རིགས་ཞེན་འདུན་བཟང་གི་བརྩེ་ཞགས་རིང་མོས་ནང་གི་འདུན་ཆོས་མི་མངོན་དབྱིངས་ན་གཞི་གཅིག་ཏུ་སྦྲེལ་བའི་སློབ་བུ་དཔྱོད་ལྡན་བསྟན་འཛིན་མཚུངས་མེད་སོགས་ཀྱིས། ཁ་བ་རི་པ་ཐུན་མོང་ལ་དུས་དེ་རིང་བར་དུ་བརྡ་སྤྲོད་པའི་ཕྱི་མོ་སུམ་རྟགས་ཀྱི་རྩ་གཞུང་གཅིག་ལས་མེད་ནའང་། ལག་ཏུ་ལེན་སྐབས་ཅིའི་ཕྱིར་ལུགས་མི་འདྲ་བ་སྣ་ཚོགས་སྤང་ལ་རྩི་ཏོག་སྐྱེས་ལྟར་བྱུང་བ་ཡིན་ལུགས་དང་། ཁ་སང་དེ་རིང་གི་སྨྱུག་འཛིན་པ་རྣམས་ཀྱིས་འཁྲིས་འཛིན་སྣང་བའི་འཐེན་འཁྱེར་གྱི་ལམ་ནས་འཁྲུལ་ཚབས་ཆེ་བའི་ངག་གི་རིག་བྱེད་གང་དག་གཡག་ཤི་འབྲོང་ཆད་ཀྱི་མཁྲེགས་འཛིན་ལ་བརྟེན་ནས་སྤྱོད་ཀིན་ཡོད་ལུགས། སླན་ཆད་དེ་ལྟ་བུའི་སོར་གྱེས་སིལ་མཆེད་ཀྱི་སོག་རྐང་རླུང་འཁྱེར་རྣམས་མཐུན་གནས་ཆིག་དྲིལ་གྱི་ཕོན་པོ་གཅིག་ཏུ་སྡོམ་རེ་ཡོད་མེད་སོགས་ཀྱི་དྲི་བ་མང་པོ་དེ་སྔ་ནས་སྔ་རྗེས་འཕྲོ་སྐྱོང་གི་ངང་ལ་དྲིས་སོང་མོད། ལོ་འདི་གར་ཁོ་བོ་མི་ཁོམ་པའི་ལས་ཀྱི་སྲད་བུས་ཀུན་ནས་དཀྲིས་ཏེ་དུས་ཚོད་རིན་པོ་ཆེའི་འབྱོར་བ་ཕུན་ཚོགས་ཆུ་གཉེར་ལྟར་གཅིག་འཇགས་གཉིས་ལང་གི་ངང་ལ་འཕྱུར་ཡོང་བའི་དོན་མེད་དོན་ཆུང་གི་ལས་སྣ་ཚོགས་ཀྱིས་ཆུད་འཛའ་བར་བྱས་པས། འདི་ཕྱོགས་ལ་ལྟ་ཅི། རང་ཉིད་ཀྱི་འགེལ་ཕོག་འཁྲི་ལས་སུ་གྱུར་པའི་ཡུལ་ལའང་དཔྱད་ལོང་མ་བྱུང་བར་བཏང་སྙོམས་གྱི་ནར་མི་འཇོག་ཐབས་མེད་བྱུང་ཞིང་། གཞན་དུ་ན། ཁོ་བོ་བརྡ་སྤྲོད་པའི་རྩ་བ་སུམ་རྟགས་ཀྱི་གཞུང་ལ་འཇུག་པ་ཆུང་ཞིང་། ཁྱད་པར་དུ་གནད་འདི་དག་ལ་དཔྱོད་འཇུག་གི་འདྲིས་ཆ་ཅི་ཡང་མེད་གཤིས། གཏམ་ཨ་ཕས་བཤད་རྒྱུ་བུ་གུས་བཤད་དེ་མི་ཤེས་ཤེས་མདོག་གི་རྣམ་ཐར་དམིགས་བཙུགས་ཀྱིས་འཁྲབ་ཚེ། ཤེས་མེད་ལབ་ལ་དགའ་བ་དེས། ཁ་ཚིག་རིན་གྱིས་ཉོ་བ་ཡིན་ཟེར་བ་ལྟར་དགོས་མེད་དོན་མེད་ཀྱི་ཁ་ལོག་ཚིག་ལོག་ཅི་རིགས་ངེས་མེད་དུ་ཉོ་ཉེན་ཡོད་པར་འཇིགས་པ་སོགས་ཀྱི་དབང་གིས། དུས་ཐོག་གི་ཆར་བ་དང་ཐུན་ཚོད་ཀྱི་བྲོ་སྨན་ལྟར་སྐབས་ཐོག་ལ་ལན་གདབ་རྒྱུ་མ་བྱུང་ཡང་། དཔྱོད་ཀྱིན་དཔྱོད་ཀྱིན། གནད་འདི་རིགས་དེང་སང་གི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་བསླབ་པ་དོན་དུ་གཉེར་མཁན་སློབ་གྲོགས་མི་ཉུང་བ་ཞིག་གི་བརྡ་སྤྲོད་ཀྱི་འབྲུ་དྲུག་སྙེ་མ་ལ་སྤྱི་མཐུན་དུ་བརྒྱབ་འདུག་པའི་འགལ་འཁྲུལ་ནོངས་གསུམ་གྱི་བཙའ་སད་ཐན་གསུམ་ཚབས་ཆེན་ཞིག་ཏུ་མཐོང་འོང་བས། རང་ཉིད་ཀྱིས་འཇོན་མིན་ལ་མི་ལྟ་བར་སྤྱི་བརྟོལ་བསྐྱེད་དེ་ཡིད་ལ་གང་ཤར་ཤུགས་འབྱུང་ལྷུག་པོར་བརྗོད་པའི་ཚུལ་གྱིས་རང་དང་འདུན་མཉམ་གྱི་སློབ་གྲོགས་དང་གྲོགས་པོ་དཔྱོད་ལྡན་རྣམས་ལ་བགྲོ་གླེང་དྲི་སྡུར་གྱི་ས་བོན་ཙམ་དུ་དབུལ་དགོས་པར་མཐོང་ངོ་། །

གཅིག

འུ་ཅག་གི་མེས་པོ་རྣམས་དང་པོར་འཇིག་རྟེན་གྱི་ཕྱི་ནང་གསང་གསུམ་གང་ལའང་སྙིང་སྟོབས་ཀྱི་འཇུག་པ་ཡངས་ཤིང་། བློ་གྲོས་ཀྱི་མཐུ་སྟོབས་ནུས་རྩལ་དབང་བཙན་དུ་བྱ་ནུས་པའི་སྤྱི་བོ་གནམ་གཏད་ཀྱི་སེམས་ཅན་དུ་གཏོགས་གཤིས། དུས་རྣམ་ཀུན་ཏུ་འདྲ་བདེན་གྱི་སྲང་མདའ་ཕྱག་ཏུ་ཉར་ཞིང་ཆིག་དྲིལ་གྱི་ཁུ་ཚུར་ལྷོད་མེད་དུ་བཅངས་ཏེ། འགྲིག་མཐུན་གྱི་སྟན་ཐོག་གཅིག་ནས་ཐུགས་སྣང་སྣོད་གཅིག་ཏུ་ཉར་ལ་གཞོལ་བར་མ་ཟད། མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་རྣམས་ས་ལྒང་རིལ་མོའི་མིག་ལྟོས་སུ་བཞག་གནང་པའི་མཚར་སྡུག་གཟི་དཔལ་འབར་བའི་བྱུང་རབས་འུ་ཅག་ལ་ཁ་མིག་ཡར་ལྟ་བྱ་སའི་རྟེན་དུ་གསལ་ལྷང་ངེར་བཞག་འདུག་པ་འདི་ལགས་ལ། དེ་ལྟ་བུའི་བཟང་པོ་སུམ་འཛོམ་གྱི་བསྐལ་པ་དག་ལ་ཁ་བའི་བདག་པོ་རྣམས་ཀྱི་ངག་གི་རིག་བྱེད་ལ་ཡུལ་སྐད་དང་ཡིག་སྐད། དབུས་སྐད་དང་ཁམས་སྐད། འབྲོག་སྐད་དང་རོང་སྐད་ལྟ་བུ་རིགས་ཁྱུ་གཅིག་ལ་བྱེ་བྲག་གི་དབྱེ་བ་ནང་ནས་འབྱེད་བྱེད་དུ་གྱུར་བའི་སྐད་བརྡ་སྦྱོར་ལུགས་ཀྱི་དབྱེ་མཚམས་གསལ་པོ་མེད་པར་ཆུ་ལ་ཆབ་རོམ་བཞག་པ་དང་ཏིལ་ལ་ཏིལ་མར་བསྲེས་པ། མར་ལ་མར་རྡོག་སྦྱར་བ་ལྟར་དུ་མ་རོ་གཅིག་གི་ངོ་བོར་ཐིམ་པའི་བོད་སྒང་པའི་བརྡ་སྤྲོད་ཀྱི་འབབ་སྟེགས་གཅིག་ལ་དབྱེར་མེད་དུ་བཞུགས་མྱོང་ནའང། བར་སྐབས་ཤིག་ལ་རིགས་ཞེན་གྱི་དར་དཀར་རིང་མོ་བཙན་པོའི་མངའ་མཛད་དུས་མཐའི་ཆོས་ཉིད་དུ་གྱུར་བ་དང་བསྟུན་ནས་བཞི་གས་ལྔ་རལ་དུ་སོང་གཤིས། བསྟན་པ་ཕྱི་དར་དུ་བཏགས་པའི་སོར་གྱེས་སིལ་མཆེད་ཀྱི་བསྐལ་པ་དེའི་དབུ་བརྙེས་ཏེ་དར་ཅིག་ལ་དུས་བདེ་ས་འཇམ་དུ་གནས་སྐལ་བྱུང་བ་ན། བསླབ་གསུམ་འོ་མའི་རྒྱ་མཚོར་དྲན་དབང་ངང་མོ་འབུམ་ཕྲག་མ་བགྲོས་སྟབས་འཁེལ་གྱིས་འཁྲུངས་ཏེ། གསོལ་འདེབས་སྨོན་ལམ་དང་ཆོས་འབྱུང་དེབ་ཐེར་རྟོགས་བརྗོད་ཀྱིས་མཚོན་པའི་ངག་རིག་སྙན་མོ་ལྗོངས་འདིའི་སྟོད་སྨད་བར་གསུམ་ཀུན་ཏུ་མངོན་ཆེན་པོས་བསྒྲགས་ནས་ཤེས་སྤྱོད་གདུགས་དཀར་ཀྱི་ཡུ་བ་ཏི་སེའི་དབུ་རྩེར་བརྟན་བརླིང་བརྗིད་གསུམ་གྱིས་འཛུགས་ཐུབ་པར་གྱུར་བ་སྨོས་ཅི་དགོས་ཀྱང་། བརྡ་དང་ཐ་སྙད། ངག་དང་རྗོད་པ་རྣམས་ཆུ་བརྒྱ་ཟམ་འོག་གཅིག་ཏུ་འདུ་ལ་བསྐུལ་བའི་བཙན་པོའི་བཀའ་ལུང་གསེར་གྱི་གཉའ་ཤིང་གང་དེ་དམིགས་མེད་ཀྱི་དབྱིངས་སུ་རྒྱས་བཏབ་ཁར། ཞུ་ཆུང་དང་ཞུ་ཆེན། གཏན་འབེབས་སོགས་བཟོ་སྐྱོར་ཞུ་དག་གི་སྔ་ཕྱིའི་གོ་རིམ་ཆ་ཚང་ངེས་ཀྱི་སྒོ་ནས་ཇི་བཞིན་ཕྱག་ལེན་དུ་འགེལ་བའི་ལུགས་ལེགས་མཛེས་ལམ་སྤམ་མེ་བ་དེའང་བྱ་ལམ་རྗེས་མེད་དུ་ཡལ་བས། སྨྱུག་འཛིན་པ་གང་མང་ཞིག་གིས་མཁན་པོ་ཐོན་མིའི་བརྡ་སྤྲོད་ཀྱི་སྤྱི་འགྲོས་གངས་རིའི་གཙུག་རྒྱན་དུ་ཆེ་བ་དེ་ཉིད་མཐོང་མེད་བར་ཟོམ་དུ་བཞག་རྗེས། ར་བྲག་འདོད་བྲག་དང་ལུག་སྤང་འདོད་སྤང་གི་བརྟུལ་ཞུགས་ལ་མཐའ་གཅིག་ཏུ་གནས་ཏེ། ནག་པོ་འགྲོ་ཤེས་ཀྱི་སོར་མོའི་འདུ་བྱེད་སེའུ་བཅུ་བའི་ངག་ལྟར་རང་སྣང་ཤར་གྱི་ཀློང་དུ་བསྒྱུར་ནས། ངས་འགྲོ་དང་ངས་ནོར། མི་དམངས་ཀྱིས་མོས། སྣ་ནམ་གྱིས་བཞུགས་ལྟ་བུ་བྱ་བྱེད་ཐ་དད་མིན་ལ་ལྟོས་པ་མེད་པར་ལུགས་འགལ་གྱི་བརྡ་སྦྱོར་ལུགས་སྣ་ཚོགས་སྤང་ལ་རྩི་ཐོག་ཤར་ལྟར་བཞག་པ་ནི། ཁ་བ་རི་པའི་བརྡ་སྤྲོད་ཀྱི་འབྲུ་དྲུག་སྙེ་མ་ལ་བཙའ་སད་ཐན་གསུམ་ཕོག་པའི་ཉེས་ཕུག་དང་པོ་རེད་སྙམ།

མངའ་མཛད་སྐབས་ཀྱི་མཁས་མཛངས་དེས་གསུམ་དང་དཔའ་བརླིང་བརྟན་གསུམ། དྲང་བདེན་སྒམ་གསུམ་གྱི་མི་གཤིས་ཀྱི་འབྱོར་བ་དེ་ཉིད་རིམ་གྱིས་མི་མངོན་དབྱིངས་སུ་ཡལ་རྗེས། ཡུལ་ལུང་འདིར་ཤེས་བྱ་ཡོན་ཏན་དང་འཁོར་བའི་ཁ་སྟབས་གཉིས་གཅིག་ཏུ་མི་མཐུན་པ་ཁྱི་དང་ར་འཕྲད་ཀྱི་དཔེ་རུ་བལྟ་བའི་སློབ་གཉེར་གྱི་དཔེ་ལུགས་ཞད་ཅན་ཞིག་མི་མཁོ་བཞིན་དུ་སྲོལ་ལ་དར་ཅིང་། དེ་ཉིད་མུ་མཐུད་ནས་ལུང་པ་ཁ་རུབ་འདིའི་ནང་དུ་ཁྲོན་པའི་ཆུ་ལ་ཀྲོང་གིས་འགྱིང་བའི་ལུས་ཅན་ལྕེ་མེད་ཀྱི་སྐུའི་སྐྱེ་བ་བཞེས་མཁན་གྱི་དཔེ་ཆ་བ་དག་ལ་མཐོན་པོའི་ཁྲི་ལ་རིམ་གྱིས་འཛེགས་ཏེ་ཆེ་བའི་ཡོན་ཏན་གྱི་འབྲུག་སྐད་དགུང་ནས་སྒྲོག་པའི་ཐབས་དང་ཐབས་བྱུང་ཅི་རིགས་སུ་སྣང་གིན་ཡོད་གཤིས། ཁོང་ཚོས་དུས་རྣམ་ཀུན་ཏུ་དགོན་སྡེའི་བསླབ་པ་སློབ་གཉེར་གྱི་རྣམ་སྲོལ་ཁོ་ནར་ཤི་འཐམ་རོ་འཐམ་བྱས་ཏེ་ཆེན་པོའི་གྲགས་པ་འཚོལ་ལ་གཞོལ་བ་ལས། འཇིག་རྟེན་ཕྱོགས་ཀྱི་ཐ་སྙད་རིག་གནས་ལ་མཐོང་ཐོས་དོགས་གསུམ་དང་གོ་རིག་མྱོང་གསུམ་རྩ་བ་ནས་མི་གནང་བར་མ་ཟད། ཐ་ན་མར་ཞབས་སུ་བཅད་དེ་བསྟན་པའི་གོ་བ་ཆག་རོ་ཙམ་རེ་ཁ་ནས་ལབ་ཤེས་པ་ཙམ་གྱིས་མཁས་པ་ཡིན་སྙམ་དང། ཐལ་སྐད་སྐམ་པོ་རྭ་ཅོ་ལྟར་མཁྲེགས་པ་དམ་དུམ་རེ་ཁ་ནས་སྐྱོར་ཤེས་པ་ཙམ་གྱིས་མཚན་ཉིད་པ་ཡིན་སྙམ་གྱི་འཁྲུལ་རྟོག་མེ་འབུར་མེས་མི་གནོན་པའི་ཚུལ་གྱིས་སྐྱེས་ཡོང་བ་ལ་བརྟེན་ནས། མཁས་པ་ཡིན་ན་གཞུང་བཀའ་པོད་ལྔས་མཚོན་པའི་སྲོལ་རྒྱུན་ལ་མཁས་པ་ཞིག་ཡིན་དགོས་པ་ལས། འཇིག་རྟེན་ཕལ་པའི་ཐ་སྙད་རིག་གནས་ལ་མཁས་པས་མཁས་གོ་མི་ཆོད་པར་འདོད་པའི་དྲན་རྟོག་སྐྱོན་ཅན་གང་དེ་སྙིང་ཕུགས་སུ་ཟོལ་གྱིས་བཅུག་ནས། དུས་གསུམ་གར་གཡག་ཞར་གྱིས་རྩྭ་ཟ་ལྟ་བུའི་སློབ་གཉེར་གྱི་དཔེ་ལུགས་སྐྱོན་ཅན་དེ་ལ་འཁྲིས་འཛིན་བྱས་ཏེ་བསྡད་དྲགས་པས། སློབ་གཉེར་བ་ཁྱིམ་པ་རྣམས་སྨོས་ཅི་དགོས། གཞུང་ཆེན་བཀའ་པོད་ལྔའི་ཐོས་བསམ་རྣལ་མའི་འབྲུག་བརྒྱ་དགུང་ནས་ལྡིར་བའི་ཆོས་སྡེ་ཆེན་མོ་གང་ཞིག་ཡིན་ཀྱང་སུམ་རྟགས་ཞེས་པའི་སྒྲ་ཙམ་ཡང་གསན་མྱོང་མེད་པ་དཔེར་ན། བརྒྱ་ལོ༡༨པའི་སྨད་ནས༡༩པའི་སྟོད་ཆའི་བར་སྐབས་ཤིག་ལ། དངུལ་ཆུ་བླ་མ་ཆོས་བཟང་གིས་ཁ་བ་རི་པའི་བརྡ་སྤྲོད་ཀྱི་ཕྱི་མོ་སུམ་རྟགས་ཀྱི་རྩ་གཞུང་ལ་དཔྱོད་འཇུག་མཐར་ཕྱིན་པ་ཞིག་མཛད་དགོས་དགོངས་ནས། གཙང་ཕྱོགས་ཀྱི་ཆོས་སྡེ་ཆེན་མོའི་གཙུག་ལག་ཁང་གང་དེར་དངོས་ཕེབས་ཀྱིས་དེ་ཕྱོགས་ཀྱི་ཡིག་ཆ་ཅི་རིགས་གཡར་གནང་ཡོད་པའི་རེ་བ་ཞུས་པ་ན། མཛོད་པར་དེ་ཕྱོགས་ཀྱི་གསན་གཟིགས་ཅི་ཡང་མེད་སྟབས། སུམ་རྟགས་གསུང་བརྟག་ཏུ་འཁྲུལ་ནས་མོ་ཕྱྭ་རྩིས་གསུམ་ཕྱོགས་ཀྱི་ཕྱག་དཔེ་སྣ་ཚོགས་སྤྱན་འབུལ་ཞུས་མྱོང་བར་གསུང་བཞིན་པ་ལྟ་བུ་རེད། དེ་ལྟ་བུའི་གཡས་པ་སྤྱན་དང་གཡོན་པ་མིག་ལ་རྩི་བའི་སློབ་གཉེར་གྱི་རྣམ་སྲོལ་ཞད་ཅན་གང་དེའི་བག་ཆགས་ཀྱི་ཤན་སྟོབས་དེང་གི་སློབ་གྲྭ་ཆེ་མ་ཆུང་གསུམ་གྱི་དགེ་སློབ་རྣམ་པའི་སྙིང་ལ་ཞུགས་ཚབས་ཆེ་རྐྱེན། སུམ་རྟགས་དག་གསུམ་ལ་འདྲིས་ཆ་མེད་པར་མ་རིག་པའི་སྨག་རུམ་གྱི་ཀློང་དུ་མུ་མེད་པར་འཁྱམ་བཞིན་པའི་དཔེ་ཆ་བ་དང་སྨྱུག་འཛིན་པ། ལོ་ཙཱ་བ་གྲངས་མཐའ་མི་ལོན་པ་ཞིག་བྱུང་འདུག་པ་རྣམས་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཚེ་ན། སུམ་རྟགས་ཕྱོགས་ནས་དབུ་མ་ཚོས་རྫ་མ་གཅོག་ལུགས་དང་ལག་མ་བྱང་བཟོ་ཉེས་བྱུང་ལུགས་ཀྱི་མཐའ་རུ་མུ་མེད་པར་འབྱམས་ཏེ། ང་དཀའ་ཁག་འཕྲད་དང་བདག་རྟ་ཞོན། ང་ན་ཚ་མེད། ང་རླངས་འཁོར་སྒུག ཁྱི་ལ་རྡོ་གཞུས། རི་དྭགས་ལ་མདའ་བརྒྱབ། སྐོར་ལ་གླེང་ལྟ་བུ་མ་ཡིན་མ་འཐུས་པའི་ཡུལ་སྐད་ཀྱི་ཤན་སྟོབས་དག་ལ་སྐབས་སྦྱར་དགོངས་དཔྱད་མེད་པར་ཤ་གཟུག་ཟ་རྐྱང་རང་བྱས་ཏེ། བརྡ་སྦྱོར་ལུགས་ཕུང་གསུམ་པའི་སྲོལ་བྱུང་རྒྱལ་དུ་གཏོད་ལ་བརྩོན་བཞིན་པ་ནི། ཁ་བ་རི་པའི་བརྡ་སྤྲོད་ཀྱི་འབྲུ་དྲུག་སྙེ་མ་ལ་བཙའ་སད་ཐན་གསུམ་ཕོག་པའི་ཉེས་ཕུག་གཉིས་པ་རེད་སྙམ།

རྒྱལ་དབང་ལྔ་པས་དེ་སྐད་དུ། ཚེ་འདིར་སྦྱངས་ཤིང་ཤེས་ལ་ཐ་མལ་ཟེར། །ཐོས་བྲལ་མ་བསླབས་སྐྱེས་བུ་དམ་པར་ལྟ། །གསེར་དང་སྣག་ཚ་བསྲེས་པའི་རྒྱལ་ཁམས་འདི། །ཡུལ་དབུས་ཟེར་ཡང་ཀླ་ཀློའི་གྲོང་ཁྱེར་འདྲ། །གསུངས་པ་ལྟར་ཡུལ་ལུང་འདིའི་སྨྱུག་འཛིན་པ་ཁ་ཅིག་ལ་མཚོན་ན། རིགས་པ་མི་གཙོ་དད་པ་གཙོ་ཞིང་གནས་ལུགས་མི་གཙོ་དག་སྣང་གཙོ་གཤིས། བརྒྱ་ལ་དམ་པ་གོང་མ་གང་དེས་ཐུགས་མཉམ་མ་བཞག་པའམ་དབོད་འབྲིའི་ལམ་ནས་ཚིག་གི་ཆ་ལ་དཔྱད་མི་བཟོད་པའི་དག་ནོར་རེ་ཟུང་བྲིས་འདུག་པ་དབང་བོའི་མངོན་སུམ་གྱིས་གསལ་གྱི་ལེར་མཐོང་ནའང་། དེ་དག་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་ཟིན་ཅིང་བསྐྱེད་རྫོགས་ཀྱི་རིམ་པ་ལ་ཐུགས་རྣལ་དུ་འབྱོར་བས་ངག་ལ་བདེན་ཚིག་གྲུབ་ཅིང་། དམ་ཚིག་གི་བྱིན་རླབས་མ་ཡལ་བར་བདེན་པ་སྟོན་པའི་འཕགས་པའི་སྐྱེ་བོའི་གསུང་ངག་ཏུ་གྲུབ་ཡོད་གཤིས། “བདེན་པ་མ་མཐོང་བའི་སོ་སོ་སྐྱེ་བོས་བཅོས་ཤིང་བཅོས་ནས་རེ་ཞིག་ཚིག་གི་ཆ་ལ་དཔྱད་བཟོད་བྱུང་ཡང་། དོན་གྱི་བྱིན་རླབས་ཞུད་པར”༡མ་ཟད། “རྒྱུད་དཀྲུགས། ལུང་གཅུས། མན་ངག་སྒྲིབ་པ”༢སོགས་ཀྱི་ཉེས་ལྟུང་ཕོག་ཉེན་ཡོད་པར་འདོད་པས། ཅིས་ཀྱང་རང་མལ་དུ་བཞག་སྟེ་དག་སྣང་སྒོམ་དགོས་པར་འདོད་པའི་རྟོག་པའི་སྤྲོ་སྡུད་གནས་ལུགས་རྩི་མི་དགོས་པ་ཞིག་འདུག་པ་དེ་དང་། ཁྱད་པར་དུ་བརྡ་ནོར་དང་དག་ནོར་གང་དེ་རང་ཉིད་ཀྱི་རྩ་བ་བརྒྱུད་པ་དང་བཅས་པའི་བླ་མ་ནས་དུས་དེ་རིང་གི་དགེ་བའི་བཤེས་གཉེན་གང་དེས་བྲིས་པ་ཡིན་ཚེ། དོན་གྱི་གོ་བར་གནོད་ཚབས་ཤིན་ཏུ་ཆེ་སྟབས་དག་འཆོས་དགོས་ངེས་ཀྱི་རིགས་སུ་གྱུར་འདུག་ནའང་། རང་ཉིད་ཀྱི་གཏད་སོ་ས་ལ་གཡུགས་ཏེ་སྒྲོག་རུས་ཆག་པ་གྱད་དུ་སྒོམ་དགོས་པའི་རྗེས་སུ་དཔྱོད་ལུགས་དར་སོ་ཅན་ཞིག་བྱུང་འདུག་པ་དེས། སྔོན་གྱི་རབས་དག་ལ་ཡི་གེའི་འཇུག་ལུགས་དང་མིང་གི་གྲུབ་ལུགས། ཚིག་གི་སྦྱོར་ལུགས་རྣམས་ལ་ཆོལ་གསུམ་གྱི་དབྱེ་བ་མེད་པར་དུ་མ་རོ་གཅིག་གི་ངོ་བོར་ཞོ་ལྟར་ཆགས་འདུག་པ་ཁྲག་ལྟར་དཀྲུགས་ཏེ། དགུ་དང་རྒུ། མགོ་དང་འགོ སྔངས་དང་དངངས། ཆུར་དང་ཕྱུར། འཆུགས་དང་འཕྱུགས། ཆོད་དང་ཕྱོད། མཆོར་དང་འཕྱོར། སྙུག་དང་སྨྱུག ཐོན་དང་དོན། གདོས་དང་རྡོས། སྡུམ་དང་ཟླུམ། བྲོ་དང་དྲོ། དབྱུག་དང་གཡུག དམེ་དང་རྨེ། སླུ་དང་བླུ་ལྟ་བུ་གདམ་ང་ཅན་དུ་བཏགས་པའི་འབྲི་ལུགས་མི་གཅིག་པ་རང་བཟོའི་བརྡ་ཆད་རྒྱ་ཤིག་ཚང་བརྡོལ་ལྟར་མཆེད་ནས་ཐོན་འོང་ལ་ཉེར་བསྡོགས་ཅི་རིགས་བྱས་ཤིང་། མུ་མཐུད་ནས་ཕ་སྐད་ཙནྡན་གྱི་སྡོང་པོ་གཅིག་ལ་ཡུལ་སྐད་ཆུ་ཤིང་གི་ཡལ་ག་སྣ་ཚོགས་སྐྱེ་བར་དངོས་རྒྱུ་ཅི་རིགས་བྱེད་བཞིན་པ་འདི། ཁ་བ་རི་པའི་བརྡ་སྤྲོད་ཀྱི་འབྲུ་དྲུག་སྙེ་མ་ལ་བཙའ་སད་ཐན་གསུམ་ཕོག་པའི་ཉེས་ཕུག་གསུམ་པ་རེད་སྙམ།

སྐྱེ་རྒྱུད་མཆེད་ཁུངས་དང་རིགས་རུས་ཆོ་འབྲང་གི་ཀུན་གཞིའི་ས་བོན་གངས་ཀྱི་སྦུབས་ན་སྦས་དོན་དུ་གནས་པ་དེ་ཉིད། མི་དགོས་འཕྲལ་རྐྱེན་རྨོངས་སྨག་གིས་ཀུན་ནས་བཏུམས་ཏེ་མི་རབས་གཅིག་གི་ནམ་ཟླ་རྫོགས་ལ་ཉེ་བ་ན། ཕ་སྐད་མ་ཡིག་གི་རྒུད་པ་ཆེན་པོ་སྲོག་བསྡོས་ཀྱིས་ཡོན་ཏན་དུ་རློམ་པའི་བག་ཆགས་ངན་པའི་གྲིབ་ནག་མཐའ་དང་དབུས། ཕྱོགས་དང་མཚམས་མེད་པར་བྲག་ཕུག་ཁ་བྱང་ལྟ་ལྟར་རྒྱུ་འབྲས་ཀྱི་ཉི་ཐིག་ཕྲ་མོ་ཙམ་ཡང་རྒྱག་རེ་མེད་པའི་སྙིང་ཤ་སྲབ་ཅིང་ཡང་བ། དོག་ཅིང་ནག་པ། གཡོ་ཞིང་སྐྱོམ་པ་དག་གི་ཕྱི་ནང་གཉི་གར་སྟོང་འགྱུར་གྱིས་ཕོག་ཚར་བས། ན་ནིང་དོ་ཚིགས་ཟ་འཐུང་གཉིད་ཀྱི་བདེ་བ་མ་གཏོགས་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་རྣམ་གཞག་ཡིད་ཀྱི་དགུ་ལའང་འཁོར་རེ་མེད་པའི་སེམས་ཅན་མགོ་ནག་བྱབ་ཆུང་རྣམས་ཀྱིས། ཇི་སྐད་དུ་ལྔ་པ་ཆེན་མོས། མཁའ་མེའི་སྲད་བུར་བརྒྱུས་པའི་ཀ་ཕྲེང་ལ། །རྒྱ་མཚོ་དབྱངས་ཀྱིས་བརྒྱན་པའི་ཡི་གེའི་བརྡའི། །རིན་ཆེན་ཕྱང་འཕྲུལ་རིན་དུ་གསེར་ལྡན་ལྟོ། །ནོར་བུའི་ཟོང་གིས་བཀང་ཡང་ཁུགས་སམ་ཅི། །གསུངས་པ་ལྟར་ཐོག་མ་མེད་ནས་དག་གསལ་ཟབ་གསུམ་དང་སྙན་རོ་དགུ་རྫོགས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ངག་རིག་གི་ཡོན་ཏན་འབུམ་ཕྲག་མ་བཅོས་རང་ཆས་སུ་རྫོགས་པའི་ཨ་ལི་ཀ་ལིའི་དྲུག་ལྡན་སྙན་པའི་གདངས་དབྱངས་འདི་ཉིད། ཟ་ཆོག་འཐུང་ཆོག་ལ་ཐད་ཀ་བའི་ལེགས་ཆ་དང་དགེ་བོགས་མེད་པ་རྒྱུ་མཚན་དུ་བྱས་ཏེ་ཁ་ལྷག་འཕྲོས་འཁྱིལ་གྱི་ཕྱག་དར་བཞིན་འདོར་ཐག་བཅད་རྗེས། དེ་ལྟ་བུའི་ཆུ་ངན་ལམ་ཞུགས་ཀྱི་རྣམ་ཐར་དཀྱུས་གཅིག་ཏུ་འཁྲབ་པ་ན། ཐོག་མའི་བག་ཆགས་ཀྱིས་ཀུན་གཞིའི་བཙན་ས་ཟིན་པ་འཇིག་རྟེན་ཆོས་ཉིད་ཡིན་པ་ལྟར། ལྗོངས་འདིའི་རྒན་དར་གཞོན་གསུམ་གྱི་ཡི་གེའི་སྐྱེ་གནས་དང་སྒྲའི་བྱེད་རྩོལ། ཚིག་གི་སྦྱོར་བ་གསོན་ཁྱད་ཆེ་བ་དེ་རྣམས་མཉེན་གྱོང་མི་འཛོམ་པ་རྡུལ་དུ་གྲུབ་པའི་རང་བཞིན་ཅན་གྱི་ཡིག་རིགས་ཀྱི་དབང་དུ་ཤོར་དྲགས་པའི་དབང་གིས། ལྗགས་དབང་གིས་མ་ལྕོགས་པར་ངས་ཤོད་རྒྱུ་ཡིན། ངས་ཤོད་བཞིན་ཡོད། ངས་ཤོད་ཚར། ཁྱོད་ཀྱིས་ཤོད་ཅིག ཁོས་ཟ་རྒྱུ་རེད། ཁོས་ཟ་གིན་འདུག ཁོས་ཟ་ཚར། གཏན་ལ་འབེབས་རྒྱུ་རེད། གཏན་ལ་འབེབས་བཞིན་འདུག གཏན་ལ་འབེབས་ཚར། གཏན་ལ་འབེབས་ཤོག སྙན་ལམ་དུ་འབུལ་རྒྱུ་རེད། སྙན་ལམ་དུ་འབུལ་བཞིན་ཡོད། སྙན་ལམ་དུ་འབུལ་ཚར། སྙན་ལམ་དུ་འབུལ་ཤོག་ལྟ་བུ་འགྱུར་མེད་ཐེར་ཟུག་ཏུ་གནས་པའི་ཚིག་སྐྱོན་དང་བརྡ་སྐྱོན་རྟ་རོ་དང་བོང་རོ་འདྲ་བ་གྱ་ཚོམ་དུ་འབྲི་ཞོར། ཆོལ་གསུམ་སྐད་ལ་ཕྱོགས་རིས་བསྙེན་བསྲིང་གི་ཟུག་སྐད་འཛེམ་མེད་དུ་སྒྲོག་ཅིང་། ཚེ་ཚེ་རབས་ལ་ཕ་ཤུལ་བུས་འཇགས་ཀྱི་ལམ་ནས་བསྐྱངས་ཡོང་བའི་རང་སྐད་ཀྱི་ཆོས་ཉིད་ཐུན་མོང་མ་ཡིན་པ་གང་དེ་ཕངས་སེམས་མེད་པར་གཞན་སྐད་ཀྱི་དབྱིངས་སུ་བསྲེ་ཅི་ཐུབ་བྱེད་བཞིན་པ་འདི། ཁ་བ་རི་པའི་བརྡ་སྤྲོད་ཀྱི་འབྲུ་དྲུག་སྙེ་མ་ལ་བཙའ་སད་ཐན་གསུམ་ཕོག་པའི་ཉེས་ཕུག་བཞི་པ་རེད་སྙམ་མོ། །

གཉིས།

དེ་སྐད་དུ་མཁས་གྲུབ་རྗེས།  རྒྱ་ཆེན་གཞུང་ལུགས་དགོངས་དོན་འགྲེལ་པ་ཡི། ། ཡི་གེའི་རྩོམ་པ་མང་དུ་སྦྱར་ན་ཡང་༌། ། གྲོང་ཚིག་བླུན་པོའི་ཐ་སྙད་ཁྱུ་འཁྲིགས་པས། །འཇིག་རྟེན་ལོང་གཏམ་བྲིས་པའི་རྣམ་པ་མཚོན། །གསུངས་པ་ལྟར་ཁ་སང་དེ་རིང་གི་བོད་སྐད་སྨྲ་བའི་དཔེ་ཆ་བ་དང་རྩོམ་པ་པོ། དཔྱོད་འཇུག་པ་རྣམས་ཡིག་རིགས་རྩོམ་པའི་བྱ་བ་ལས་ཀྱི་འཁོར་ལོར་འཇུག་སྐབས། བརྡ་དག་པས་གསུང་གི་རྗོད་པ་གཙང་ཞིང་། སྡེབ་ལེགས་པས་སྙན་པའི་འགྱུར་ཁུག་རྫོགས་པ། དངོས་གཙང་བས་པདྨོའི་འཛུམ་ཕྲེང་རྒོད་འདྲའི་ཕ་སྐད་རྣལ་མའི“ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ”གང་དེ་རང་ཉིད་ཀྱི་མགྲིན་རྒྱན་དུ་བཞེས་མཁན་ཤིན་ཏུ་ནས་ཉུང་བར་སྣང་ལ། སྤྱིར་བཏང་གི་ཚིག་སྦྱོར་འབྱོར་མོ་དག་མོ་སྙོམ་པོ་ཞིག་བྲིས་ནས་བརྗོད་བྱ་དོན་གྱི་གནད་ཀ་སྒྲིབ་མེད་དུ་སྟོན་ལ་དབང་འབྱོར་བའི་དབུ་ནག་བོད་པ་སྨྱུག་འཛིན་པའང་ཟླ་བ་དམར་ལ་ཆས་པའི་ཟླ་རུ་འགྱུར་བཞིན་ཡོད་ཚུལ་རྣམ་དཔྱོད་ཀྱི་གློག་འོད་ཐུགས་ཀ་ན་འཁྱུག་བཞིན་པའི་གཞོན་སྐྱེས་ཤེས་ཡོན་པ་ཁ་ཅིག་གི་ཞལ་ན་ལྷང་ལྷང་དུ་གྲག་བཞིན་པ་དེ་ལྟར་ལགས་པས། སྤྱི་བྱེ་གཉིས་ཀྱི་བརྡ་ཡི་སྦྱོར་ལུགས་ལ་ཕོག་པའི་བཙའ་སད་ཐན་གསུམ་ཀྱི་གྲངས་ཀ་མཐའ་ཡས་ཤིང་སྤམ་མཐོ་བ་གང་དེ། མ་སྦྱངས་ཕལ་བའི་མྱོང་སྣང་རང་ག་བ་ཤེས་འཁོས་རྟོགས་རླབས་སུ་རློམ་པ་བདག་ལྟ་བུས་ག་ལ་ཆོད་ཀྱང་། སློབ་གྲོགས་ལས་དང་པོ་བ་རྣམས་ལ་འགེལ་ཕོག་འཁྲི་ལས་སུ་སྤྲད་པའི་སྦྱངས་རྩོམ་དང་དྲ་རྩོམ་དག་ལ་རྒྱུན་ཆགས་སུ་འབྱུང་བཞིན་པའི་བརྡ་ནོར་དང་དག་ནོར་ཉེན་ཅན་ཁ་ཅིག་ཁོལ་དུ་ཕྱུང་སྟེ་རྗེས་དཔྱོད་ཀྱི་རྟོག་པ་ཅུང་ཟད་སྤྲོ་བར་བྱ་བ་ལ།

དང་པོ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་དང་པོ་ངོ་བོ་ཙམ་སྟོན་པ་གཉིས་ཕན་ཚུན་འཇོལ་ཉོག་ཏུ་སྤྱོད་ཚབས་ཆེ་བར་མཐོང་སྟེ། དཔེར་ན། གོང་དུ་སོང་ཟིན་པ་ལྟར་བདག་འགྲོ་དགོས་སོང་ངམ་འགྲོ་དགོས་པར་གྱུར་ཟེར་དགོས་རྒྱུ་ལ་བདག་འགྲོ་དགོས་པ་ཆགས་ཟེར་བ། སྒོ་ཆེན་དུ་འཛུལ་ལམ་སྒོ་ཆེན་ནང་དུ་འཛུལ་ཟེར་དགོས་རྒྱུ་ལ་སྒོ་ཆེན་འཛུལ་ཟེར་བ། ང་ལ་ན་ཚ་མེད་ཟེར་དགོས་རྒྱུ་ལ་ང་ན་ཚ་མེད་ཟེར་བ། རྟ་ལ་ཞོན་ཟེར་དགོས་རྒྱུ་ལ་རྟ་ཞོན་ཟེར་བ། འཕེལ་རྒྱས་སུ་ཕྱིན་ཟེར་དགོས་རྒྱུ་ལ་འཕེལ་རྒྱས་ཕྱིན་ཟེར་བ། དར་རྒྱས་སུ་བཏང་ཟེར་དགོས་རྒྱུ་ལ་དར་རྒྱས་བཏང་ཟེར་བ། རླངས་འཁོར་ལ་སྒུག་ཟེར་དགོས་རྒྱུ་ལ་རླངས་འཁོར་སྒུག་ཟེར་བ། སྐོར་ལ་དཔྱད་ཟེར་དགོས་རྒྱུ་ལ་སྐོར་དཔྱད་ཟེར་བ། སྐོར་གླེང་ཟེར་དགོས་རྒྱུ་ལ་སྐོར་ལ་གླེང་ཟེར་བ། དཔལ་འབྱོར་དཀའ་ངལ་ལ་འཕྲད་ཟེར་དགོས་རྒྱུ་ལ་དཔལ་འབྱོར་ལ་དཀའ་ངལ་འཕྲད་ཟེར་བ་ལྟ་བུས་མཚོན། རྣམ་དབྱེ་གཉིས་པའི་བྱ་ཡུལ་དང་རྣམ་དབྱེ་དང་པོའི་བྱ་ལས་གཉིས་སོ་སོར་མི་འབྱེད་ཅིང་། སྔ་རབས་ཀྱི་སྨྱུག་འཛིན་དབང་པོ་རྣམས་ཀྱིས་བསྡུས་དང་མ་བསྡུས་ཀྱི་ཁྱད་པར་ལའང་ལྟོས་པ་མེད་པར་ཕན་ཚུན་ཁྱད་མེད་དུ་བསྲེས་ནས་བྲིས་པའི་བརྡ་སྐྱོན་དང་ཚིག་སྐྱོན་གྲངས་མང་བ་ནམ་མཁའི་རྒྱུ་སྐར་ལ་ཅོ་འདྲི་ཞིང་། གཏོས་ཆེ་བ་ས་ཆེན་པོ་ཡིན་ཀྱང་སྣོད་དུ་ཆུང་བ། ལྷུན་སྟུག་པ་རི་རབ་ཀྱི་དཔངས་ཚད་ལའང་དོ་བསྡོ་ནུས་པ་རྣམས་དུས་མཐའི་ཐལ་རླུང་གི་གཟུགས་སུ་སྤྲུལ་ནས་ཡོང་སྟེ་གངས་རིའི་རང་མདངས་ཁམ་དུ་ཟ་ལ་ཉེ་བ་འདིའོ། །

གཉིས་པ་རྣམ་དབྱེ་གསུམ་པ་བྱེད་པ་དང་དང་པོ་གཉིས་ཕན་ཚུན་འཇོལ་ཉོག་ཏུ་སྤྱོད་ཚབས་ཆེ་བར་མཐོང་སྟེ། དཔེར་ན། རྡོས་གཞུས་ཟེར་དགོས་རྒྱུ་ལ་རྡོ་གཞུས་ཟེར་བ་དང་། མདས་བརྒྱབ་ཟེར་དགོས་རྒྱུ་ལ་མདའ་བརྒྱབ་ཟེར་བ། སྟ་རེས་བརྒྱབ་ཟེར་དགོས་རྒྱུ་ལ་སྟ་རེ་བརྒྱབ་ཟེར་བ། ངས་སྤོ་ལོ་སྦྱང་རྒྱུ་ཡིན་ཟེར་དགོས་རྒྱུ་ལ་ང་སྤོ་ལོ་སྦྱང་རྒྱུ་ཡིན་ཟེར་ལྟ་བུས་མཚོན། རྣམ་དབྱེ་གསུམ་པའི་བྱེད་པོ་ཕལ་བ་དང་རྣམ་དབྱེ་དང་པོའི་བྱ་ལས་གཉིས་སོ་སོར་མི་འབྱེད་པར་ཁྱད་མེད་དུ་བསྲེས་ནས་བྲིས་པའི་བརྡ་ནོར་དང་དག་ནོར། ཚིག་སྐྱོན་རྣམས་མཁས་དང་མི་མཁས་སྐྱེ་བོ་ཀུན་གྱི་ངག་ན་མཁྲེགས་གྱོང་རེངས་གསུམ་གྱིས་འཁོར་འདུག་པ་འདིའོ། །

གསུམ་པ་བྱ་བྱེད་ཐ་དད་མིན་གྱི་འབྲུ་ཞིབ་ཏུ་མི་གཉེར་ཞིང་ཚིག་དོན་ལ་དབྱེ་བ་མི་འབྱེད་པར་ཕན་ཚུན་འཇོལ་ཉོག་ཏུ་སྤྱོད་ཚབས་ཆེ་བར་མཐོང་སྟེ། དཔེར་ན། ང་སླེབས་ཟེར་དགོས་རྒྱུ་ལ་ངས་སླེབས་ཟེར་བ་དང་། ང་ཁྱོད་ལ་དགའ་ཟེར་དགོས་རྒྱུ་ལ་ངས་ཁྱོད་ལ་དགའ་ཟེར་བ་ལྟ་བུ། མི་དམངས་མོས་ཟེར་དགོས་རྒྱུ་ལ་མི་དམངས་ཀྱིས་མོས་ཟེར་བ། སྣ་ནམ་བཞུགས་ཟེར་དགོས་རྒྱུ་ལ་སྣ་ནམ་གྱིས་བཞུགས་ཟེར་བ་ལྟ་བུས་མཚོན། བྱ་ལས་དང་བྱེད་པོ་གཉིས་ཐ་དད་དུ་ཡོད་ན་བྱེད་སྒྲ་འཇུག་དགོས་ཤིང་མེད་ན་འཇུག་མི་རུང་བའི་གངས་རིའི་རྩ་བའི་མཁན་པོ་སློབ་དཔོན་ཐོན་མིའི་བཀས་བཅད་མཐོང་མེད་དུ་གཡུགས་རྗེས། བློ་གྲོས་ཀྱི་ཕུ་ཐག་བསྟུངས་ནས་ཕལ་སྐད་དམ་གྲོང་སྐད་ཀྱི་རྗེས་སུ་ཕྱོགས་ཞེན་དང་རང་ལྟ་མཆོག་འཛིན་གྱིས་འབྲངས་ཏེ་གྱ་ཚོམ་དུ་སྦྱར་བའི་བརྡ་སྤྲོད་ཡ་མ་ཆ་རྣམས་སྐྱེ་བོ་བསམ་མེད་སྤྱི་སེམས་ཀྱིས་ཕོངས་པ་དག་གི་མཛུབ་རྩེ་ན་གཅེས་ཕྲུག་ལང་ཤོར་ལྟར་བག་མེད་ཀྱི་གར་དུ་རྩེན་བཞིན་པ་འདིའོ། །

བཞི་པ་བདག་གཞན་དུས་གསུམ་གྱི་རྣམ་གཞག་དངོས་གཙང་ཞིབ་ཆ་རྩལ་དུ་གདོན་མ་ཐུབ་པར་ཕན་ཚུན་འཇོལ་ཉོག་ཏུ་སྤྱོད་ཚབས་ཆེ་བར་མཐོང་སྟེ། དཔེར་ན། འགོག་མཁན་ཟེར་དགོས་རྒྱུ་ལ་བཀག་མཁན་ཟེར་བ་དང་། གཅོད་མཁན་ཟེར་དགོས་རྒྱུ་ལ་བཅད་མཁན་ཟེར་བ། བྱེད་མཁན་ཟེར་དགོས་རྒྱུ་ལ་བྱས་མཁན་ཟེར་བ། དགག་བྱ་ཟེར་དགོས་རྒྱུ་ལ་བཀག་བྱ་ཟེར་བ། གཅད་བྱ་ཟེར་དགོས་རྒྱུ་ལ་བཅད་བྱ་ཟེར་བ། རྣམ་གཞག་ཟེར་དགོས་རྒྱུ་ལ་རྣམ་བཞག་ཟེར་བ། ངས་བཤད་རྒྱུ་ཡིན་ཟེར་དགོས་རྒྱུ་ལ་ངས་ཤོད་རྒྱུ་ཡིན་ཟེར་བ། ངས་འཆད་བཞིན་ཡོད་ཟེར་དགོས་རྒྱུ་ལ་ངས་ཤོད་བཞིན་ཡོད་ཟེར་བ། ངས་བཤད་ཚར་ཟེར་དགོས་རྒྱུ་ལ་ངས་ཤོད་ཚར་ཟེར་བ། ཁོས་ཟོས་མ་སོང་ཟེར་དགོས་རྒྱུ་ལ་ཁོས་ཟ་མ་སོང་ཟེར་བ། གཏན་ལ་ཕབ་ཚར་ཟེར་དགོས་རྒྱུ་ལ་གཏན་ལ་འབེབས་ཚར་ཟེར་བ། སྙན་ལམ་དུ་ཕུལ་ཟིན་ཟེར་དགོས་རྒྱུ་ལ་སྙན་ལམ་དུ་འབུལ་ཚར་ཟེར་བ་ལྟ་བུས་མཚོན། རྒྱ་མིན་བོད་མིན། ར་མིན་ལུག་མིན་གྱི་བདག་གཞན་དུས་གསུམ་དང་བྱ་བྱེད་ལས་གསུམ་གྱི་སྦྱོར་ལུགས་ཕོ་ཚོད་མུན་པའི་མདའ་འཕེན་གྱི་བསྡུ་འགྲེམ་འཛེམ་མེད་དུ་བརྩམས་ཏེ། ལྷ་མིན་དང་གནོད་སྦྱིན་དང་དྲི་ཟ་དང་མིའམ་ཅིའི་སྐད་ཀྱི་རྩ་ལག་ཏུ་གཏོགས་པའི་བརྡ་སྐད་ངན་པའི་རྐང་གླིང་ཕྱི་ནང་བར་གསུམ་ན་སྒྱུར་བཞིན་པ་འདིའོ། །

ལྔ་པ་གཞན་སྐད་ཀྱི་རྗེས་སུ་ཁ་ཕྱིར་ལྟ་མེད་པར་འབྲངས་ཏེ་བྱ་བྱེད་ལས་གསུམ་གྱི་སྐྱེ་མཆེད་ཡོངས་སུ་རྫོགས་པའི་ཚིག་གྲུབ་ལ་བརྟེན་ནས་བརྗོད་བྱ་དོན་གྱི་ཁྱད་རྣམ་པར་འབྱེད་པའི་བརྡའི་སྦྱོར་ལུགས་བར་ཟོམ་དུ་བཞག་ནས། མགོ་ཆག་བརླ་རྡུམ་དང་ཁ་ཤོ་རྣ་རལ་དུ་གྱུར་པའི་ཚིག་གྲུབ་ཡ་མ་བརླ་འཇོལ་ཉོག་ཏུ་སྤྱོད་ཚབས་ཆེ་བར་མཐོང་སྟེ། ཁྱོད་ལ་བཀའ་དྲིན་ཆེ་ཞུ་ཟེར་དགོས་རྒྱུ་ལ་བྱ་ཚིག་ཞུ་དོར་ནས་ཁྱོད་ལ་བཀའ་དྲིན་ཆེ་ཟེར་བ་དང་། བདག་གྲོང་ཚོར་བཅའ་སྡོད་བྱེད་དམ་བྱས་གང་རུང་ཟེར་དགོས་རྒྱུ་ལ་བྱ་ཚིག་བྱེད་དམ་བྱས་སོགས་དོར་ནས་བདག་གྲོང་ཚོར་བཅའ་སྡོད་ཟེར་བ། ཁོང་གིས་དགོང་ཚོགས་ལ་མདོ་འཛིན་གནང་ཟེར་དགོས་རྒྱུ་ལ་བྱ་ཚིག་གནང་སོགས་དོར་ནས་ཁོང་གིས་དགོང་ཚོགས་ལ་མདོ་འཛིན་ཟེར་བ། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལ་བཅར་འདྲི་ཞུས་ཟེར་དགོས་རྒྱུ་ལ་བྱ་བ་ཞུས་དོར་ནས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལ་བཅར་འདྲི་ཟེར་བ། དེ་བཞིན་དུ་ཡིག་ནོར་འགའ་ཞིག་ལ་དག་བཅོས་བྱེད་པ་ཟེར་དགོས་རྒྱུ་ལ་ཡིག་ནོར་འགའ་ཞིག་ལ་དག་བཅོས་ཟེར་བ། ལོ་རྒྱུས་ལ་ཉམས་ཞིབ་གནང་ཟེར་དགོས་རྒྱུ་ལ་ལོ་རྒྱུས་ལ་ཉམས་ཞིབ་ཟེར་བ། ཧོར་ཁང་བསོད་ནམས་དཔལ་འབར་ལ་བཀའ་འདྲི་ཞུས་ཟེར་དགོས་རྒྱུ་ལ་ཧོར་ཁང་བསོད་ནམས་དཔལ་འབར་ལ་བཀའ་འདྲི་ཟེར་བ་ལྟ་བུས་མཚོན། བྱ་བྱེད་ལས་གསུམ་ལས་རྩ་བ་ནས་འདོར་མི་ཉན་པའི་བྱ་བ་དགོས་མེད་ཀྱི་བཙའ་ལྟར་དོར་ནས། སྐད་ཆ་ཚིག་གཅིག་ཡིན་ཀྱང་མགོ་མཇུག་མི་ཚང་བ་དུས་ངན་སྙིགས་མའི་འདྲེ་སྐད་དང་ལོག་སྐད་མཐའ་མེད་ལོ་ཡག་ལྗང་པའི་དཀྱིལ་དུ་འཇག་སྐྱའི་ཕོན་པོ་འཕྱུར་ལྟར་ཡུལ་ལུང་སོ་སོའི་སྲོལ་ལ་དར་བཞིན་པ་འདིའོ། །

དྲུག་པ་ཁྱད་ཆོས་ཀྱི་མིང་དང་བྱ་བའི་མིང་། གྲངས་ཀའི་མིང་སོགས་དངོས་པོའི་མིང་ལ་འཇུག་སྐབས། རང་སྟེང་ན་འགྱུར་ལུགས་གསོན་ཁྱད་ཆེ་བ་ཞིག་ཡོད་པ་དེའི་ཆོས་ཉིད་ཀྱི་གཏིང་འཇལ་བ་ལ་རྨོངས་པས། སྐབས་སྦྱར་འགྱུར་ལུགས་མེད་པར་ཀོ་གྱོང་མཁྲེགས་པོ་ལྟ་བུའི་མིང་གཅིག་གིས་འཐུས་པར་བྱས་ཏེ་ཕན་ཚུན་འཇོལ་ཉོག་ཏུ་སྤྱོད་ཚབས་ཆེ་བར་མཐོང་སྟེ། དཔེར་ན། ཁྱད་ཆོས་ཀྱི་མིང་རྒས་པ་ཞེས་པ་དངོས་པོའི་མིང་ལ་འཇུག་སྐབས། རྗེས་འཇུག་ས་ཡིག་ན་རུ་གྱུར་ཏེ་རྒན་པོའམ་རྒན་མོ་ཞེས་སུ་འགྱུར་དགོས་ཀྱང་འགྱུར་རྒྱུ་མེད་པར་སྔར་འཁྱུད་བཞིན་རྒས་པོ་ཞེས་འབྲི་བ་ལྟ་བུ་དང་། དེ་བཞིན་དུ་ཁྱད་ཆོས་ཀྱི་མིང་མཐོ་བ་དང་ཆེ་བ། དྲོ་བ། རྣོ་བ། ཚ་བ། ཚོ་བ་ལ་སོགས་པ་རྣམས་དངོས་པོའི་མིང་ལ་འཇུག་སྐབས། རྗེས་འཇུག་ན་ཡིག་ཅིག་སྐབས་བསྟུན་གྱིས་སྦྱར་ཏེ་མཐོན་པོ་དང་ཆེན་མོ། དྲོན་པོ། རྣོན་པོ། ཚན་པོའམ་ཚན་པོ་ཆེ། ཚོན་པོ་སོགས་སུ་འགྱུར་དགོས་ཀྱང་འགྱུར་རྒྱུ་མེད་པར་སྔར་འཁྱུད་བཞིན་མཐོ་པོ་དང་ཆེ་མོ། དྲོ་པོ། རྣོ་པོ། ཚ་པོ། ཚོ་པོ་ཞེས་འབྲི་བ་ལྟ་བུ། དེ་བཞིན་དུ་བྱ་བའི་མིང་དང་གྲངས་ཀའི་མིང་སྐོར་ཞིག་དངོས་པོའི་མིང་ལ་འཇུག་སྐབས་སྔོན་འཇུག་དོར་ནས་འགྱུར་དགོས་པ་མང་པོ་ཡོད་ཀྱང་འགྱུར་རྒྱུ་མེད་པར་སྔར་འཁྱུད་བཞིན་འབྲི་བཞིན་པ་ལྟ་བུས་མཚོན། རྣམ་དབྱེ་དང་ཚིག་ཕྲད་ཀྱི་སྦྱོར་ལུགས་དང་རྟགས་ཀྱི་འཇུག་ལུགས། མིང་གི་གྲུབ་ལུགས། མིང་མཐའ་འདྲེན་ཚུལ་རྣམས་གསོན་སྟབས་སུ་བཞེངས་འདུག་པའི་གངས་ཅན་བརྡའི་ཆོས་ཉིད་ཐུན་མོང་མ་ཡིན་པ་དེ་ཉིད་ཤེས་མེད་ཀྱི་མུན་དོང་དུ་གཡུགས་ཏེ་རྒྱ་མ་བོད། ར་མ་ལུག་གི་བརྡ་སྦྱོར་གྲངས་མཐའ་མི་ཆོད་པ་ཞིག་གསར་བཟོ་གནང་འདུག་པ་དེ་དག ངའོ་སྙམ་པའི་ཕོ་ཚོད་ཀྱི་མགྲིན་པ་གཟེངས་སུ་འདེགས་ཤིང་ཕྱོགས་ཞེན་རིས་གཅོད་ཀྱི་མེ་ལྕེ་དྲག་པོས་ཕྱི་ནང་གཉི་ག་ས་ཚོས་རྡོ་ཚོས་སུ་སོང་འདུག་པ་དག་གི་ཞལ་ན་ཅི་དགར་ཐོས་ཤིང་མཐོང་དུ་ཡོད་པ་ལྟར་རོ། །

བདུན་པ་རང་སྐད་སྲོག་དང་གཞན་སྐད་རྒྱན་ཡིན་པའི་གནས་ལུགས་གོ་ལྡོག་པའི་དབང་གིས། མེས་པོའི་གཙུག་ལག་གི་ལྟ་རྒྱ་དང་མཐོང་རྒྱ། གོ་རྒྱ་རྣམས་མཐའ་ཅན་དུ་གྱུར་བས། རང་སྐད་རྣལ་མའི་བརྡ་དང་ཐ་སྙད་ཀྱིས་ལག་ཐོགས་པ་ན། དོན་གཅིག་མིང་གི་རྣམ་གྲངས་སུ་གྱུར་བའི་བརྡ་དང་ཐ་སྙད་ཕངས་མེད་དུ་བརྩེགས་ནས་འཇོལ་ཉོག་ཏུ་སྤྱོད་ཚབས་ཆེ་བར་མཐོང་སྟེ། དཔེར་ན། དཀྱིལ་དབུས་དང་སྐུ་ལུས། གོ་རྟོགས། འཇུས་བཟུང་། རྟགས་མཚན། བསྟོད་བསྔགས། ཐུགས་བློ། མཐའ་མཇུག དང་ཐོག བསྡམས་བཀྱིགས། ནོར་འཁྲུལ། འཕེལ་རྒྱས། ཤེས་རྟོགས་ལྟ་བུའི་མིང་གི་སྒྲིག་ལུགས་རྣམས་དང་། དེ་ལས་ཀྱང་བྱ་བའི་མིང་གི་སྦྱོར་ལུགས་ཕྱོགས་ཀྱི་ཤེས་བྱ་ས་ཟད་རྡོ་ཟད་དུ་སོང་སྟབས། བྱ་བ་རིགས་གཅིག་གི་དུས་ཀྱི་ཁྱད་པར་ཙམ་ལས་དོན་ལ་མི་འདྲ་བ་ཅི་ཡང་མེད་པའི་གཟུགས་མི་འདྲ་བ་གཉིས་ཡན་རྡོ་ཆག་བཙན་བསྒྲིགས་ཀྱིས་ལྷན་གཅིག་ཏུ་སྦྱར་ཏེ་ཡི་གེ་མང་པོ་ཆུད་ཟོས་སུ་གཏོང་བ་དཔེར་ན། བཀག་འགོག་དང་བདའ་འདེད། དཔྱད་དཔྱོད། བཙལ་འཚོལ། འཛིན་བཟུང་ལྟ་བུ་འཛེམ་མེད་དུ་འབྲི་བར་མ་ཟད། དེ་དག་གི་མཇུག་ཏུ་ད་དུང་བྱ་བྱེད་བྱས་གསུམ་དང་གཏང་གཏོང་བཏང་གསུམ་ཅི་རིགས་སྦྱར་ནས་བྱ་ཚིག་སུམ་རྩེག་གིས་བརྗོད་བྱའི་དོན་གཅིག་སྟོན་ལ་དགའ་བས་མཚོན། ཚིག་གཅིག་གིས་དོན་གྱི་ཟ་ཟུར་མ་ལུས་པར་སྟོན་པའི་མཁས་པའི་རྣམ་སྲོལ་སྣང་མེད་དུ་བཞག་སྟེ། བྱ་ཚིག་གམ་ལས་ཚིག་ཕྱོད་ཅན་དེ་རྣམས་རྡོ་རྗེ་གོ་ཁར་ལྷུང་ན་བུ་ཆུང་གི་རྩེད་ཆས་སུ་བྱེད་པའི་དཔེ་རུ་མངོན་སུམ་དུ་བྱེད་བཞིན་པ་འདིའོ། །

བརྒྱད་པ་རང་དང་མཉམ་པའམ་རང་ལས་རྒན་པ་དང་མཐོ་བའི་ཡུལ་ལ་ཚིག་གི་བསྟི་བསྟང་ངམ་ཕུ་དུད་དང་གུས་པ་ཞུ་ལུགས་ཏེ། དབུ་ནག་བོད་པའི་མི་ཆོས་གཙང་མའི་རྣམ་གཞག་ལ་སྦྱར་བའི་ཞེ་སའི་སྦྱོར་སྟངས་ལུས་ཅན་ཀུན་གྱི་རྣ་བའི་བདུད་རྩིར་བལྟམས་འདུག་པ་དེ་ལ་མགོ་འཁོར་སྟབས། རང་ཉིད་ཀྱི་བསམ་ཚོད་དང་ཞེ་འདོད་དབང་བཙན་པར་བྱས་ཏེ་ངག་གི་གུས་ཞབས་སྟོན་བྱེད་ཞེ་ཚིག་འཇོལ་ཉོག་ཏུ་སྤྱོད་ཚབས་ཆེ་བར་མཐོང་སྟེ། དཔེར་ན། ངེད་ཀྱི་ཡབ་ཆེན་ཟེར་བ་དང་བདག་གི་ཡུམ་ཆེན་མོ་ཟེར་བ། བདག་གི་སྲས་མོ་ཟེར་བ། བུའི་འཁྲུངས་སྐར་ཟེར་བ། ངའི་སྐུ་སྤུན་ཟེར་བ། བདག་གི་ལྕམ་མོ་ཟེར་བ་ལྟ་བུས་མཚོན། ཕ་རོལ་པོས་རང་ཉིད་གཞན་ལས་ཐོས་པ་དང་ལོ་ཡིས་རྒན་འདུག་པའམ་རིགས་དང་ནོར་གྱིས་རྒན་འདུག་པ་ལ་བལྟོས་ཏེ། རང་ཉིད་ཀྱི་སློབ་བརྒྱུད་དམ་ཕ་མ་བུ་ཕྲུག་སྤུན་མཆེད་རྣམས་ལ་ཞེ་ས་སྦྱར་ཏེ་ཤུགས་ནས་རང་ཉིད་ལ་བསྟི་བསྟང་ངམ་ཕུ་དུད་དང་གུས་ཞབས་སྟོན་པའི་རྣམ་སྲོལ་དེ་ཉིད་སྤུས་སྒྱུར་བྱས་རྗེས། ཅི་མི་སྙམ་པར་རིན་མེད་ཀྱི་ཞེ་ཚིག་སྙན་དགུ་མཛུབ་རྩེར་སྤུངས་ནས་རང་ཉིད་རང་གིས་མཐོན་པོའི་ཁྲི་ལ་འགོད་མཁན་ས་ཕྱོགས་ལ་ལྟོས་པ་མེད་པར་མདོ་དབུས་ཁམས་གསུམ་གྱི་སྨྱུག་འཛིན་པ་གཞོན་སྐྱེས་སྐོར་ཞིག་གི་མཛུབ་རྩེ་ན་འཛད་མེད་དུ་མཐོང་རྒྱུ་ཡོད་པར་མ་ཟད། འཁོར་ལོས་སྒྱུར་རྒྱལ་སོགས་ཆེན་པོ་རྣམས་ཀྱིས་ཕྲན་དང་བདག གུས་པ་ལྟ་བུའི་སྐད་དོད་དུ་སྤྱོད་པའི་བརྡ་ཆད་དེ། ངོས་ཞེས་པའི་བརྡ་ཆད(རྒྱ་ནག་སྐད་ཀྱི 朕ཞེས་པ་དང་འདྲའོ)འདི་ཡང་ཤེས་བཞིན་དུ་རང་སྟེང་ལ་ངོ་ཚ་མེད་པར་སྦྱར་ཏེ། ངོས་ཀྱི་ཡབ་ཡུམ་གཉིས་ཟེར་བ་ལྟ་བུ་ངན་པའི་རང་བསྟོད་དང་ར་གན་གསེར་གསོལ་གྱི་རྫུན་ལས་ལ་བརྩོན་མཁན་ཡང་ཤིན་ཏུ་མང་བར་སྣང་མོད། མིང་དོན་མཚུངས་པའི་ཤེས་ཡོན་པ་དང་སྨྱུག་འཛིན་པ་རྣམས་ལ་ཤིན་ཏུ་ནས་མི་མཛེས་སོ། །དེ་ཡང་སྐབས་འགའ་རེར་བུ་ཕྲུག་གིས་སོ་སོའི་ཕ་ལ་ལྷ་ཆེན་པོ་དང་ཡབ་རྒྱལ་པོ། ཡབ་མི་ལ་ལྟ་བུ་ཟེར་སྲོལ་ཡོད་པ་བདེན་ནའང་། དེ་དག་ཐོབ་དང་གོ་ས་ལ་བལྟོས་ཏེ་ཡུལ་ཆོས་ཀྱི་རྗེས་སུ་འབྲངས་པ་ཡིན་པས། འབྲུག་མོའི་ལད་མོ་ནག་མོས་བྱ་མི་རུང་བའི་གནས་ལུགས་ཕྲན་ཚེགས་འདི་རིགས་ཀྱང་སྨྱུག་འཛིན་པ་གཞོན་སྐྱེས་རྣམས་ཀྱིས་ངེས་དགོས་པའི་གནད་ཅིག་གོ །

ཁ་བ་བོད་པའི་བརྡ་སྤྲོད་ཀྱི་ལག་ལེན་ཕྱོགས་ན་མུ་མེད་པར་ནག་ལྟེམ་མེར་འཁྱིལ་འདུག་པའི་བརྡ་ནོར་དང་དག་ནོར་གྱི་རྒྱ་མཚོ་ཆེན་པོ་ལས་ནམ་ཞར་མཐོང་ཆོས་སུ་གྱུར་པའི་འཁྲུལ་ཆ་ཁག་བརྒྱད་འདི་ཙམ་ཞིག་ཁོ་བོའི་རྣམ་རྟོག་གི་ཤིང་སྐྱོགས་ཟད་པོས་ཅི་དགར་བཅུས་ཏེ་ཁྱེད་ཚོར་གྲོས་ཀྱི་རྟེན་དུ་བཤམས་པ་ཡིན་ན། ཁྱེད་རྣམ་པས་ཀྱང་རང་ངོས་ནས་དཔྱད་པའི་མཐའ་མི་ཉམས་པར་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེའོ། །

གཞན་ཡང<<ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར>>དང<<བཀའ་གདམས་ཆོས་འབྱུང་>><<རང་རྣམ་དུ་ཀཱུ་ལ>>སོགས་ལས་འབྱུང་བའི་ཀླགས་ལུང་དང་ཀླགས་ཐབས། སྒྲགས་མདའ། སྒྲགས་པ་ཡང་གསང་། སྒྲགས་ཡང་རྫོང་སོགས་ཀྱི་འབྲུ་ཕྱེད་ཀླགས་དང་སྒྲགས་སོགས་ནི་སྐྱོབ་འགྲོའི་ཚབ་ཏུ་སྐྱབས་འགྲོ་བྲིས་པ་ཇི་བཞིན་བྱེད་ལས་ད་ལྟ་བའི་གཟུགས་ཀློག་དང་སྒྲོག་སོགས་ཀྱི་གཟུགས་དོད་ཡིན་གཤིས། མ་གཞིར་ཀློག་ལུང་། སྒྲོག་མདའ། སྒྲོག་ཡང་རྫོང་ཞེས་བྲི་དགོས་ཀྱང་། བརྗོད་མ་བདེ་བའི་དབང་གིས་དེ་དག་གི་དོད་དུ་བྱ་ཚིག་རང་གི་དུས་གསུམ་གང་ལ་ཡང་མི་གཏོགས་པའི་གཟུགས་རེ་ཆེད་དམིགས་ཀྱིས་བྲིས་པ་ཡིན་ཚུལ་དེང་གི་བརྡ་སྤྲོད་མཁན་པོ་དག་གིས་གསུང་བཞིན་པ་ལྟར་ལགས་ན། དེ་དག་བརྡ་ནོར་དང་དག་ནོར་ཡིན་པར་དོགས་མི་དགོས་སྙམ། ཁྱད་པར་དང་ངེས་པར། ལྷག་པར་ཞེས་པ་གསུམ་ལས། དང་པོ་ཁྱད་པར་ཞེས་པ་མིང་ཡིན་ལུགས་རྗེས་འཇུག་ར་ཡིག་ཕྲལ་ན་རྗོད་པ་དེ་མིང་དང་ཚིག་གང་ཡང་མ་ཡིན་པར་འགྱུར་ཚུལ་ལ་དཔྱད་ན་རྟོགས་ཐུབ་པས། དེའི་མཇུག་ཏུ་དུ་ཞུགས་པས་ལ་དོན་ཉིས་རྩེག་སྦྱར་བར་འདོད་པ་དོན་ལ་སྲ་སར་སོ་མ་ཐེབས་པའི་རང་རྟགས་ཕྱིར་བསྟན་པ་ལས་མ་འདས་སྙམ་ཏེ། <<འདུལ་བ་གཞི>>ལས། “འདི་ལས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཀྱི་མི་མཉེས་པར་མི་བྱེད་པར་གྱུར་ཅིག”༣ཅེས་དུ་སྦྱར་འདུག་པ་ལྟར་རེད་ལ། དེ་ཙམ་དུ་མ་ཟད། གངས་ཅན་མཁས་པའི་དབུ་རྒྱན་ཙོང་ཁ་པ་དང་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། མཁས་གྲུབ་རྗེ། གུང་རུ་རྒྱལ་མཚན་བཟང་པོ་སོགས་ཀྱི་གསུང་ནའང་དུ་སྦྱར་འདུག་པ་ཅི་དགར་མཐོང་དུ་ཡོད་པ་ལྟར་རེད། རྗེས་མ་གཉིས་ལ་དུ་སྒྲ་ཞུགས་ན་མིང་གི་ཆ་ཤས་དང་མ་ཞུགས་ཚེ་ཕྲད་ཀྱི་ཆ་ཤས་ཡིན་གཤིས། འབྲི་བ་དང་མི་འབྲི་བའི་ལུགས་གཉི་ག་ཡོད་ལུགས་དེང་གི་བརྡ་སྤྲོད་སྨྲ་བའི་དབང་པོ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་གསུངས་པ་བདེན་པར་སྣང་སྟེ། <<ཕལ་བོ་ཆེའི་མདོ>>ལས་ཀྱང་། “འཛམ་བུ་ཆུ་ཀླུང་གི་གསེར་ལས་ལྷག་པར་དུ་འཕགས་པ་གང་ཡང་མེད་དོ”༤ཞེས་དུ་སྦྱར་འདུག་པ་ལྟ་བུ་རེད་ལ། དུ་བསྡུས་ནས་མི་སྦྱོར་མཁན་ཡང་མང་བས་གཅིག་ཏུ་མ་ངེས་སོ། །ཁྱད་པར་ཞེས་པའི་མིང་དང་ཆ་འདྲ་བ་གློ་བུར་ཞེས་པའང་ལ་དོན་མ་ཡིན་པར་མིང་གི་ཆ་ཤས་ཡིན་རྐྱེན། མཇུག་ཏུ་དུ་སྦྱོར་དགོས་ལུགས་རིགས་བསྒྲེས་ན་རྟོགས་ནུས་མོད། ངའོ་སྙམ་པའི་ཁེངས་དྲེགས་ཀྱིས་སི་ཏུ་གཙུག་ལག་སྣང་བ་ལྟ་བུའི་བརྡ་སྤྲོད་མཁན་པོ་རྣམས་ལའང་དག་མི་སྟེར་མཁན་ཚོར་ཅི་ཡང་བྱ་རྒྱུ་མེད་པས། ཁོ་ཚོར་ཁ་བརྡ་གོ་བཤད་རྒྱག་རྒྱུ་ལས<<རང་རྣམ་དུ་ཀཱུ་ལ>>ལྟ་བུའི་གླེགས་བམ་གྱི་ཞལ་ཕྱེ་སྟེ་ཕན་ཚུན་འགེབས་སྡུར་རེ་གནང་བར་བསྐུལ་ན་ལེགས་སོ། །འདི་དག་ལས་གཞན། རྒྱུན་པར་དང་མངོན་པར། ཉེས་པར། བདེན་པར། ལེགས་པར་སོགས་ཀྱི་རྗེས་འཇུག་ར་ཡིག་གཞི་ནས་ལ་དོན་གྱི་ཕྲད་དངོས་ཡིན་གཤིས། འདི་དག་ལ་གཟོད་དུ་སྒྲ་རྩ་བ་ནས་འཇུག་མི་རུང་ཚུལ་བལྟས་པ་ཙམ་གྱིས་ཧ་གོ་འོང་བས་རྟགས་དང་གཏན་ཚིགས་དགོད་པའི་ངལ་བ་ཅི་ལ་རྩོམ། འདི་དང་འདི་ལྟ་བུའི་འབྲི་ལུགས་མི་འདྲ་བ་རྣམས་ཀྱི་བྱུང་རྐྱེན་ལ་གནས་ལུགས་ཀྱིས་དཔྱོད་རྒྱུ་ཡིད་ཀྱི་དགུ་ལའང་མི་དྲན་པར། ཐམས་ཅད་དབུས་ཁམས་གཉིས་ཀྱི་མཁས་རྨོངས་ཀྱི་བར་ཁྱད་ཆེན་པོས་བསྐྱེད་པ་ཡིན་ཚུལ་ལྟ་བུའི་བསྙེན་བསྲིང་ཕྱོགས་ལྷུང་གི་ང་རོ་ཆེས་ཆེར་སྒྲོག་མཁན་དེ་ཚོ། ད་ཐེངས་ཀྱི་སྐྱེ་བ་དེ་ཉིད་དུང་དཀར་སེར་སྣང་གི་ལོག་ཤེས་ཁོ་ནའི་ངང་ལ་དུས་འདའ་བའི་རྩིས་བརྒྱབ་ཚར་བའི་སེམས་ཅན་དུ་གཏོགས་གཤིས། ཇ་ཡུན་གཅིག་གི་རིང་ལའང་དྲང་པོར་སྡོད་མི་ཚུགས་པར་ནང་ཕུ་ནུའི་བློ་ཁ་ཤས་སུ་འགྲོ་བའི་ཐབས་རྣམ་ལ་རྡོ་རུས་ཐུག་པའི་བརྩོན་པ་སྐྱེད་མཁན་དག་ཡིན་པའི་ཆོས་ཉིད་དེའང་ཁྱེད་རྣམ་པས་ཞར་དང་ཞོར་ལ་རྟོགས་ན་ལེགས་སྙམ་མོ། །

གསུམ།

སྐད་ཀྱི་སྙིགས་མ་གཟུགས་ཅན་དུ་ཤར་བཞིན་པའི་བསྐལ་པ་འདི་ལ། ཡུལ་ལུང་འདིའི་སྟོད་སྨད་བར་གསུམ་གྱི་སྨྱུག་འཛིན་པ་གཞོན་སྐྱེས་རྣམས་ཀྱིས། ཚིག་གི་དག་སྙན་ཟབ་གསལ་གྱི་ཁྱད་ཡོན་ལ་བརྟེན་ནས་མཁས་པའི་སྐྱེ་བོ་རྣམས་ཀྱི་ཐུགས་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད་པའི་ཡིག་རིགས་རབ་དང་ཕུད་དུ་གྱུར་པ་ཞིག་བྲི་མི་ནུས་ནའང་། ཇི་སྐད་དུ་ས་བཟང་མ་ཏི་པཎ་ཆེན་གྱིས། ལེགས་པ་བས་ཀྱང་མགྱོགས་པ་གཙོ། །མགྱོགས་པ་བས་ཀྱང་སྙོམས་པ་གཙོ། །སྙོམས་པ་བས་ཀྱང་དག་པ་གཙོ། །དེས་ན་དག་པ་གཙོ་བོ་ཡིན། །གསུངས་པ་ལྟར་བོད་རྒན་པོའི་སྐད་འགྲོས་རྣམ་དག་ལ་སྦྱར་བ་དོན་ལྔ་སྣོད་དྲུག་ཚང་ཞིང་དབང་པོ་སྣ་ལྔ་རྒྱས་པས། མཁས་དང་མི་མཁས་སྐྱེ་བོ་སུས་བལྟས་ཀྱང་གོ་རྒྱུ་ཡོད་པ་ཞིག་ཅི་ནས་ཀྱང་འབྲི་གལ་ཆེ་ཞིང་། དེ་ལྟ་བུའི་འབྲི་སྦྱོང་གི་ལམ་གྱི་རིམ་པ་ཉམས་སུ་ལེན་པར་གཤམ་ནས་འབྱུང་བའི་གནད་འདི་དག་ལ་སེམས་རྩེ་གཅིག་ཏུ་མཉམ་པར་གཞག་དགོས་སྙམ་སྟེ།

རྩ་བ་བོར་ནས་ཡལ་གར་འཇུས་པའི་སློབ་གཉེར་གྱི་རྣམ་སྲོལ་རྙིང་ཞད་ཅན་དེ་སྤངས་ནས། བསླབ་པ་ཀུན་གྱི་གཞི་འཛིན་ནམ་གཞུང་བརྒྱའི་སྒོ་དམ་འབྱེད་བྱེད་འཕྲུལ་གྱི་ལྡེ་མིག་ཏུ་བསྔགས་པའི་བརྡ་སྤྲོད་ཀྱི་གཞུང་འདིའི་ཆེ་བ་དང་དགོས་བྱེད་ལ་བསྐྱར་དུ་དགོངས་དཔྱད་རྨ་མེད་ཐེངས་གཅིག་གནང་སྟེ། གཞུང་འདི་ཉིད་རིག་པའི་གནས་ཐམས་ཅད་ལ་འཇུག་པའི་སྒོ་འབའ་ཞིག་ཙམ་དུ་མ་ཟད། མི་རིགས་ཤིག་གི་རྣམ་དཔྱོད་ཀྱི་འཆར་ལུགས་དང་གཏན་ཚིགས་ཀྱི་སྒྲུབ་ལུགས། མཛེས་རྟོག་གི་འགྱུ་ལུགས། ལྟ་གྲུབ་ཀྱི་ཆགས་ལུགས། ཞེ་འདུན་གྱི་མངོན་ལུགས། གོང་ཐང་ལ་སྤྱོད་ལུགས་སོགས་དེ་མ་ཡིན་པ་རྣམ་པར་བཅད་པའི་སྒོ་ནས་མི་རིགས་རང་མཚན་པའི་ངོ་བོར་སྒྲུབ་བྱེད་འབའ་ཞིག་ཀྱང་ཡིན་ཁར། རྒྱ་ཡི་ཆེ་ཚད་དང་དཔངས་ཀྱི་མཐོ་ཚད། གཏིང་གི་ཟབ་ཚད་སོགས་འཇིག་རྟེན་ན་དཀོན་རིགས་སུ་གྱུར་འདུག་པའི་ཆ་ནས། གཞན་ལུགས་ཀྱི་བརྡ་སྤྲོད་ཙམ་པོ་བ་ཇི་བཞིན་ཚེགས་ཆུང་དོན་ཆེན་གྱི་ལམ་ནས་ཆུ་ཡུར་ལམ་བྱང་བྱུང་ཐུབ་པ་ཞིག་ཀྱང་མ་ཡིན་པས། ཇི་སྲིད་སྲོག་གི་འཚོ་གཞེས་དུས་ཀྱི་ཆོས་ཉིད་དུ་མ་གྱུར་པ་དེ་སྲིད་དུ་སོ་སོའི་འཁྲི་ལས་སུ་གྱུར་པའི་རིག་སྒོ་གང་དེ་སྔ་རྗེས་འཕྲོ་སྐྱོང་གི་ངང་ལ་དོན་དུ་གཉེར་རྒྱུ་སྨོས་མེད་ཐོག ཞར་ཞོར་ལ་ཁ་བ་རི་པའི་ཕྱི་ནོར་ནང་རྡིག་གི་རྩ་བར་གྱུར་པ་བརྡ་སྤྲོད་ཀྱི་གཞུང་འདི་ཉིད་ལ་ཡང་དང་བསྐྱར་གྱིས་ཉན་བསམ་གནད་སྨིན་གནང་ནས། རང་ཉིད་ཚིག་གི་འགལ་འབྲེལ་ཐམས་ཅད་ཚར་གཅོད་ལ་སྙེང་པ་མི་མངའ་བ་དཔའ་བོ་མདུང་འཛིན་ལྟ་བུ་ཞིག་ཨེ་ཡོང་ལ་གཞོལ་རྒྱུ་ནི། བརྡ་ནོར་དང་དག་ནོར་ཀྱི་བཙའ་སད་ཐན་གསུམ་མི་མངོན་དབྱིངས་སུ་སྤྲོད་པའི་ཉེར་བསྡོགས་དང་པོ་རེད་སྙམ་སྟེ། ཇི་སྐད་དུ་རྗེ་ས་པཎ་གྱིས། ཚིག་ཀྱང་སྒྲིག་ལེགས་མི་ཤེས་ན། །དོན་བཟང་སྨོས་ཀྱང་ཅི་ཞིག་དགོས། །ཞེས་དང་། བསྟན་དར་ལྷ་རམས་པས། ཁ་ནས་རྩོམ་ཡང་སུག་བྲིས་མི་འབྱོར་ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །རྩོམ་ཚིག་ཡི་གེ་གཞུང་བཞིན་མ་བྱུང་ན། །མཁས་པ་ཁྲེལ་ཞིང་དོན་ལོག་སྟོན་ཉེན་ཆེ། །གསུངས་པ་ལྟར་བརྡ་དག་གི་འགག་འཕྲང་མ་བརྒལ་བའི་སྒྲུང་གཏམ་པ་དང་སྙན་ངག་པ་ཞིག་འཇིག་རྟེན་གྱི་ཁམས་འདིར་འབྱོན་མི་སྲིད་ལ། བརྡ་དག་གི་འགག་འཕྲང་མ་བརྒལ་བའི་དཔྱོད་འཇུག་པ་དང་ལོ་ཙཱ་བ་ཞིག་ཀྱང་འཇིག་རྟེན་གྱི་ཁམས་འདིར་འཁྲུང་སྲོལ་མེད་པའི་ཕྱིར་རོ། །

སྨྱུག་འཛིན་པ་སོ་སོས་ཁ་བ་རི་པའི་བརྡ་སྤྲོད་ཀྱི་བྱུང་རབས་ལ་དཔྱོད་བཅས་ཀྱི་གཟིགས་པ་ཡངས་པར་བྱས་ཏེ། དེང་གི་ངེས་དོན་གྱི་བརྡ་སྤྲོད་སྨྲ་བ་ཁ་ཅིག་གིས་གསུང་བཞིན་པ་ལྟར་ཡུལ་སྐད་དང་ཡིག་སྐད་གཉིས་ཀྱི་གཙོ་ཕལ་ལམ་ཡང་ལྕིའི་ཁྱད་འབྲེལ་འོ་མ་དང་མར། བྱེ་མ་དང་གསེར་གཉིས་ཀྱི་རྒྱུ་འབྲས་ཀྱི་བདག་ཉིད་དུ་གྲུབ་ཡོད་ལུགས་ལ་གོ་བ་དཔྱིས་ཕྱིན་གནད་དུ་སྨིན་པ་ཞིག་སྐྱེ་འཇུག་དགོས་པར་མ་ཟད། རང་གཞན་ཕྱི་ནང་བར་གསུམ་གང་ལ་མཚོན་ནའང་། ཡིག་སྐད་ཀྱིས་ཡུལ་སྐད་ལ་མགོ་འདོན་སྡོངས་གྲོགས་དང་སེལ་འཛུད་ལེགས་བཅོས་གནང་སྟེ་རིགས་ཀྱི་འཚོ་རྟེན་དུ་གྱུར་པའི་སྐད་ཡིག་གི་རིགས་རྒྱུན་སྲིད་མཐར་བསྐྱང་དགོས་པ་ལས། ཡུལ་སྐད་ཀྱི་མདའ་གྲི་མདུང་གསུམ་མཛུབ་བར་དུ་བཅུག་ནས་ཡིག་སྐད་ཀྱི་ཟ་ཟུར་ཐམས་ཅད་འབྲེག་གཏུབ་གཅོད་གསུམ་བྱས་རྗེས། རིགས་ཁྱུ་ཐུན་མོང་ལ་དབང་བའི་སྤྱི་སྐད་ཀྱི་སྲོལ་བཏོད་རབས་ཤིག་གནམ་སྔོན་པོའི་འོག་ན་འཚོལ་དུ་མེད་པའི་གནས་ལུགས་གསོན་པོ་འདི་ལ་ནང་བྱན་ཆུད་དགོས་པས་མི་ཚད། དེ་དོན་ཕྱག་བཞེས་སུ་བསྟར་ཕྱིར། ལུང་པ་རང་གི་ཕལ་སྐད་སྲོག་ཏུ་འཛིན་པའི་ཕྱོགས་རིས་འཐེན་འཁྱེར་སྤངས་ནས་བསྟན་བཅོས་ཚད་ལྡན་དག་ལ་གྲགས་པའི་བརྡ་དང་ཐ་སྙད། དུས་གསུམ་གྱི་སྤྱོད་ལུགས་མིག་ལྟོས་སུ་གཟུང་བ་དང་། སྤྱི་བྱེ་གཉིས་ཀྱི་དཀའ་གནད་དང་དོགས་གནད་མཐའ་དག་གངས་ལྗོངས་རྩ་བའི་མཁན་པོ་སློབ་དཔོན་ཐོན་མིའི་བརྡ་སྤྲོད་ཀྱི་དགོངས་བཞེད་ལ་བསྟུན་ཐབས་བྱ་རྒྱུ་ནི། བརྡ་ནོར་དང་དག་ནོར་ཀྱི་བཙའ་སད་ཐན་གསུམ་མི་མངོན་དབྱིངས་སུ་སྤྲོད་པའི་ཉེར་བསྡོགས་གཉིས་པ་རེད་སྙམ་སྟེ། ཇི་སྐད་དུ་མཁས་གྲུབ་རྗེས། སྐྱེས་བུའི་ལུས་ངག་བྱ་བའི་འཇུག་པ་ཡིས། །ནང་གི་བསམ་པའི་ཁྱད་པར་གོ་བར་བྱེད། །བླུན་པོའི་གྲོང་ཚིག་སྨྲ་བ་ལྷུར་བླངས་པས། །གསུང་རབ་བརྡ་ལ་རྨོངས་པ་གསལ་བར་སྟོན། །ཞེས་དང་། <<དུས་འཁོར>>ལས། ཡུལ་གྱི་སྐད་ཀྱིས་ཆོས་གོ་ན། །བསྟན་བཅོས་སྐད་ཀྱིས་ཅི་ཞིག་བྱ། །གསུངས་པ་ལྟར་ཡུལ་སྐད་དམ་གྲོང་སྐད་གང་ཞིག་ཡིན་ཀྱང་བརྡ་སྤྲོད་ཀྱི་ཟུར་ཅུང་ཟད་རེ་ཅི་ནས་ཀྱང་ཉམས་ཆག་ཏུ་སོང་ཡོད་པར་མ་ཟད། མིང་གི་གྲུབ་ལུགས་དང་བརྡ་ཡི་སྦྱོར་ལུགས། བྱ་བའི་འགྱུར་ལུགས། སྒྲ་ཡི་ཀློག་སྟངས་རྣམས་གཅིག་ཏུ་མ་ངེས་པར་མུ་ཏིག་གི་ཕྲེང་ཐག་ཆད་པ་ལྟར་རང་ཕྱོགས་བཞི་མཚམས་བརྒྱད་ལ་འཐོར་ནས་བསྡད་ཡོད་པ་གནས་ལུགས་ཡིན་པས། གཏད་སོ་ཅི་ཡང་མེད་པའི་ཕལ་སྐད་དག་སྲོག་ཏུ་གཟུང་རྒྱུ་མང་དྲགས་ན། བྲི་བྱ་གང་དེ་བརྡ་མི་འཕྲོད་པ་དང་དོན་སྒྲིབ་པ། དོན་ལོག་པ། ཐེ་ཚོམ་སོགས་ཀྱིས་བདག་གིར་བཟུང་ནས་ལྐུགས་པའི་སྐད་ཆ་ལྐུགས་པའི་ཨ་མས་མ་གཏོགས་གཞན་སུ་ཞིག་གིས་ཀྱང་ཧ་མི་གོ་བའི་དཔེ་དོན་དུ་འགྱུར་ངེས་པར་མ་ཟད། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་ནས་མཐའ་མར་རིགས་ཀྱི་འདུན་མ་མཐུན་ལམ་ཆིག་དྲིལ་ལ་གནས་པ་དེ་ཉིད་ཀྱང་ཁད་ཀྱིས་བཞི་གས་ལྔ་གཤགས་སུ་གཏང་ཉེན་ཆེ་བས་སྤང་དགོས་ཚུལ་དགེ་ཆོས་ལགས་ཀྱིས<<དེབ་དཀར>>ན་གསུངས་འདུག་པ་ལྟར་རེད་ལ། རིག་འཛིན་འཇིགས་མེད་གླིང་པས་ཀྱང་དེ་སྐད་དུ། “དེ་ཡང་ཐོག་སྔས་པས་ལོ་ཎ་གཉིས་སྐད་བརྡ་མ་འཕྲོད་པ་དང་། གནའ་སྐད་དང་། ཡུལ་སྐད་སྣ་ཚོགས་དང་། བྲིས་ནོར་རྒྱུན་འབྱམས་དང་། རིང་ལུགས་སྔོན་དར་གྱི་ཤན་ཤོར་བ་དཔྱད་མི་བཟོད་པའི་རིགས་ལ་ནི་སྔ་ཕྱི་ཐམས་ཅད་ཀྱི་ཚིག་འགྲོས་ལ་ཞིབ་མོར་དཔྱད་པའི་དོན་ཞུགས་དགོས་གྲས་ཡིན་འདུག”༥གསུངས་པའི་དོན་ལས་མ་འདས་པའི་ཕྱིར་རོ། །

ལུང་པ་རེ་ལ་སྐད་རེའི་དཔེ་ལྟར་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ལ་མཐའ་མེད་ཕྱིར། ཡུལ་སྐད་གང་ཐོན་སྲོག་ཏུ་གཟུང་མི་རུང་བ་གོང་དུ་སོང་ཟིན་པ་ལྟར་ཡིན་པ་སྨོས་ཅི་དགོས་ཀྱང་། ཡུལ་སྐད་འགའ་རེའི་བྱ་བྱེད་ལས་གསུམ་དང་བདག་གཞན་དུས་གསུམ། མགོ་གསུམ་འདོགས་བཞིའི་སྦྱོར་ལུགས་རྣམས་བོད་སྔ་མའི་བསྟན་བཅོས་ཚད་ལྡན་དག་གི་རྗེས་འབྲངས་འདུག་པར་མ་ཟད། བརྡ་དང་ཐ་སྙད་ཁག་གཅིག་བོད་སྤྱིའི་གནའ་སྐད་ཡིན་པའང་ཡོད་སྟབས། ཡུལ་སྐད་ཡོད་རྒུ་མཐའ་གཅིག་ཏུ་འདོར་དགོས་པའི་ཁྱབ་པའང་ཁྱོན་ནས་མེད་ན། ཇི་སྐད་དུ། ས་བདག་ཚེར་མའི་ཤིང་ལས་སྦྲང་རྩི་ལྟར། །དགྲ་བོ་ལས་ཀྱང་ལེགས་པར་སྨྲས་པ་གཟུང་། །གསུངས་པ་ལྟར་ཡུལ་སྐད་གང་ཞིག་གི་ནང་ན་བོད་རྒན་པོའི་སྐད་འགྲོས་དང་མཐུན་ཞིང་ཡིག་སྐད་ལ་ཟུར་རྒྱན་ནམ་བཅུད་ལེན་དུ་འགྲོ་བའི་བརྡ་དང་ཐ་སྙད། ཚིག་གི་སྦྱོར་ལུགས་ཅི་རིགས་ཡོད་ན། ཆོལ་གསུམ་གྱི་ཡུལ་སྐད་གང་ཡིན་ལ་མི་ལྟ་བར་བློ་གཤོགས་མཐའ་བཞིར་བསྐྱེད་དེ་བསླབ་པ་ལེན་པའི་རྟེན་དུ་བྱ་ཞིང་། བ་ལས་འོ་མ་དང་སྦྲང་མ་ལས་སྦྲང་རྩི། བྱེ་མ་ལས་གསེར་ལེན་པའི་ངང་ཚུལ་གྱིས་དེ་རྣམས་བོད་སྤྱི་སྐད་ཀྱི་ཀྱོང་ཁ་འབུར་གྱིས་གསོ་བའི་ལེགས་ཚོགས་སུ་སྤྱོད་ཤེས་པར་བྱ་རྒྱུ་ནི། བརྡ་ནོར་དང་དག་ནོར་ཀྱི་བཙའ་སད་ཐན་གསུམ་མི་མངོན་དབྱིངས་སུ་སྤྲོད་པའི་ཉེར་བསྡོགས་གསུམ་པ་རེད་སྙམ་སྟེ། འགྲིག་མིན་ལེགས་ཉེས་ལ་ལྟོས་པ་མེད་པར་ལུང་པ་སོ་སོའི་ཡུལ་སྐད་ཡོད་རྒུ་ཅམ་གྱིས་བཞག་ནས་སྔ་རབས་ཀྱི་བསྟན་བཅོས་ཁོ་ནར་གྲགས་པའི་མིང་བརྡ་ཁོ་ན་དང་དུ་བླངས་ཚེ། སྨྱུག་འཛིན་པ་ཁོ་ན་མ་ཟད། དཔེ་ཆ་དང་ཡི་གེ་བ་སྤྱི་རིག་སྒོ་གཞན་དང་གཞན་ལ་འཇུག་སྐབས་བརྡ་དང་ཐ་སྙད་ཀྱིས་ལག་ཐོགས་པར་འགྱུར་ལ། གཞན་དུ་ན་དག་ཡིག་གམ་ཚིག་མཛོད་དུ་བཞུགས་སུ་མ་གསོལ་བའི་མིང་བརྡ་ཚད་མར་གྱུར་པ་མང་པོ་དུས་ཀྱི་ཆོས་ཉིད་དུ་འགྱུར་ངེས་པའི་ཕྱིར་རོ། །

གལ་ལ་མ་བབ་ཚེ། བརྡ་དག་ཕྱོགས་ན་རང་ཉིད་ལ་འགྲིག་འགྲིག་མོ་དང་བདེན་བདེན་མོ། ཡིན་ཡིན་མོའི་དམ་བཅའ་བརྟན་ཚུགས་ཆེ་ཞིང་མི་ལ་ངོམ་དུ་རི་བ་ཅི་དྲག་རེ་ཡོད་ནའང་། ནམ་ཞིག་དེ་དང་ལྡོག་པར་གྱུར་པའི་མཁས་པ་སྔ་མ་དག་གི་ལུང་ཚིག་དམ་དུམ་ལ་འཕྲད་ཡོང་བ་ན། སྐད་ཅིག་ཡུད་ཅིག་ཙམ་ལའང་སྡོད་མི་བྲ་བར་འཁྱག་པ་མེ་ཡིས་ཞུ་ལྟར་རྗེས་མེད་དུ་ཡལ་འགྲོ་བ་འདི་ཇི་སྐད་དུ་ཇོ་ནང་ཏཱ་ར་ནཱ་ཐས། “བོད་འདིར་ནི་དག་རུང་མི་དག་རུང་། གཏམ་གང་ཡང་གྲགས་ཆེན་པོས་སྐྱེ་བོ་ཀུན་ལ་ཡོངས་སུ་ཁྱབ་པ་ཞིག་ཡོད་ན། ཤིན་ཏུ་བདེན་པའི་དོན་ཅན་གཞན་ཞིག་སྨྲས་ཀྱང་རྣ་བར་མི་འོང་ཞིང་། ཡིད་ལ་མི་བདེ་བ་ཞིག་སྣང”༦གསུངས་པ་ལྟར་དཔྱོད་མེད་དད་པའི་རྗེས་འབྲང་གི་རྣམ་ཐར་དུངས་ཞེན་གྱིས་འཁྲབ་ཚུལ་ལས་མ་འདས་རྐྱེན། ཡུལ་ལུང་འདིའི་ཕ་སྐད་གཅིག་སྡུད་དང་ཚད་མར་གཏོང་བའི་བྱ་གཞག་རླབས་པོ་ཆེར་རྔོ་ཐོགས་སྐབས་ཡེ་ནས་ཡོད་མི་སྲིད་པས་ན། དེ་སྐད་དུ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས། “རང་གིས་མཐོང་བའི་དག་ཡིག་རེ་ལ་མཛུབ་མོ་རི་སྟོན་བྱེད་པ་ལས་རྒྱུ་མཚན་གཞན་མེད་ན་འཐད་པོ་ཞིག་མ་ལགས་ཏེ། གཟུར་གནས་རྣམ་དཔྱོད་ཀྱི་མེ་ལོང་མངའ་བ་ཚོའི་ཐུགས་ལ་སྣོམས”༧གསུངས་པ་ལྟར། སྨྱུག་འཛིན་པ་གཞོན་སྐྱེས་རྣམས་ཀྱིས་དེ་ལྟ་བུའི་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་བསམ་སྦྱོར་རིང་དུ་དོར་ནས། སྔ་རབས་ཀྱི་བསྟན་བཅོས་སམ་ཡིག་རིགས་གང་ཞིག་ལ་མིང་བརྡའི་འཁྲུལ་ཆའམ་དོགས་གནད་ཅི་རིགས་བྱུང་ཡོད་ཚེ། སྐྱེ་བོ་རང་སྟེང་གི་གོ་རིག་མྱོང་གསུམ་དང་བརྡ་སྤྲོད་རང་ལུགས་ཀྱི་རིགས་ཤེས་ཚད་མས་ཡང་དག་པར་དཔྱད་དེ། “བདེན་ཅིང་འཐད་ན་ལེགས་བཤད་བྱིས་པའི་ཚིག་ཀྱང་ཉན”དགོས་ལ། “མི་བདེན་དོན་དང་འགལ་ན་རྒྱལ་བའི་བཀའ་ཡང་གཞག”དགོས་པའི་མེས་པོའི་གཟུར་གནས་དྲང་སྤྱོད་ཀྱི་ཕྱག་སྲོལ་བཟང་པོ་ལག་ཏུ་བཀལ་ནས། ཅི་སྟེ་སྔོན་བྱོན་མཁས་པས་མཛད་པའི་དག་ཡིག་གམ་ཚིག་མཛོད་དག་ན། ལུས་ཀྱི་མགོ་ནི་མ་མགོ་ལ། །དུས་ཀྱི་འགོ་ནི་འ་འགོ་ཡིན། །ཞེས་པ་ལྟ་བུའི་བརྡ་སྤྲོད་ཀྱི་སྤྱི་འགྲོས་དང་གནས་ལུགས་ཀྱི་རྒྱ་སྲང་ལ་འདེགས་མི་བཟོད་པའི་འགྲེལ་སྐྱོན་ལུགས་རེ་འདུག་ནའང་། བོད་སྐད་གཅིག་གྱུར་འོང་བའི་འཕྲལ་ཕུགས་རྒྱང་གསུམ་གྱི་དགོས་བྱེད་ལ་དམིགས་ནས་སྤང་བླང་གི་གནད་མི་འཕྱུག་པར་བྱ་རྒྱུ་ནི། བརྡ་ནོར་དང་དག་ནོར་ཀྱི་བཙའ་སད་ཐན་གསུམ་མི་མངོན་དབྱིངས་སུ་སྤྲོད་པའི་ཉེར་བསྡོགས་བཞི་པ་རེད་སྙམ་ཏེ། ནོར་བ་མཁས་པ་ལའང་འབྱུང་སྲིད་ཅིང་འགྲིག་པ་བླུན་པོ་ལའང་ཡོད་ཆོག་པ་དངོས་པོའི་གཤིས་ལུགས་ཡིན་པས། མཁས་པས་མཛད་པའི་དག་ཡིག་ཡིན་ན་དཔྱད་མི་དགོས་པར་མཐའ་གཅིག་ཏུ་ཟ་ཆོག་ལག་ཏུ་ལེན་རྐྱང་ཡིན་པ་ཞིག་འཇིག་རྟེན་ན་དཀོན་པའི་ཕྱིར་རོ། །

བརྡ་སྤྲོད་ཀྱི་གཞུང་ལུགས་མང་དུ་ཐོས་ཀྱང་ལག་ལེན་ལ་མི་འགེལ་བར་ཤར་ནུབ་གཉིས་ཀྱི་རི་བོ་ལྟར་ཕན་ཚུན་རྒྱང་ཆད་དུ་འཛིན་པ་ནི། སྨན་རྐྱལ་ལག་ཏུ་ཐོགས་ནས་སྨན་ཁོང་དུ་གཏོང་མི་ཤེས་པའི་ནད་པ་མགོ་འཁོར་དང་འདྲ་བར་རང་ཉིད་ཀྱི་འབྲི་རྩལ་ལ་ཕན་ཐོགས་སྐབས་གཞི་ནས་ཡོད་མི་སྲིད་པས་ན། ལག་མི་དལ་སྨྱུ་གུ་འཛིན་རྒྱུ་དང་མིག་མི་དལ་དཔེ་ཀློག་བྱ་རྒྱུ་གཉིས་ཀྱི་རྩོལ་བ་རྒྱུན་ཆགས་སུ་བསྟེན་རྒྱུ་ནི། བརྡ་ནོར་དང་དག་ནོར་ཀྱི་བཙའ་སད་ཐན་གསུམ་མི་མངོན་དབྱིངས་སུ་སྤྲོད་པའི་ཉེར་བསྡོགས་ལྔ་པ་རེད་སྙམ་སྟེ། སྨྱུག་འཛིན་པ་ལས་དང་པོ་བ་སུ་ཞིག་ཡིན་ཀྱང་། སྔ་རབས་མཁས་པའི་གཞུང་ཚད་མ་དག་གི་འབྲུ་ཞིབ་ཏུ་གཉེར་ནས་དེ་དག་གི་གསུང་ངག་དངོས་གཙང་འཁྲུལ་ཟད་ཉི་མའི་རྗེས་འགྲོ་དག་ལ་མིག་ལྟོས་ཡར་འགྲན་བྱས་པས། གཟོད་ཡ་རུར་སླེབས་ནས་མཛོ་འགྲོས་རྒྱག་པ་དང་སྐྱ་ལམ་ཆོད་ནས་མཆོང་རྒྱུག་བྱ་བའི་ལམ་གྱི་རིམ་པ་དེ་ཉིད་མངོན་དུ་བྱེད་སྐབས་ཡོད་པའི་ཕྱིར་རོ། །

དེ་སྐད་དུ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། །དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །སྐྱེས་སྦྱངས་རིག་རྩལ་ལྷ་ཡི་ལུང་འདྲ་བས། །རྩོམ་སྒྱུར་པདྨོའི་དགའ་ཚལ་འཕེལ་གྱུར་ཅིག །གསུངས་པ་ལྟར་བརྡ་སྤྲོད་ཕྱོགས་ནས་དངོས་གཙང་འཁྲུལ་ཟད་ཀྱི་མིག་ལྟོས་འཁྲུལ་མེད་དུ་གཟུང་ཆོག་པའི་གསུང་ངག་ལ། བོད་རྒན་པོའི་ངག་རིག<<ཧོར་གླིང་གཡུལ་འགྱེད>>ཀྱིས་གཙོས་པའི་གླིང་སྒྲུང་ཁག་ཅིག་དང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། ས་སྐྱ་པཎྜི་ཏ། མཚོ་སྣ་བ་ཤེས་རབ་བཟང་པོ། རུས་པའི་རྒྱན་ཅན། རྗེ་ཙོང་ཁ་བ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། ཞང་ཞུང་ཆོས་དབང་གྲགས་པ། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། རིག་འཛིན་འཇིགས་མེད་གླིང་པ། རྡོ་གྲུབ་འཇིགས་མེད་འཕྲིན་ལས་འོད་ཟེར། རྫ་དཔལ་སྤྲུལ། གུང་ཐང་བསྟན་པའི་སྒྲོན་མེ། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། དགེ་འདུན་ཆོས་འཕེལ། རྗེ་འཇིགས་མེད་རིག་པའི་བློ་གྲོས་སོགས་ཀྱི་ལྗགས་རྩོམ་རྙོག་བྲལ་འཁྲུལ་ཟད་གངྒའི་རྒྱུན་ལྟར་འབབ་པ་རྣམས་འདུག་སྙམ་ཞིང་། བྱེ་བྲག་ཏུ་དེང་སྐབས་དགོས་བྱེད་ཆེ་རིགས་སུ་གྱུར་པའི་སྒྲུང་གཏམ་དང་ལྷུག་རྩོམ་ལྟ་བུའི་ངག་གི་མིག་ལྟོས་ལ། དཔལ་དོན་གྲུབ་རྒྱལ་ཀྱི་སྒྲུང་གཏམ་གྱི་ཚིག་གི་སྦྱོར་ལུགས་ཆོལ་གསུམ་སྒེར་ལ་མ་སྦྱར་བོད་སྒང་པ་ཐུན་མོང་གི་སྐད་འགྲོས་ལ་སྦྱར་ནས་དོན་གྱི་གནད་སྟོན་ལུགས་ཤིག་ཡོད་པ་དེ་ཉིད་བསླབ་པ་ལེན་པའི་རྟེན་དུ་བྱ་འོས་སྙམ་པ་བཅས། ཁ་བ་རི་པའི་བརྡའི་སྦྱོར་ལུགས་ཕྱོགས་ལ་གོ་ལོ་དང་ཐོས་ལོ་ཅུང་ཟད་རེ་ཡོད་པ་ཤིང་བཟང་པགས་པའི་འོག་ནས་རུལ་མ་བཅུག་པར་ཁྱེད་ཅག་ལ་བགྲོ་གླེང་དྲི་སྡུར་གྱི་རྟེན་དུ་ཕུལ་བ་ལགས་མོད། འགལ་འཁྲུལ་ནོངས་གསུམ་གྱིས་བདག་ཏུ་མ་བཟུང་པའི་ངེས་པ་གཅིག་ཀྱང་མེད་གཤིས། ཡོ་འཁྱོག་འདུག་ན་དྲང་པོར་བསྲང་རྒྱུ་དང་། སྒང་གཞོང་འདུག་ན་ཁོད་ལ་སྙོམ་རྒྱུ་ཅི་ནས་ཀྱང་མི་བརྗེད་པ་གལ་ཆེ་ཞེས། ནུབ་རྩིས་ཀྱི་༢༠༡༧ལོའི་ཟླ་བ༡༡པའི་ཚེས༢༥ལ་འགྱན་སངས་ཀྱིས་སྤྲིངས་སོ། །

 

མཆན།

༡ <<རིག་འཛིན་འཇིགས་མེད་གླིང་པའི་གཏམ་ཚོགས>> བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི༡༩༩༡ལོའི་པར་གྱི་ཤོག་ངོས༡༩༢པ་ལས་དྲངས།
༢ <<རིག་འཛིན་འཇིགས་མེད་གླིང་པའི་གཏམ་ཚོགས>> བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི༡༩༩༡ལོའི་པར་གྱི་ཤོག་ངོས༡༩༣པ་ལས་དྲངས།
༣ འཇང་བཀའ་འགྱུར་གློག་རྡུལ་མའི་པོད་ང་པའི་ཤོག་ངོས༡༤༩པ་ན་གསལ།
༤ འཇང་བཀའ་འགྱུར་གློག་རྡུལ་མའི་པོད་ཆ་པའི་ཤོག་ངོས༢༢༣པ་ན་གསལ།
༥ <<རིག་འཛིན་འཇིགས་མེད་གླིང་པའི་གཏམ་ཚོགས>> བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི༡༩༩༡ ལོའི་པར་གྱི་ཤོག་ངོས༡༩༢པ་ལས་དྲངས།
༦ ཇོ་ནང་ཏཱ་ར་ན་ཐའི<<རྒྱ་གར་ཆོས་འབྱུང>>སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི༡༩༩༠ལོའི་པར་གྱི་ཤོག་ངོས༡༠༩པ་ལས་དྲངས།
༧ <<རྡོ་སྦིས་དགེ་བཤེས་ཀྱི་གསུང་རྩོམ>>པོད་གསུམ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི༡༩༨༤ལོའི་པར་གྱི་ཤོག་ངོས༤༥༤པ་ལས་དྲངས།

广告位招租