དང་པོ།

སྤྱི་ལོ ༢༠༡༧ ལོའི་ཟླ ༧ པའི་ཚེས ༣༠ ཉིན་ང་རང་ཆེད་དུ་མདོ་སྨད་གཡེར་མོ་ཐང་གི་ལྟེ་བ་བཀའ་མ་ལོག་གི་ས་ཆའམ་གཞོང་ཐང་རྫོང་དུ་ཕྱིན་ཏེ། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཞལ་ཐང་གསུང་འབྱོན་མ་བཞུགས་སའི་བྱང་བླ་མ་ཆོས་ཀྱི་རྒྱལ་པོའི་གདན་ས་ཁྭ་ཏི་ཁའི་དགོན་པར་མཇལ།གཞོང་ཐང་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཅུ་ཡི་བཀའ་དྲིན་དང་རོགས་རམ་ལ་བརྟེན་ནས་ཁྭ་ཏི་ཁའི་དགོན་པ་དོ་དམ་ཨུ་ཡོན་ལྷན་གིས་ཁོ་བོར་གཟིགས་བཟོས་དང་སྣེ་ལེན་གཟབ་རྒྱས་གནང་བ་མ་ཟད། དགོན་པ་མཚམས་སྦྱོར་དང་ཞལ་ཐང་གསུང་འབྱོན་མར་མཇལ་བའི་གོ་སྐབས་ཀྱང་ལེགས་པར་བསྩལ། དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འཇིགས་མེད་བཟོད་པས་མཚམས་སྦྱོར་གནང་བ་ལྟར་ན“ཁྭ་ཏིའི་ཁ་བ་ཟེར་བའི་དགོན་པ་འདི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་གསུམ་གྱི་སྐབས་ལ་ཐོག་མར་བཏབ་པ་དང་། དེའི་རྗེས་སུ་མེན་རྒྱལ་རབས་ཀྱི་སྐབས་སུ་ཡང་རྗེ་རིན་པོ་ཆེའི་དངོས་སློབ་བྱང་བླ་མ་ཆོས་ཀྱི་རྒྱལ་པོས་གནས་སྤོར་རྒྱ་བསྐྱེད་བཏང་བ་རེད། དེ་ནི་ད་ལྟའི་བཀའ་མ་ལོག་གི་ས་ཆ་འདིར་ནང་བ་སངས་རྒྱས་ཀྱི་བསྟན་པ་ཐོག་མར་བྱུང་བའི་བཤད་སྲོལ་ཡོད་ལ། ཕག་གྲུ་སྲིད་དབང་གི་སྐབས་སུ་བཀའ་མ་ལོག་རྫོང་དུ་མངའ་བའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའི་དགོན་ཆེན་གསུམ་སྟེ་མཛོ་མོ་མཁར་དང་། ལིན་གཙང་དགོན། ཁྭ་ཏའི་ཁའི་དགོན་གྱི་ཡ་གྱལ་ཡིན། ”ཟེར།

གཙང་པ་རྒྱལ་པོའི་སྐབས་ཀྱི་རྒྱའི་ཡིག་ཚང་དུ་ཅིན་ཉིན་ཟི་ཞེས་བཀོད་འདུག་ལ། ཁྭ་ཏའི་ཁའི་དགོན་པ་ཞེས་པའི་མིང་གི་ཐོགས་ཚུལ་ཐད་བོད་ཡིག་གི་ལོ་རྒྱུས་ཡིག་ཚང་དུ་འདི་ལྟར་བཀོད་འདུག་པ་སྟེ། བྱང་བླ་མ་ཆོས་ཀྱི་རྒྱལ་པོས་ལྷ་སའི་ཡུལ་ནས་ཇོ་བོ་ཤཱཀྱ་མུ་ནེའི་ལྷ་སྐུ་ཞིག་གདན་དྲངས་ཏེ་གནས་འདརི་དགོན་པ་ཞིག་བཏབ་ཅིང་། ཉིན་ཞིག་ལ་ཕྱི་རོལ་གྱི་ཁ་བའི་ཁྲོད་བྱིས་པའི་རྐང་རྗེས་གསར་བ་ཞིག་འདུག་པ་མཐོང་ནས་རྐང་རྗེས་དེད་སོང་བ་ན། ཙན་དན་གྱི་སྡོང་བོ་ཞིག་དང་འཕྲད། དེའི་རྩེ་མོ་རུ་བྱ་ཁཱ་ཏ་ཞིག་གིས་མགྲིན་དབྱངས་སྒྲོག་བཞིན་ཁ་ནས་གསེར་སྐུད་ལྟ་བུའི་མཆུ་མ་འཛར་པ་དང་། དེའི་སྟེང་དུ་ཉི་འོད་འཕྲོས་ཕྱོགས་ཤིག་གིས་འཇའ་ཤར་བ་ལྟ་བུའི་འོད་མདངས་བཀྲ་ཞིང་རྒྱལ་མཚན་གྱི་དབྱིབས་ལྟར་ཆགས་པའི་དགེ་མཚན་ཁྱད་དུ་འཕགས་པ་ཞིག་ཏུ་མཐོང་ནས། གནས་འདི་ནི་གནས་མཆོག་ཏུ་གྱུར་བ་ཞིག་རེད་སྙམ་སྟེ་དགོན་ཆེན་ངོ་མཚར་པ་ཞིག་བཞེངས་པ་དང་། མིང་དུ་ཁྭ་ཏའི་ཁའི་དགོན་ཞེས་གསོལ་བ་རེད།

དགོན་སྡེ་འདིའི་མཁར་གྱང་གི་ཤར་ནུབ་ཀྱི་རིང་ཚད་ལ་རྨིད ༡༦༠ དང་། ལྷོ་བྱང་གི་རིང་ཚད་ལ་རྨིད ༡༨༥ ཡོད། མཁར་གྱང་གི་མཐོ་ཚད་ལ་རྨིད ༡༡–༡༥ བར་དང་ཞེང་ཚད་ལ་རྨིད ༥–༧ བར་ཡོད། དར་རྒྱས་ཆེ་བའི་དུས་སུ་ས་ཁྱོན་ལ་མུའུ༦༠ལྷག་དང་། ལྷ་ཁང་ཆེ་ཆུང༡༣། དགེ་འདུན་པ་མང་པའི་དུས་སུ་ལ་ལས ༡༠༠༠ ལ་ཉེ་ཟེར་ལ། ལ་ལས ༣༠༠ ཙམ་ལས་མེད་དོ་ཟེར། དགོན་ལག་ལ་ད་ལྟའི་བཀའ་མ་ལོག་རྫོང་གི་མདོ་བ་དགོན་དགའ་ལྡན་ཆོས་འཁོར་གླིང་དང་། ནོར་བ་དགོན་བཀྲ་ཤིས་བསམ་གཏན་གླིང་། བ་ཡན་རྫོང་ཐ་ཀྱ་དགོན་བཀྲ་ཤིས་བསམ་གཏན་གླིང་སོགས་དགོན་སྡེ་དྲུག་འདུས། ཆིན་རྒྱལ་རབས་ཀྱི་ཐུན་ཀྲིའི་ཁྲི་ལོ་དང་པོ་སྟེ། སྤྱི་ལོ ༡༨༦༢ ལོར་ཧེའུ་འཁྲུག་ཆེན་པོ་བྱུང་བའི་སྐབས་སུ་བོད་ཀྱི་ལོ་རྒྱུས་སྟེང་ཆོས་རྒྱུན་ཅུང་རིང་པའི་དགོན་སྡེ་ཁག་ཅིག་ལ་གཏོར་བཤིག་ཐེབས་ཤིང་། དུས་དེར་ཁྭ་ཏི་ཁ་བའི་དགོན་པའང་མེར་བསྲེགས། རྗེས་སུ་དགོན་བདག་ཞིན་གྱ་བླ་མས་སོག་རིགས་ས་ཁུལ་དུ་བསོད་སྙོམས་བསླངས་ཏེ་སླར་གསོ་བྱས་མོད། སླར་གསོ་བྱས་པ་དེ་སྔར་བས་ཅུང་རྒྱ་ཆུང་ལ། དགོན་སྡེ་འདིར་གཙོ་བོ་འདུ་ཁང་ཆེན་མོ་དང་། མགོན་ཁང་། བག་རྩེ་ལྷ་ཁང་། ཐུན་ལྔའི་ལྷ་ཁང་སོགས་བཞེངས་འདུག་ཅིང་། རྟེན་གཙོ་བོ་ལ་རྗེ་ཙོང་ཁ་བ་གཙོ་བྱས་པའི་ཁོང་གི་ཡོངས་འཛིན་དང་དགེ་ཕྲུག་རྣམས་ཟུར་རྒྱན་དུ་བཀོད་པའི་མཛེས་ཤིང་རིན་ཐང་གཞལ་ཡས་པའི་ཐང་ག་གཅིག་བཞུགས་འདུག ངག་སྒྲོས་ལྟར་ན་ཕག་གྲུ་སྲིད་དབང་གི་དུས་སུ་ཡུལ་འདིའི་ཚོང་དཔོན་ནོར་བུ་ཞེས་པ་ལྷ་སར་ཚོང་འགྲེམ་པར་སོང་སྟེ་རྗེ་ཙོང་ཁ་བ་དང་ཞལ་འཛོམས་ནས་རྗེ་ཙོང་ཁ་བའི་མ་ཡུམ་གྱིས་བསྐུར་བའི་སྐྲ་ལོ་ཉག་གཅིག་དང་ངག་འཕྲིན་སོགས་ཇི་མ་ཇི་བཞིན་དུ་རྗེ་ཉིད་ལ་སྤྲད་དེ་ཕྱིར་ལོག་ཁར། རྗེ་ཉིད་ཀྱིས་སླར་ཡང་ཁོང་གི་རྣ་ཁྲག་དང་ཚོས་སྣ་གཞན་སྡེབ་པ་ལས་གྲུབ་པའི་ཐང་ག་ཞིག་བཞེངས་ཏེ་མ་ཡུལ་ལ་བསྐུར། དེ་ནས་ཚོང་དཔོན་ནོར་བུ་བཟང་པོས་ཐང་ག་འདི་སྤྱིར་བཏང་བ་ཞིག་མ་རེད་སྙམ་སྟེ།དེ་དང་གཅིག་མཚུངས་སུ་གྱུར་བ་ཞིག་བཞེངས་ནས་དེ་རྗེ་ཙོང་ཁ་བའི་མ་ཡུལ་ལ་ཕུལ(ད་ལྟ་སྐུ་འབུམ་བྱམས་པ་གླིང་དུ་ཉར་ཡོད)བ་དང་།རྗེ་ཙོང་ཁ་བས་དངོས་སུ་བཞེངས་པའི་ཐང་ག་དེ་ཁྭ་ཏའི་ཁའི་དགོན་དུ་ཕུལ་བས། ཁྭ་ཏའི་ཁའི་དགོན་བོད་ཁུལ་ཡོངས་སུ་སྙན་གྲགས་རབ་ཏུ་རྒྱས་ཤིང་། བོད་བརྒྱུད་ནང་བསྟན་གྱི་གནས་མཆོག་ཅིག་ཏུ་གྱུར།

ཐང་ག་ཆེན་མོ་དེར་ཡུལ་དེ་གའི་སེར་སྐྱ་ཕོ་མོ་ཡོངས་ཀྱི་སྲུང་སྐྱོབ་གང་ལེགས་བྱས་པས་གནོད་སྐྱོན་ཅི་ཡང་མ་ཐེབས་པར་བདེ་བླང་ངང་གནས་ཐུབ་ལ། ༢༠༠༢ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ས་གནས་གལ་ཆེན་གྱི་ཁོངས་སུ་བདམས་པ་རེད།།

གཉིས་པ།

དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འཇིགས་མེད་བཟོད་པས་བདག་ལ་རྗེའི་ཞལ་ཐང་འདི་ཞིབ་རྒྱས་ཀྱིས་མཚམས་སྦྱོར་བྱས་ལ་ཁོང་གིས་ཀྱང་གཙོ་བོ་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གི《ཁ་ཏི་ཀའི་དགོན་པའི་རྟེན་གཙོ་རྗེའི་ཞལ་ཐང་སྐོར་གླེང་བ》ཞེས་པའི་རྩོམ་ཡིག་ལ་བརྟེན་པ་ཡིན་འདུག  རྩོམ་ཡིག་དེ་ལས“ཁ་ཏི་ཀའི་ཚོང་དཔོན་ནོར་བུ་བཟང་པོ་ཞེས་བྱ་བ་སྟོབས་དང་འབྱོར་བའི་མངའ་ཐང་ཆེ་བ། སྨད་རྒྱ་ནག་དང་སྟོད་དབུས་གཙང་དུ་ཚོང་གི་རྒྱུ་འགྲུལ་བྱེད་པ་ཞིག་ཡོད་པ་དེ་དབུས་སུ་ཕྱིན་ནས་རྗེ་ཐམས་ཅད་མཁྱེན་པའི་ཞལ་མཇལ་ཞིང་གསུང་གི་བདུད་རྩི་ཡང་མནོས། ཚོང་དཔོན་དེ་ཉིད་སླར་མདོ་ཁམས་སུ་ལོག་དུས། རྗེ་རིན་པོ་ཆེས་མ་ཡུམ་ལ་ཉིད་ཀྱི་འདྲ་ཐང་ཆེན་མོ་ཤངས་ཁྲག་བསྲེས་པའི་ཚོན་རྩིས་བཞེངས་པ་ཞིག་ཚོང་དཔོན་འདི་བ་ལ་བསྐུར་གནང་མཛད། ཚོང་དཔོན་ནས་དེ་འདྲའི་བྱིན་རླབས་ཆེ་བའི་ཞལ་ཐང་དེ་རང་དང་འབྲལ་མི་ཕོད་པར་ལྐོག་ནས་དེ་དང་འདྲ་བ་ཞིག་བཞེངས་བཅུག་ནས་གདན་དྲངས། སྐུ་འབུམ་གྱི་འཁྲུངས་གཞིར་སླེབས་ནས་མ་ཡུམ་ལ་རང་གི་ལྐོག་ནས་བཞེངས་པ་དེ་ཕྱག་ཏུ་ཕུལ་བ་ན་ཞལ་ཐང་གིས་ཨ་མ་ཞེས་གསུང་བྱོན། རྗེའི་ཞལ་ཐང་དངོས་མ་བྱིན་ཅན་དེ་རང་གི་དགོན་གནས་ཁ་ཏི་ཀར་གདན་དྲངས་ནས་བཞུགས་སུ་གསོལ”ཞེས་དང་། ཞལ་ཐང་དེ་ཇི་འདྲ་ཞིག་ཡིན་མིན་སྐོར།ཡང་དེ་ལས“རས་གཞིའི་སྲིད་དུ་ཁྲུ་དོ་ཙམ་དང་། ཞེང་དུ་ཁྲུ་གང་དང་ཕྱེད་ཙམ་གྱི་དབུས་སུ་སེང་གེ་གཉིས་ཀྱིས་བཏེགས་པའི་ཁྲི་དང་། རྒྱབ་ཡོལ་གཡས་གཡོན་དུ་འབྲུག་མགོ་གསུམ་རེ་ཡོད་པའི་གཟུགས་རིས་ཡ་མཚན་པ་དང་། ཁྲིའི་རྩེ་མོར་ནོར་བུ་ཆ་དགུ་བ་མེ་རི་ཅན། ཁྲིའི་གཡས་གཤམ་དུ་འདོད་ཡོན་རྣམ་ལྔ་དང་། གཡོན་གཤམ་དུ་ནོར་བུ་སྤུངས་པའི་མཆོད་རྫས། གཙོ་སྐུ་རྗེ་བླ་མ་ཙོང་ཁ་བ་ཆེན་པོ་དབུ་ལ་པཎ་ཞྭ། ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་ཅན། པད་སྡོང་གཡས་པར་རལ་གྲི་དང་གཡོན་པར་གླེགས་བམ། ཆོས་གོས་རྣམ་གསུམ་གསོལ་བའོ།འདྲ་ཐང་གི་དབུ་ན་མཆོག་ལྷ་གསུམ་ཡོད་པ་ལས་དབུས་མ་ནི། སྤྱན་རས་གཟིགས་དོན་ཡོད་ཞགས་པ་ཡིན་ནམ། ཞལ་གསུམ་པ། དབུ་ན་འོད་དཔག་མེད་ཀྱིས་དབུ་བརྒྱན་པ། ཕྱག་བཞི་ལས་གཡས་ཀྱི་དང་པོ་པུས་མགོར་མཆོག་སྦྱིན་མཛད་པ། གཉིས་པས་ཊྲཾ་ག་འཛིན་པ། གཡོན་དང་པོས་རིན་ཆེན་ཞགས་པ་དང་། གཉིས་པས་ཐལ་མོ་ཕྱིར་བསྟན་པའོ། གཡས་ཟུར་གྱི་མཆོག་ལྷ་ནི། སྣེ་རིང་ཅན། གཡས་ཆོས་འཆད། གཡོན་ལྷུང་བཟེད་བསྣམས་པའི་བླ་སྐུ་ཆོས་རྗེ་དོན་གྲུབ་རིན་ཆེན་ཡིན་ནམ་སྙམ་པའོ། གཡོན་ཟུར་གྱི་མཆོག་ལྷ་ནི། སྣེ་རིང་ཅན། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པའི་བླ་སྐུ་བླ་མ་དབུ་མ་བ་ཡིན་ནམ་སྙམ་པའོ། ཁྲིའི་གཡས་གཡོན་དུ་སློབ་མའི་ཐུ་བོ་གཉིས་ཀྱི་སྐུ་འདྲ་ཡོད་པ་ལས་གཉིས་ཀའང་སྣེ་རིང་ཅན། གཡས་ཆོས་འཆད་དང་གཡོན་གླེགས་བམ་བསྣམས་པ་གང་ཡིན་གྱི་མཚན་ཡིག་མི་སྣང་ཡང་”ཞེས་དང་“གཤམ་དུ་མཆོག་ལྷ་གསུམ་ལས་གཡས་ཟུར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དམར་སེར་བྱང་སེམས་རྣམ་ཅན་ཟུར་བཞུགས། ཕྱེད་སྐྱིལ། གཡས་ཀྱི་པད་སྡོང་དུ་རལ་གྲི། གཡོན་མཆོག་སྦྱིན་མཛད་པ། གཡོན་ཟུར་དུ་རྗེ་བཙུན་ཕྱག་རྡོར་སྔོན་པོ་བྱང་སེམས་རྣམ་ཅན་ཟུར་བཞུགས། ཕྱེད་སྐྱིལ། གཡས་མཆོག་སྦྱིན་དང་གཡོན་པད་སྡོང་རྡོ་རྗེ་ཅན་ནོ། དེ་གཉིས་ཀྱི་དཀྱིལ་དུ་སྤྱན་རས་གཟིགས་བཅུ་གཅིག་ཞལ་ཏེ་ལྷ་བཟོའི་བཞེངས་བཀོད་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན་ནོ”ཞེས་ཞིབ་རྒྱས་ཀྱིས་གསུངས་འདུག།

གསུམ་པ།

ཁྭ་ཏི་ཁ་བའི་བྱང་ཆུབ་མཆོད་རྟེན་སོགས་དགོན་པའི་རྟེན་དང་བརྟེན་པར་ཞིབ་རྒྱས་ཀྱིས་མཇལ་རྗེས་དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འཇིགས་མེད་བཟོད་པ་དང་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འགོ་བ་ཚོས་ང་རང་ཕྱིར་ལམ་འཇུག་བཟང་པོ་བྱས་ཤིང་།ང་རང་ཡང་ཡིད་སེམས་ཧ་ཅང་ཚིམས་པའི་སྤྲོ་སྣང་དང་བཅས་ཕྱིར་ལོག་པར་བརྩམས། ངས་སྔར་གྱི་རང་ལམ་དེད་དེ་ནོར་བུ་ཅི་ཞིག་རྙེད་པ་ལྟར་སེམས་ལ་དགའ་སྤྲོ་ཞིག་གིས་ཁེངས། རྒྱུ་མཚན་ནི་ཧོས་འཁྲུག་དང་དུས་འཁྲུག་སྔ་ཕྱིར་ཐེངས་གཉིས་ལ་བྱུང་ཡང་ཞལ་ཐང་འདི་ཉིད་དད་པ་དང་སྙིང་སྟོབས་ཆེ་ཞིང་ཐབས་ལ་མཁས་པ་དུ་མས་ཆག་ཉེ་ཉམ་ངའི་དབང་དུ་མ་བཏང་བར་རང་གི་དཔྲལ་བའི་མིག་དང་གཅེས་པའི་སྲོག་ལྟར་སྲུང་སྐྱོབ་བྱས་པ་དེ་རེད། 《ཁ་ཏི་ཀའི་དགོན་གྱི་རྟེན་གཙོ་རྗེའི་ཞལ་ཐང་གི་ལོ་རྒྱུས》ལས“བྱམས་ཁང་སོགས་ལྷ་ཁང་བཅུ་གསུམ་མེ་ལ་བསྲེགས། མཆོད་རྟེན་བཤིག་པའི་ནང་གཞུག་ན་སངས་རྒྱས་འོད་སྲུངས་ཀྱི་ཚེམས། གསེར་གྱི་བཀའ་འགྱུར། གནའ་དུས་ཀྱི་ནས་འབྲུ་བྱ་སྒོང་ཙམ་གསུམ་ཡོད་པ་རྣམས་མིང་ཙམ་དུ་གྱུར། ”ཞེས་གསུངས་པར་གཞིགས་ན་དེ་བས་ཀྱང་དངངས་སྐྲག་དང་ཕངས་སེམས་ཤིག་སྐྱེས་ཡོང་། དེའི་མཚུངས་སུ་ངས་རྟེན་གཙོ་དེ་སྲུང་སྐྱོབ་དང་ཉར་ཚགས་བྱེད་མཁན་གྱི་ཨ་མའི་བུ་རབས་དེ་དག་དྲན་ཡོང་ལ། དེ་དག་ལ་སེམས་གཏིང་གི་གུས་ཕྱག་ཞིག་ཀྱང་དབང་མེད་ཤོར།ཞལ་ཐང་དེ་བསྐལ་བ་མ་སྟོང་བར་དུ་གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་དུ་བཞུགས་པ་མ་ཡིན་ནམ། ངས་དེ་ལྟར་བསམ་ནས་ཚོད་ཚོད་ལ་རང་སེམས་སུ་གང་ནས་ཡོང་བ་མི་ཤེས་པའི་དད་པ་ཞིག་དང་སྤོབས་པ་ཞིག་ཀྱང་དབང་མེད་སྐྱེས།

ཁྭ་ཏི་ཁ་བ་ན་ད་དུང་མཆོད་རྟེན་རྣམ་རྒྱལ་དང་།སངས་རྒྱས་འོད་སྲུངས་ཀྱི་སྐུ་ཤ་དང་རིང་བསེལ། ཤཱཀྱ་ཐུབ་པའི་འཕེལ་གདུང་། སྟག་མོ་ལུས་སྦྱིན་གྱི་སྟག་སྤགས། ཤཱ་རིའི་བའི་ན་བཟའ། བྲམ་ཟེ་སྐྱེ་བདུན་གྱི་སྐུ་ཤ་སོགས་ནང་རྟེན་དུ་བཞུགས་སུ་གསོལ་བའི་ཁྭ་ཏི་ཁའི་བྱང་ཆུབ་མཆོད་རྟེན་དང་། ཚོང་དཔོན་ནོར་བུ་བཟང་པོས་མཆོད་གནས་སུ་བཀུར་བའི་སེ་ལང་རྒྱལ་པོའི་ལྷ་ཁང་སོགས་རྟེན་དང་བརྟེན་པ་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་ལྷམ་མེ་ལྷན་ནེར་བཞུགས་པས་ཁྱེད་ལ་གོ་སྐབས་ཡོད་ན་ཁྭ་ཏི་ཁ་བའི་དགོན་པར་ཐེངས་གཅིག་ཕྱིན་དང་ཁྱེད་ལ་བློ་སྐྱེད་གསར་བ་དང་ངེས་ཤེས་གསར་བ་ཞིག་འདྲོངས་ཡང་སྲིད་དོ།།

༢༠༡༧ ༧ ༣༠  ཉིན།