང་རང་གི་ལྟ་ཚུལ་བཤད་པ་ཙམ་རེད།   ངའི་ལྟ་ཚུལ་དེ་དག་ཡི་གེའི་ལམ་ནས་བྲིས་ཏེ་དྲ་ལམ་དུ་སྤེལ་ཡོད་པ་དེ་དག་རེད། འགྲིག་མིན་གང་ཡིན་ཡང་སོ་སོའི་ལྟ་ཚུལ་རེད། ང་ཚོ་སོ་སོའི་ས་ནས་སོ་སོས་ལྟ་ཚུལ་ག་རེ་ཡིན་ནའང་བཤད་ཆོག་གི་རེད།  དེ་བཞིན་དུ་གྲོགས་པོའི་བར་ལའང་བཤད་ཆོག་གི་རེད་ཅེས་པ་ན།  ཁོང་གིས་ང་ལ་ཨ་ལ་ཀུ་རེ་ཡིན། བདེན་པ་རེད། ང་ཚོ་སུ་ཡིན་ཡང་སྒྱུ་རྩལ་གྱི་ལྟ་ཚུལ་ཐད་ནས་སོ་སོའི་ལྟ་བ་གླེང་རྒྱུ་དེ་གལ་ཆེན་པོ་རེད། ངས་ཀྱང་ལྟ་ཚུལ་སྨྲ་བ་ལ་ཧ་ཅང་དགའ་བོ་ཡོད། དཔེ་མེད་ཡག་པོ་རེད་བསམ་ཡོད་ཟེར།

དེ་ནས་ད་ལོ་རེད། ཟླ་གཉིས་ཡས་མས་ཀྱི་སྔོན་གྱི་ཉིན་ཞིག་ལ་ང་ལྟག་རིན་པོ་ཆེ་ཨོ་རྒྱན་ཆོས་འཕེལ་ལགས་ཀྱི་པད་དཀར་གླིང་དུ་སོང་བ་ན། བཤད་ཕྱོགས་ཤིག་གིས་ཁ་སང་སྤྲུལ་སྐུ་གུར་དགའ་རིན་པོ་ཆེ་ཕེབས་སོང་། ཁོང་གིས། ད་སྐབས་རྡོ་རྗེ་དོན་གྲུབ་ལགས་ཀྱི་ན་ཚ་ཅུང་ཟད་ལྗིད་མོ་རེད་གསུངས་བྱུང་ཟེར། དེ་ནས་སེམས་ཁྲལ་ཅུང་ཟད་བྱས་པ་ཡིན་ཡང་།  གཞན་མ་དྲན།

ཉིན་འགའི་སྔོན་ལ་རྒན་དབྱངས་ཐར་ལྷ་མོས་ཨ་རིག་གསོལ་སྟོན་ཁང་དུ་གྲོགས་པོ་ཚོར་གསོལ་སྟོན་ཞིག་གནང་བས། ཉིན་དེར་རྒན་རྡོར་དྲིལ་ཡང་ཐོན་འདུག   ང་ཚོས་ཁ་བརྡ་བྱེད་ཕྱོགས་ཤིག་ལ་རྡོ་རྗེ་དོན་གྲུབ་གླེང་སོང་། རྒན་རྡོར་དྲིལ་ལགས་ཀྱིས་ང་དང་རྡོ་རྗེ་དོན་གྲུབ་གཉིས་ཀྱི་ནད་གཅིག་རེད། ང་ནི་ཟས་སྤྱོད་ལམ་སོགས་ལ་འཛེམས། སེམས་ཆུང་བྱས་ནས་སྨན་བསྟེན་པས་ནད་ལོ་རེ་ནས་ལོ་རེར་ཇེ་བཟང་རེད།  རྡོ་རྗེ་དོན་གྲུབ་ལགས་ཟས་སྤྱོད་ལ་འཛེམ་མི་འདུག དེང་སང་ན་ཚ་ཅུང་ཟད་ལྗིད་མོ་ཡིན་འདུག་སྐད་ཅེས་བཤད་སོང་བས། གང་འདྲ་ཡིན་ནམ་དྲན།

ཁ་སང་སྐད་འཕྲིན་གྱི་སྒང་ནས་རྡོ་རྗེ་དོན་གྲུབ་ལགས་གྲོངས་སོང་བའི་གནས་ཚུལ་ཐོན་འདུག་པས་བློ་ཕམ་ཆེན་པོ་སྐྱེས་ཀྱང་། ཕན་པ་ནི་ཅི།  ཁོང་ནི་རི་མོ་པ་དང་ཡིག་གཟུགས་མཁས་པ་ཡིན་པ་མ་ཟད། བསམ་བློ་ཡག་པོ་ཡོད་པའི་ཁེ་ལས་པའང་ཡིན་པས། ཚེ་ཐག་རིང་ན་བྱ་བ་ཡག་པོ་འཁྱོངས་འགྲོ་གི་རེད་བསམས་ནས་རེ་བ་ཡོད་ཀྱང་།  འཆི་བ་ལ་ནི་གོ་རིམ་གང་ཡང་མེད་པས་སུས་ཀྱང་ཚོད་དཔོག་བྱེད་དཀའ་བ་ཞིག་རེད། ཨོཾ་མ་ཎི་པདྨེ་ཧཱུྃ། ཕྱག་ན་པདྨོའི་ཞབས་དྲུང་དུ་སྐྱེ་བར་ཤོག།

                        

2017/12/7/ལ་ཚངས་དབང་གིས།