རྫིང་ཕྱིའི་གཙུག་ལག་ཁང་གི་རྗེ་བླ་མའི་འདྲ་སྐུ།

ཉིས་སྟོང་བཅུ་བདུན་ལོའི་སྤྱི་ཟླ་བཅུ་པའི་ཚེས་སུམ་ཅུ་པའི་ཐོ་རངས་ཀྱི་ཆར། བྱམས་ལྡན་མ་རྒན་གྱིས་གཙོས་ངེད་ཅག་མཆོད་མཇལ་བ་སྐོར་ཞིག་ལྷ་སའི་ཁྲོམ་གཟིགས་སྒང་གི་འདབས་ནས་ཡུལ་འོལ་ཁའི་ཕྱོགས་སུ་ཆས་པ་ཡིན། ཁ་སང་དེ་རིང་འདིར་བོད་ཟླ་དགུ་པའི་ཟླ་དཀྱིལ་དུ་སླེབས་པས་ཡིན་ནམ། གང་ལྟར་གནམ་གཤིས་དང་ཁོར་ཡུག་ཡོངས་སུ་འཁྱག་བསིལ་བསིལ་གྱི་ཚོར་བ་ཞིག་ངང་གིས་སླེབས་ཡོང་བས་ངེད་ཅག་མཇལ་སྐོར་པ་ཚང་མ་རླངས་འཁོར་ཆུང་ཆུང་འདིའི་ནང་ནས་གྲང་ཤུར་ཤུར་གྱི་ངང་བསྐྱོད་དེ་ནམ་གསལ་མ་ཐག་ཏུ་ལྷོ་ཁ་ཟངས་རི་རྫོང་ཁོངས་འོལ་ཁའི་ཕྱོགས་ཀྱི་རྫིང་ཕྱི་དགོན་དྲུང་དུ་སླེབས་བྱུང་། རྫིང་ཕྱི་དགོན་པའི་མདུན་ཐད་ཀྱི་ཁོར་ཡུག་ན་ཞིག་རལ་དུ་གྱུར་བའི་རྩིག་ཤུལ་འགྱེལ་མ་ལང་ཞིག་ཡོད་པ་བརྒྱུད་དེ་ཕྱིན་ན་དགོན་ཆུང་སྙིང་རྗེ་བོ་ཞིག་མཇལ་ཐུབ། གཙུག་ལག་ཁང་དེའི་དབུས་ན་བཞེངས་སྟབས་སུ་བཞུགས་པའི་རྒྱལ་བ་བྱམས་པ་གཙོ་འཁོར་གསུམ་པ་ཞིག་ཡོད་ལ། དེའི་རྒྱབ་ཏུ་རྗེ་བླ་མ་ཙོང་ཁ་པའི་སྐུ་འདྲ་མི་ཚད་ལས་འཕགས་པ་བརྗིད་ཆགས་གསོན་ཉམས་མངོན་པ་ཞིག་མཐོང་ཐུབ་པས། དད་ཞེན་བསྲན་མི་ཚུགས་པ་ཞིག་གིས་བསྐུལ་ཏེ་ཞིབ་ཀྱིས་མཇལ་ཞིང་། ད་དུང་ཕལ་ཆེར་མཛུབ་རྗེས་ཆ་ཚང་ཡོངས་སུ་མངོན་པའི་རྡོའི་ཟན་ཆངས་ལྟ་བུ་ཞིག་ཀྱང་དཀོར་གཉེར་གྱིས་བདག་གི་ལག་ཏུ་བཞག་སྟེ། རྗེ་བླ་མ་དང་འབྲེལ་བའི་སྒྲུང་ཡག་པོ་ཞིག་བཤད་སོང་བས་ངེད་ཅག་མཇལ་བ་ཚང་མའི་མགོ་ལ་བཞག་པ་ཡིན། དེ་རིང་གནམ་གཤིས་བསིལ་ལ་སྔོ་བསངས་ཀྱི་ནམ་མཁར་སྤྲིན་དཀར་འཕྱུར་བས་ནམ་རྒྱུན་དང་མི་མཚུངས་པའི་སྤྲོ་སྣང་ཞིག་ཀྱང་རང་དབང་མེད་པར་བྱིན་སོང་བས་མཆོད་མཇལ་ལྟ་སྐོར་ལ་རིན་ཐང་ཡོད་པ་ལྟ་བུའི་ཚོར་བ་བྱུང་།

སྤྱིར་རྫིང་ཕྱི་དགོན་པའི་གཙུག་ལག་ཁང་འདིར་སྔོན་ཆད་བསྟན་པ་ཕྱི་དར་གྱི་སྐབས་སུ་གར་མི་ཡོན་ཏན་གཡུང་དྲུང་གིས་བཞེངས་པའི་རྒྱལ་བ་བྱམས་པའི་སྐུ་གཟུགས་མི་ཚད་ལས་འདས་པ་ཞིག་ཡོད་པ་ཕྱིས་སུ་དུས་ཀྱི་རྒུད་པས་ཞིག་རལ་དུ་གྱུར་པའི་སྐབས་ཏེ། རྗེ་ཙོང་ཁ་པ་དགུང་ལོ་སོ་བརྒྱད་པར་གཙུག་ལག་ཁང་འདིར་དངོས་སུ་ཕེབས་ནས་བྱམས་སྐུ་མཐོང་བ་དོན་ལྡན་གང་ཉིད་འོ་བརྒྱལ་གྱི་གནས་སུ་ལྷུང་ཞིང་། བདག་དམ་ལེགས་པོ་མ་བྱུང་བ་སོགས་ཀྱི་དབང་གིས་བྱ་བྲུན་དང་ཐལ་རྡུལ་གྱིས་མནན་པ་དང་། རྩིག་ལྡེབས་ཀྱི་ལྷ་རིས་རྣམས་ཀྱང་ཉམས་ཤིང་གོག་པ་སོགས་གཟིགས་ཏེ་ཐུགས་ཀྱིས་མ་བཟོད་པར་སྤྱན་ཆབ་བསིལ་བ་གནང་ཞིང་ཞིག་གསོ་མཛད་པར་དགོངས་པའི་ཁར། རྗེ་བཙུན་གྱིས་གསུང་བསྐུལ་ཀྱང་མཛད་པར་བརྟེན་ནས་འོལ་ཁ་སྟག་རྩེ་བར་ཞལ་ཏ་གནང་སྟེ། གཙུག་ལག་ཁང་གི་རྩིག་པ་དང་ཐོག་ཁེབས། ཞལ་བ་སོགས་འཆོས་དགོས་པ་རྣམས་ལེགས་པར་བསྒྲུབས་ཤིང་། ལྷ་རིས་རྣམས་རི་མོ་བ་རྣམས་ལ་རྗེ་རང་ཉིད་ནས་ཆ་རྐྱེན་བསྐྲུན་ཏེ་ཞལ་བཀོད་གནང་ནས་བསྒྲུབ་དགོས་པར་བརྩམས་པའི་ཚེ། དཔོན་སློབ་བཅུ་གཉིས་ཡོད་པའི་ཕྱག་རྫས་ཅི་ཡོད་རིན་དུ་བཏབ་ཚེ་ཞོ་བཅུ་གཉིས་ལས་མི་འདུག་པས་ཇི་ལྟར་སྒྲུབ་པའི་ཐབས་མ་བྱུང་བས། རྣམ་སྲས་ལ་མར་གཏོར་ཕུལ་ཏེ་འཕྲིན་བཅོལ་ཞིག་བསྒྲུབས་པའི་རྐྱེན་གྱིས། སང་ཉིན་དེ་ག་རང་ལ་མར་ཐུད་དང་འབུལ་བ་མང་པོ་རིམ་པ་བཞིན་ཕུལ་བས་ཡོ་བྱད་ཀྱིས་ལག་མ་ཐོགས་པ་བྱུང་ཞེས་རྣམ་ཐར་དུ་གསལ་ཞིང་། གཞན་ཡར་ལུང་ཕྱོགས་ནས་ཀྱང་ཚོན་རྩི་ཁྱེར་ནས་འོང་བའི་ལྷ་བཟོ་མཁན་གྱི་རི་མོའི་དང་བླངས་པ་མང་དུ་བྱུང་བར་བརྟེན། བླ་མ་ཙོང་ཁ་པས་ལྷ་བཟོ་དང་ལས་བཟོ་བ་རྣམས་ལ་དགེ་བའི་ཕན་ཡོན་སོགས་གསུངས་ནས་བསྙེན་གནས་དང་གསོ་སྦྱོང་གི་སྡོམ་པ་གནང་སྟེ། ཚང་མས་ཐ་མལ་བའི་ངག་ཀྱལ་སོགས་སྤངས་ནས་ལས་ཀུན་སྒྲུབ་པར་ངང་གིས་གཞོལ། ཐོག་མར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞིང་བཀོད་འབྲི་བའི་སྐྱ་རིས་བཏབ་ཚར་བ་ལ་རབ་གནས་ཤིག་མཛད་པས། རྗེ་བཙུན་གྱི་སྐུ་དངོས་སུ་བྱོན་ཏེ་ཐིམ་སོང་བའི་གཟིགས་སྣང་བྱུང་། དེ་ནུབ་མར་མེ་ཀོང་ཆུང་ཞིག་སྦར་བ་སང་ཉིན་ཕྱེད་བར་དུ་མ་ཟད་པར་འབར་བ་དང་། དེ་ནས་བཟུང་སྟེ་ལྷ་རྣམས་ཀྱི་ཞིང་བཀོད་བྲིས་ཚར་རིམ་བཞིན་མར་མེ་རེ་རེ་སྦར་བ་མཚན་མ་ཟིན་པ་གཅིག་ཀྱང་མ་བྱུང་བར་འདུག ཡང་བཤགས་ལྷ་སོ་ལྔའི་སྐུ་གཟུགས་རྣམས་འབྲི་བར་བརྩམས་པ་ན། སྐུ་མདོག་དང་ཕྱག་རྒྱ་སོགས་ཇི་ལྟར་འབྲི་བ་མ་ཤེས་པར་རྗེ་བླ་མའི་དྲུང་དུ་ཞུས་པས། དེའི་ཚེ་གསོལ་བ་བཏབ་པས་ཇི་ལྟར་འབྲི་བའི་གོ་རིམ་དང་མཐུན་པར་སངས་རྒྱས་སུམ་ཅུ་རྩ་ལྔའི་སྐུ་རྣམས་རིམ་པ་ལྟར་གཟིགས་པའི་གཟིགས་སྣང་བཞིན་དུ་ཞལ་བཀོད་གནང་ནས་འབྲིར་བཅུག་པ་དང་། རྟེན་གྱི་གཙོ་བོ་བྱམས་པའི་སྐུ་ལ་རྡུལ་དང་དྲི་མས་གོས་པ་རྣམས་ལེགས་པར་བསལ་ཞིང་ཕྱིས་ཏེ་གསེར་གསོལ་བ་སོགས་ཀྱིས་གསར་དུ་བཞེངས་པ་ལྟར་མཛད།

དེ་ལྟར་རི་མོ་རྣམས་ལེགས་པར་གྲུབ་ནས་འཇམ་དཔལ་གསང་ལྡན་གྱི་དཀྱིལ་འཁོར་བཞེངས་ཏེ་རྗེ་རང་ཉིད་ནས་རབ་གནས་རྒྱས་པ་མཛད་ཅིང་། དེའི་ཚེ་སྐལ་ལྡན་གྱི་སློབ་མ་བཅུ་ལྷག་ཅིག་ལ་འཇམ་དཔལ་གསང་ལྡན་གྱི་དབང་ཡང་གནང་ལ་རབ་གནས་ཆོས་སྟོན་གྱི་སྐབས་སུ་གདན་ས་ཕན་ཚུན་གྱི་མདོ་སྨད་པ་སོགས་ཀྱིས། གོས་དར་སོགས་ཀྱི་འབུལ་བ་མང་དུ་བྱུང་བས་རྟེན་འབུར་དུ་དོད་པ་རྣམས་ཀྱི་ན་བཟའ་དང་། ལོགས་བྲིས་ཐམས་ཅད་ལ་ཞལ་ཁེབས་དང་བཅས་པ་ལེགས་པར་གྲུབ་པའི་ལོ་རྒྱུས་སོགས་ཡོད། དེ་ནས་མཆོད་མཇལ་གྲུབ་མཚམས་ལམ་ཆས་ཀྱིས་རྗེ་བླ་མ་ཙོང་ཁ་པ་དགུང་གྲངས་སོ་དྲུག་པའི་དགུན་དུས་སུ་དབུས་པ་བཞི་དང་མདོ་སྨད་པ་བཞི་སྟེ་འཁོར་དག་པ་རྣམ་བརྒྱད་ཀྱིས་བསྐོར་བའི་དཔོན་སློབ་འཁོར་དང་བཅས་པ་བྱ་བྲལ་ལ་འབྱོན་པར་དགོངས་ཏེ་དབུས་ཀྱི་སྐྱོར་མོ་ལུང་ནས་ཕྱགས་བཏེགས་ཤིང་། གཙང་པོར་ཀོ་གྲུ་བརྒྱབ་ནས་སྲིད་པའི་ལྷ་ཆེན་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་འོལ་ཁའི་ཕྱོགས་སུ་བྱོན་པའི་གནས་མཆོག་ཏུ་གྱུར་པ་བྱིན་རླབས་ཅན་གང་དེའི་དབེན་ཁྲོད་ཀུན་ཏུ། ཞོགས་ཉི་སེར་པོའི་གཟི་འོད་ལྷམ་མེར་འཛུམ་པའི་སྐབས་སུ་འབྱོར་བྱུང་། སྐབས་དེར་གནམ་གཤིས་ཀྱང་ཧ་ཅང་འཁྱགས་མོད། དྲོད་འཇམ་གྱི་སྣང་བ་ཞིག་འགོག་མེད་དུ་སྟེར་བར་བྱེད་ཅིང་། ཁོར་ཡུག་ཀུན་ཏུ་སྟོན་ཉམས་དང་འདྲེས་པའི་ལྗོན་ཚལ་མེ་ཏོག་གི་ཕྲེང་བ་མཛེས་པར་མངོན་པས་དགའ་ཡལ་ལེ་བ་ཞིག་རེད་འདུག འོལ་ཁ་ཆོས་ལུང་གི་དབེན་ཁྲོད་ཀྱི་རི་ངོས་ཀུན་ཏུ་འཁོར་དག་པ་རྣམ་བརྒྱད་ཀྱི་སྒྲུབ་ཕུག་རེད་ཟེར་བའི་ཁང་མིག་སེམས་ལ་ལྷུང་བ་རེ་ཟུང་ནགས་ཚོམ་གྱི་གསེབ་ནས་རེས་མངོན་རེས་ཡིབ་ཀྱི་ཚུལ་དུ་མངོན་ཞིང་། སྒྲུབ་ཁང་དང་གཙུག་ལག་ཁང་དག་གིས་མངོན་པར་ཁེངས་པའི་དགོན་འདབས་ཀྱི་ལུང་གཞུང་དུ་རྫ་ཆུ་དྭངས་ཤིང་གཙང་བ་འགྲམ་དར་སྲབ་བུས་མཛེས་པ་ཞིག་ལྷུང་ལྷུང་དུ་འབབ་ཀྱིན་འདུག ངེད་ཅག་མཆོད་མཇལ་བ་རྣམས་ཆོས་བཟང་དགོན་པའི་ལྷ་གཉེར་ཡིན་ཟེར་བའི་རྒས་པོ་དང་ཐོག་ན་བཟའ་སེར་ཆས་སྤྲས་ཤིང་རྗེས་སུ་སྐྱ་ཆས་བརྒྱབ་སྟེ་གྲོང་གསེབ་ཏུ་བསྐྱོད་འགྲོ་བ་ཞིག་གིས་སྣེ་ཁྲིད་དེ་དགོན་པའི་ཕྱི་ནང་ཀུན་ཏུ་ཞིབ་པར་མཇལ་བ་ཡིན། རྒན་པོ་དེས་ནི་རྗེ་བླ་མ་ཙོང་ཁ་པ་གནས་འདིར་ལོ་བརྒྱད་རིང་སྒྲུབ་སྦྱོང་ལ་འབད་དེ་བཞུགས་པ་ཡིན་ཟེར་ལ། རྣམ་ཐར་སོ་སོའི་འགངས་དང་བསྟུན་ནའང་བྱ་བྲལ་ལ་བྱོན་པ་ནས་འོལ་ཁ་དང་ལྷོ་བྲག་ཕྱོགས་སུ་བྱོན་བཞུགས་མཛད་པ་རྣམས་དཀྱུས་གཅིག་ཏུ་བསྒྲིལ་ན་དགུང་གྲངས་སོ་དྲུག་ནས་ཞེ་བཞིའི་བར་དུ་བཞུགས་པར་མངོན།

འོལ་ཁ་ཆོས་ལུང་གི་གཙུག་ལག་ཁང་།

དབེན་གནས་འདིར་འོལ་ཁ་བ་ཡབ་སྲས་རྣམས་ཀྱིས་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས་པར་བརྟེན། ཐོག་མར་བསགས་སྦྱངས་གནད་ཆེ་བར་དགོངས་ཏེ་སྐུ་འཁོར་ཐམས་ཅད་ཀྱིས་སྟོབས་བཞི་ཚང་བའི་བསགས་སྦྱངས་ལ་ཤིན་ཏུ་འགྲུས་པར་མཛད་ལ། རྗེ་ཉིད་ནས་ལྟུང་བཤགས་བརྒྱ་ཕྱག་དང་སྦྲེལ་ནས་མཛད་རེས་སངས་རྒྱས་སུམ་ཅུ་རྩ་ལྔའི་སྐུའི་སྣང་བ་དངོས་སུ་གཟིགས་པ་ནར་མར་བྱུང་བ་དང་། རྗེ་བཙུན་བྱམས་པ་མགོན་པོ་དང་སངས་རྒྱས་སྨན་བླ། སངས་རྒྱས་ཚེ་དཔག་མེད་སོགས་ཀྱི་གཟིགས་སྣང་ཡང་མང་དུ་བྱུང་། དེ་ལྟར་ཕྱག་སོར་གྱི་རྩེ་མོ་རྣམས་སེར་གར་སོང་གི་བར་དུ་མཎྡལ་འབུལ་བ་སོགས་ལ་དཔག་པར་དཀའ་བའི་བརྩོན་པ་དྲག་པོ་མཛད་པ་དང་། སངས་རྒྱས་ཕལ་བོ་ཆེ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་སྟོན་པའི་མདོ་སྡེ་རྣམས་ལ་གཟིགས་རྟོག་ཞིབ་པར་མཛད་དེ། མདོ་སྡེ་ནས་འབྱུང་བའི་རྒྱལ་སྲས་ཀྱི་སྙིང་སྟོབས་དང་སྤྱོད་པ་གང་རླབས་ཆེ་ཆེ་རྣམས་ལ་རེ་རེ་ནས་དམིགས་ཕིགས་པའི་ཐུགས་སྦྱོང་ནར་མར་བརྟེན་པས། དང་པོ་ཅུང་དཀའ་ཙམ་བྱུང་ཡང་ཕྱིས་སུ་ལེགས་པར་གོམས་པས་འབད་རྩོལ་མི་དགོས་པར་རང་ཤུགས་ཀྱིས་བྱ་དཀའ་ལ་གྲངས་མང་བའི་རྒྱལ་སྲས་ཀྱི་སྤྱོད་པར་ཞུམ་པ་ནམ་ཡང་མི་སྐྱེ་ཞིང་། སྤྲོ་ཤུགས་དྲག་པོས་ངང་གིས་འཇུག་པ་ཞིག་བྱུང་ཞེས་རྣམ་ཐར་དག་ཏུ་གསལ།

དབེན་གནས་འོལ་ཁ་ཆོས་ལུང་།

ངེད་ཅག་ནས་ཀྱང་རྗེ་བླ་མས་བདེ་གཤེགས་ཀྱི་ལྷ་སོ་ལྔར་ཕྱག་འབུམ་སོ་ལྔ་ཕུལ་བའི་གནས་བྱིན་རླབས་ཅན་དེ་ག་རང་དུ་ཕྱག་འཚལ་ཏེ་སྐྱབས་འཇུག་ཞུས་ཤིང་། ཁོ་བོས་ཀྱང་བརྐྱངས་ཕྱག་བརྒྱ་ཚར་གཅིག་ཨུ་ཚུགས་མཐར་སྐྱེལ་གྱིས་ཕུལ་ཏེ། རྗེ་བླ་མའི་རྣམ་ཐར་ཡང་དག་པར་དྲན་པར་བྱས་ཤིང་བསྔོ་སྨོན་སྐྱབས་འཇུག་རྣལ་མར་ཞུས་པ་ཡིན་ལ། རིམ་གྱིས་ཁོར་ཡུག་རི་ངོགས་ཀྱི་ནགས་ཚོམ་དང་ལྕང་གསེབ་ན་མངོན་པའི་རྗེ་བླ་མ་དང་རྟོགས་ལྡན་འཇམ་དཔལ་བ་སོགས་ཀྱི་ཆོས་ཁྲི་དང་སྒྲུབ་ཕུག་དག་ཏུ་མཇལ་ཞིང་ཕྱོགས་སོ་སོར་རྒྱང་མཇལ་བླངས་པ་ཡིན། ཉིན་རྒྱབ་སྣེ་ཤན་སེར་གཟུགས་རྒན་པོས་ཁྲིད་དེ་ཆོས་བཟང་དགོན་ཞེས་པ་རྗེ་བླ་མ་ཙོང་ཁ་པ་སྐུ་དངོས་ཀྱིས་ཚ་ཚ་འབུམ་ཕྲག་བཏབ་པའི་གནས་བྱིན་ཅན་དེར་མཇལ་རྗེས་གང་མགྱོགས་ངང་འོལ་ཁའི་ཆུ་ཚན་གྱི་ཕྱོགས་སུ་ཆས་པ་ཡིན། ལམ་བར་ནས་ཕྱི་མིག་འཕངས་ན་འོལ་ཁ་ཆོས་ཀྱི་ལུང་བའི་ཕུ་མགོའི་རྫ་རྒྱབ་ཀྱི་གསེབ་ནས་མངོན་ཞིང་རྩེ་མོ་ཁ་དཀར་གྱི་ན་བཟས་མཛེས་པར་ཀླུབས་པའི་སྲིད་པའི་གངས་རྒན་འོ་དེ་གུང་རྒྱལ་གྱི་ལྷ་ཞལ་ཀྱི་བརྩེ་བ་དངོས་སུ་མཇལ་བྱུང་བས། གློ་བུར་དུ་རྒྱང་རིང་རྒྱང་རིང་ན་བཞུགས་པའི་བདག་གི་འདྲེན་པ་ཆོས་ཀྱི་རྒྱལ་པོ་གང་ཉིད་སེམས་སུ་ལྷུང་བས་སྐྱོ་དུང་ངེ་བ་ཞིག་བྱུང་།

2017 10 30 ཉིན་ལྷ་སར་བྲིས།
2017 12 12 རྒོངས་ཀར་རེབ་གོང་དུ་བཅོས།