ས་འོག་ལྕགས་ལམ་དུ་ཆུ་ཚོད་གཅིག་དང་ཕྱེད་ཀའི་ལམ་ཐག་བརྒྱུད་དེ་ལས་ཚོགས་སུ་འགྲོ་བ་ནི་ཉི་ཧོང་གི་རྒྱལ་ས་ཐོ་ཁྱོ་རུ་མཚོན་ན་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད།

སྤྱིར་བཏང་གི་ལས་བྱེད་མི་སྣའི་ཁག་ལ་མཚོན་ནའང་ཕར་འགྲོ་ཚུར་འོངས་ཀྱི་ལམ་ཐག་ལ་ཆུ་ཚོད་གཉིས་ནས་གསུམ་བཀོལ་བཞིན་ཡོད་པ་རེད། ང་ཚོའི་རྒྱལ་ནང་གི་ལས་བྱེད་མི་སྣ་དག་ལ་མཚོན་ན་ལམ་བར་དུ་ཕར་འགྲོ་ཚུར་འོངས་ལ་ཆུ་ཚོད་གསུམ་ལྷག་བཀོལ་དགོས་ཚེ་ཉིན་གུང་དུ་ཕྱིར་རང་ཁྱིམ་ལ་ལོག་ཐབས་མེད་པས། ལས་གནས་སྤོར་བའམ་འདུག་གནས་སྤོར་བ་སོགས་ལ་བསམ་བློ་མི་གཏོང་ཐབས་མེད་དུ་གནས།   ཉི་ཧོང་དུ་སྔ་དྲོ་ཆུ་ཚོད་དགུ་ཡས་མས་སུ་ལས་འགོ་བརྩམས་ཏེ་ཕྱི་དྲོ་ཆུ་ཚོད་བཞི་དང་ཕྱེད་ཀའི་ཡས་མས་སུ་ལས་མཚམས་འཇོག་པས།  ཉིན་གུང་ངལ་གསོ་ནི་ཏག་ཏག་ཟ་མ་ཟ་ཁོམ་ཙམ་ལས་མེད། དེའི་ཕྱིར་ཉིན་གཅིག་ལ་ཕར་འགྲོ་ཚུར་འོངས་ཐེངས་གཅིག་མ་གཏོགས་བྱེད་ཀྱི་མེད།   

ཆུ་ཚོད་བཀོད་སྒྲིག་བྱེད་སྟངས་ཀྱིས་ས་གནས་དེའི་བྱ་བ་སྒྲུབ་སྟངས་ལ་ཤུགས་རྐྱེན་མི་ཉུང་བ་ཞིག་ཐེབས་སྲིད་དེ། རྒྱལ་ནང་དུ་སྲིད་གཞུང་ལས་ཁུངས་ཀྱིས་ཉིན་གུང་ཆུ་ཚོད་གཉིས་དང་ཕྱེད་ཀ་ལ་ངལ་གསོ་བྱེད་པ་དེ།   ཉི་མ་དང་བསྟུན་ནས་ངལ་རྩོལ་བྱེད་པའི་མང་ཚོགས་རྣམས་ལ་མཚོན་ན་ཤུན་ཏུ་ནས་མི་འཚམས་པ་ཞིག་རེད།   ཡིན་ཡང་སྲིད་གཞུང་གི་གཞུང་ཞབས་པ་རྣམས་ལས་ཆོད་ཆེ་ཞིང་ལས་བྲེལ་ཆེས་ཆེ་བའི་ཉིན་དཀྱིལ་དུ་ཕྱིར་རང་ཁྱིམ་དུ་ལོག་སྟེ་གུང་ཟས་གྱ་ནོམ་པ་ཞིག་ཟས་རྗེས་གཉིད་ལོག་པ་དང་།  མང་ཚོགས་རྣམས་ཀྱིས་སྲིད་གཞུང་ལས་ཁུངས་ཀྱི་སྒོ་འགྲམ་དུ་ཆུ་ཚོད་གཉིས་དང་གསུམ་ལ་སྒུག་སྡོད་དགོས་བ་སོགས་ནི་རྒྱུན་ལྡན་ཞིག་ཏུ་བརྩི་ཞིང་ཁྲིམས་མཐུན་གྱི་ཁེ་དབང་ཐོབ་པའི་གོ་རིམ་ཞིག་ཏུའང་ཆགས་ཡོད་པ་རེད།   དེ་བས་ཀྱང་པེ་ཅིང་དང་མཚོ་སྔོན་གཉིས་ནི་ཀྲུང་གོའི་ཤར་ནུབ་ཏུ་ཆད་ཅིང་བར་ཐག་ལ་སྤྱི་ལེ་ཉིས་སྟོང་ལྷག་ཡོད་པ་དང་། ནམ་ལངས་པ་ལའང་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་བར་ཁྱད་ཡོད་མོད། འོན་ཀྱང་བཀོལ་སྤྱོད་བྱེད་བཞིན་པ་ནི་པེ་ཅིང་ཆུ་ཚོད་ཡིན་པར་མ་ཟད།   ལས་ཚོགས་ཆུ་ཚོད་ཀྱང་པེ་ཅིང་དང་གཅིག་མཚུངས་ཡིན་པ་རེད།  དེའི་ཕྱིར་སྲིད་གཞུང་ལས་ཁུངས་ཁག་དགུན་ཁར་ནམ་མ་ལངས་གོང་ནས་ཚོགས་འགོ་བརྩམས་དགོས་བ་དང་། དབྱར་ཁར་ཉི་མ་མ་ནུབ་སྔོན་ནས་གཉིད་ལོག་དགོས་བའི་ཡ་མ་ཟུང་གི་སྣང་ཚུལ་འདི་བྱུང་ཡོད་པ་རེད།

སྲོག་ཆགས་ཕལ་མོ་ཆེ་ནི་ཉི་མ་དང་བསྟུན་ཏེ་འགུལ་སྐྱོད་བྱེད་བཞིན་ཡོད་མོད། རང་རྒྱལ་གྱི་ནུབ་ཁུལ་དུ་གཏོགས་པའི་ས་ཆའི་གཞུང་ཞབས་པ་གཙོ་བྱས་ལས་བྱེད་མི་མང་རྣམས་ནི་སྲོག་ཆགས་སྤྱིའི་ཆོས་ཉིད་དང་ལྡོག་སྟེ་འགུལ་སྐྱོད་མི་བྱེད་ག་མེད་དུ་གྱུར་ཡོད། ཆོས་ཉིད་དང་ལྡོག་པའི་དུས་ཚོད་བཀོད་སྒྲིག་བྱེད་སྟངས་འདིའི་འབྱུང་རྐྱེན་ནི། རྒྱལ་ཡོངས་ཀྱི་ཆུ་ཚོད་དེ་པེ་ཅིང་ཆུ་ཚོད་དང་བསྟུན་པས་ཡིན་མོད། དེ་ལས་ཀྱང་ཚབ་ཆེ་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་རྒྱའི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་སྟེ། ཉིན་གུང་གི་གུང་ཉལ་གྱི་རིག་གནས་དེ་རེད། རྒྱའི་གུང་ཉལ་གྱི་རིག་གནས་འདི་དུས་ནམ་ཞིག་ལ་བྱུང་བ་དང་རྐྱེན་གང་ཞིག་ལ་བརྟེན་ནས་བྱུང་བ་སོགས་ལ་ཚོད་དཔགས་སྣ་ཚོགས་ཤིག་བྱེད་བཞིན་ཡོད་པ་ལས་གཅིག་གྱུར་གྱི་བཤད་ཚུལ་གསལ་བོ་ཞིག་མེད་པ་འདྲ། ཡིན་ཡང་གུང་ཉལ་འདིའི་ལོ་རྒྱུས་རིང་ཞིང་གནའ་བོའི་དུས་ནས་གྲུབ་ཡོད་པའི་གོམས་སྲོལ་ཞིག་ཡིན་པར་ཀུན་གྱིས་བཤད། གཅིག་བྱས་ན་ཡུན་རིང་གི་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་དུ་གུང་ཉལ་དེ་རྒྱའི་མི་རིགས་ཀྱི་རྨང་གཞིའི་རིག་གནས་ཏེ་སྤར་ཁ་དང་སྦྲེལ་ཞིང་། ཉི་ཟླ་གཟའ་སྐར་གྱི་འཁོར་སྐྱོད་དེ་ས་ཆུ་མེ་རླུང་གི་འབྱུང་བའི་འཁོར་རྒྱུག་དང་སྦྲེལ་ཏེ། མཐར་མིའི་ལུས་ཕུང་གི་ཁམས་ཀྱི་འཕེལ་འགྱུར་དང་སྦྲེལ་བས། མི་རིགས་འདིའི་བདེ་ཐང་འདུ་ཤེས་ཀྱི་ཆེས་ཟབ་སར་འཐིམས་པའི་རིག་གནས་ཤིག་ཏུ་གྱུར་པའང་ཡིན་སྲིད། ཆོས་ཉིད་དང་ལྡོག་པའི་གུང་ཉལ་གྱི་གོམས་སྲོལ་འདི་བོད་དུ་མེད་ཅིང་ཉི་ཧོང་དུའང་ཉིན་གུང་གཉིད་ལོག་པ་ནི་ནད་པ་སྐོར་ཞིག་ལས་མི་འདུག །ནུབ་གླིང་དང་ཨ་རུ་སོགས་སུའང་གུང་ཉལ་གྱི་གོམས་སྲོལ་འདི་མེད་པར་གྲགས། གང་ལྟར་གུང་ཉལ་གྱི་གོམས་སྲོལ་འདིས་ང་ཚོའི་ལས་ཚོགས་དང་ལས་གྲོལ་གྱི་ཆུ་ཚོད་བཀོད་སྒྲིག་བྱེད་སྟངས་ལ་ཤུགས་རྐྱེན་རྒྱ་ཆེན་པོ་ཐེབས་ཡོད་པ་དོན་དངོས་ཤིག་རེད། གུང་ཉལ་གྱི་གོམས་སྲོལ་འདི་མེད་ཚེ་ཉིན་གུང་ལས་ཚོགས་གྲོལ་རྗེས་ཡིན་གཅིག་མིན་གཉིས་ཁྱིམ་དུ་ལོག་དགོས་དོན་ཡང་མེད་ལ། ཆུ་ཚོད་གཉིས་དང་ཕྱེད་ཀ་ལྟ་བུའི་ངལ་གསོ་རིང་པོ་ཞིག་ཀྱང་དགོས་དོན་མེད་པར་འགྱུར་འགྲོ །གལ་ཏེ་སྲིད་གཞུང་ལས་ཁུངས་གཙོ་བྱས་ཏེ་སྔ་མོར་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་ལས་ཚོགས་བྱེད་པ་དང་ཕྱི་དྲོ་ཆུ་ཚོད་བཞི་ཡས་མས་སུ་ལས་ཚོགས་གྲོལ་བ་ཡིན་ཚེ། སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ནས་ཕྱི་དྲོའི་ཆུ་ཚོད་བཞི་བའི་བར་གྱི་དུས་ཚོད་དྲུག་དང་ཕྱེད་ཀའི་རིང་མི་སྒེར་སུ་ཡིན་རུང་རང་རང་གི་ཉིན་དེའི་བསྒྲུབ་བྱའི་ལས་ཀ་དེ་ལས་ཁུངས་གང་དུ་ཕྱིན་ཡང་བསྒྲུབ་མི་ཐུབ་པའི་བཀག་རྒྱ་ཅི་ཡང་མེད་པས་མང་ཆོགས་ཚོ་ལའང་སྟབས་བདེ་ཞིང་། གཞུང་ཞབས་པ་ཚོའང་ནངས་མོར་བྲེལ་བྲེལ་འཚུབ་འཚུབ་གྱིས་ལས་ཚོགས་སུ་འགྲོ་མི་དགོས་ཤིང་། ཕྱི་དྲོར་སྔ་མོ་ནས་ངལ་གསོ་ཐུབ་པ་ཡིན་པས་ཕྱོགས་གཉིས་སུ་སྟབས་བདེ་བ་ཡོད་མོད། ཡིན་ནའང་རྒྱལ་ནང་གི་ཆུ་ཚོད་བཀོད་སྒྲིག་བྱེད་སྟངས་དེ་གུང་ཉལ་གྱི་གོམས་སྲོལ་ལམ་རིག་གནས་དང་གཞི་ནས་ཆུ་དང་འོ་མ་བཞིན་དུ་འབྲེལ་ཡོད་པས་བསྒྱུར་སླ་བ་ཞིག་ག་ལ་ཡིན།

མི་ལོ་སྟོང་ཕྲག་ལྷག་ལ་རྒྱུན་བསྐྱངས་པར་བཤད་པའི་རྒྱའི་རིག་གནས་གཞན་ཞིག་སྟེ། བུད་མེད་རྣམས་ཆུང་དུས་སུ་རྐང་པ་རས་ཤུར་གྱིས་དམ་པོར་བསྡམས་ཏེ་ཞ་རུ་འཇུག་པའི་རྒྱ་མོ་རྐང་གཅུད་ཀྱི་རིག་གནས་ལ་ཕྱིར་ལྟ་ཞིག་བྱས་ཚེ་ཤེས་ཐུབ།
 
རང་གི་བྱིས་པ་རང་གིས་བསམ་བཞིན་དུ་དབང་བོ་སྐྱོན་ཅན་དུ་གཏོང་བ་ནི་ཇི་འདྲའི་བློ་ཡུལ་དུ་ཤོང་དཀའ་ཞིང་། ཇི་འདྲའི་གནས་ལུགས་དང་བྲལ་བའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ཅིག་རེད་ཨང་།

ཡིན་ནའང་རིག་གནས་སམ་གོམས་སྲོལ་འདི་རྩ་བ་ནས་བསྒྱུར་བ་ལ་མན་ཇི་སྲིད་གཞུང་གིས་ལོ་ངོ་སུམ་བརྒྱའི་རིང་ལ་བཀག་འགོག་བྱེད་དགོས་བར་གྱུར་བ་དང་། ཀྲུང་ཧྭ་མིན་གོའི་རིང་དུའང་ད་དུང་འཇུག་སྒྲིལ་མ་ཐུབ་ཅིང་། མཐར་རིག་གནས་གསར་བརྗེ་ཟེར་བའི་མི་ཤ་ཟ་བའི་དྲག་རླུང་འདི་འདྲ་ཞིག་གིས་གོམས་སྲོལ་འདི་གཞི་ནས་ཁྱུར་མིད་དང་མཇུག་སྒྲིལ་བ་ལ་བསམ་བློ་ཞིག་བཏང་ན། རྒྱའི་མི་རིགས་ཀྱི་འདུ་ཤེས་ཀྱི་ཆེས་ཟབ་སར་འཐིམས་ཡོད་པའི་གུང་ཉལ་རིག་གནས་འདིའང་བསྒྱུར་སླ་བ་ཞིག་མིན་པ་ཤེས་ཐུབ། དེའི་རྐྱེན་གྱིས་གུང་ཉལ་འདི་མ་བསྒྱུར་བར་དུ་ལས་ཚོགས་ཆུ་ཚོད་ཀྱང་འགྱུར་མི་སྲིད་ལ། པེ་ཅིང་དང་ཁ་ཐག་རིང་པའི་ནུབ་ཁུལ་གྱི་མི་མང་རྣམས་ཀྱི་ནམ་མ་ལངས་གོང་ནས་ལངས་དགོས་བ་དང་། ཉི་མ་མ་ནུབ་སྔོན་ནས་གཉིད་དགོས་པའི་ཆོས་ཉིད་དང་ལྡོག་པའི་ལས་དབང་འདིའང་བསྒྱུར་དུ་མི་གཏུབ་བོ།།

རྒྱ་མི་རིགས་ལ་བདེ་ཐང་འདུ་ཤེས་དང་འབྲེལ་བའི་གུང་ཉལ་ལས་ཀྱང་གཙོ་བའི་རིག་གནས་གཞན་ཞིག་ཀྱང་ཡོད་དེ། དེ་ནི་གུང་ཟས་རེད། 

རྒྱའི་རིག་གནས་སུ་བདེ་ཐང་གི་ཇ་ཐུན་སྒྲིག་སྟངས་ནི་ནངས་ཇ་དང་དགོང་ཟས་ཕལ་བར་འཇོག་ཅིང་། གུང་ཟས་ནི་ཇ་ཐུན་གསུམ་ལས་ཆེས་གཙོ་བོར་འཛིན་པ་རེད།  ཉིན་གུང་གི་ངལ་གསོ་རིང་པོ་དེ་མེད་ཚེ་ཕྱིར་རང་ཁྱིམ་དུ་ལོག་སྟེ་བཟའ་མི་ལྷན་འཛོམས་ཀྱིས་གུང་ཟས་གྱ་ནོམ་པ་ལའང་རོལ་མི་ཐུབ་པས། རྒྱའི་སྲོལ་རྒྱུན་གྱི་བདེ་ཐང་འདུ་ཤེས་དང་རྒྱབ་འགལ་དུ་སོང་ཡོད་པ་རེད། གལ་ཏེ་གུང་ཟས་ལས་དགོང་ཟས་གཙོ་བོར་བཟུང་ཚེ་མིའི་ལུས་ཕུང་གི་བདེ་ཐང་ལ་གནོད་པར་འགྱུར་བར་རྒྱ་མི་ཀུན་གྱིས་རློམས་ཤིང་། ཚེ་ཐག་ཇེ་ཐུང་དུ་འགྲོ་བའི་རྒྱུ་རྐྱེན་ཞིག་ཏུའང་ངོས་འཛིན་བྱེད་ཀྱིན་ཡོད། 

བདེ་ཐང་གི་ཇ་ཐུན་སྒྲིག་སྟངས་ཀྱི་ཐད་ལ་རིག་གནས་མི་གཅིག་པས་བཤད་སྟངས་ཀྱང་སྣ་མང་ཞིག་ཡོད་པར་མ་ཟད། ལུས་ཕུང་བདེ་ཐང་གི་ཞིབ་འཇུག་པ་ཚོ་ལའང་བཤད་སྟངས་འདྲ་མིན་སྣ་ཚོགས་ཤིག་ཡོད། འོན་ཀྱང་མིག་མཐོང་ལག་ཟིན་བྱུང་ཡོད་པ་ནི་ཉེ་བའི་ལོ་དུ་མའི་རིང་ལ་འཛམ་གླིང་ཧྲིལ་བོའི་ཚེ་ཐག་ཆེས་རིང་བའི་རྒྱལ་ཁབ་ནི་ཉི་ཧོང་རྒྱལ་ཁབ་ཡིན་ཞིང་། ཉི་ཧོང་བའི་ཇ་ཐུན་སྒྲིག་སྟངས་ནི་ང་ཚོ་བོད་པ་ནང་བཞིན་དགོང་ཟས་གཙོ་བོར་འཛིན་པའི་རིག་གནས་ཤིག་རེད།

ལོ་འདི་དག་གི་རིང་ལ་ང་ཚོའི་རིག་གནས་ཀྱི་རིན་ཐང་ལྟ་ཚུལ་ལ་འགྱུར་བ་གྲངས་ཀྱིས་མི་ལང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད་ཅིང་། ལེགས་ཉེས་ཀྱི་བླངས་དོར་ཅི་ཡང་མེད་པར་གཞན་དད་ཆེ་བའི་མི་རབས་གསར་བ་མང་པོ་ཞིག་ཀྱང་རབ་དང་རིམ་པར་འབྱུང་བཞིན་འདུག །དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་ཏེ་རིན་ཐང་ལྟ་ཚུལ་ལ་འགྱུར་ལྡོག་འབྱུང་དགོས་བ་ནི་བཟློག་མེད་ཀྱི་ཆོས་ཉིད་ཅིག་ཀྱང་ཡིན་པས། དགའ་བ་འོས་བ་ཞིག་ཀྱང་ལོས་ཡིན། ཡིན་ནའང་། རིག་གནས་ལྟ་ཚུལ་གྱི་འགྱུར་ལྡོག་གི་ཁ་ཕྱོགས་ལ་གདམ་གསེས་དང་དོགས་ཟོན་གྱིས་འཇུག་པའི་བློ་ཞིག་སྐྱེས་ཐུབ་ན་ཅི་མ་རུང་།

                               

པདྨ་རྡོ་རྗེ།   ཟི་ལིང་།

སྤྱི་ལོ2017ལོའི་ཟླ12པའི་ཚེས13ཉིན།

པདྨ་རྡོ་རྗེ།  ལོ་རབས་བདུན་བཅུའི་ནང་རེབ་གོང་ནས་སྐྱེས།  དུ་ཆང་དང་འདུ་འཛོམས་སྟོན་མོ།  གཞན་གྱི་ངོ་བསྟོད་སོགས་ལ་རབ་ཏུ་དགའ།  སྙན་ངག་དང་སྣུམ་ཚོན་རི་མོ། དཔེ་ཀློག་སོགས་ལ་ཅུང་དད།  སྒྲིག་ལམ་དང་དབང་ཤེད། འཚོ་བ་དང་བར་ཐག་རིང་བའི་ཞིབ་འཇུག་པ་དང་མཁས་པ་སོགས་ལ་སུན། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྒྱ་རིགས་སློབ་མའི་དགེ་རྒན་དཀྱུས་མ་ཞིག་ཡིན།

 

广告位招租