དྲི་བ།

སྤྱིར་(yoga)ཡོ་ག་ལ་ཚད་འདྲ་མིན་མང་པོ་ཡོད་ས་རེད། ཁྱེད་རང་གིས་(yoga)ཡོ་ག་ཟེར་དུས་གང་འདྲ་ཞིག་ལ་ངོས་འཛིན་གནང་གིན་ཡོད་དམ།

ལན། ཚེ་རིང་དབྱངས་འཛོམས།

(yoga)ཡོ་གའི་དོན་ནི། མཉམ་དུ་འདུས་པ་ལ་ཟེར་བ་རེད། མཉམ་དུ་བསྡུ་རྒྱུ་གང་རེད་ཅེ་ན། ལུས་སེམས་གཉིས་རེད། ལུས་སེམས་གཉིས་མཉམ་དུ་གནས་པ་ཡིན་ན་མི་ཚེའི་དཀའ་ངལ་མང་པོ་ཞིག་སེལ་ནས་ལུས་སེམས་གཉིས་བདེ་ཐང་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་རེད། (yoga)ཡོ་གའི་ནང་དུ་གཙོ་བོ་གསུམ་ཡོད་རེད། དང་པོ་ནི། སེམས་སྦྱང་རྒྱུ། གཉིས་པ་ནི། རླུང་སྦྱང་རྒྱུ། གསུམ་པ་ནི། ལུས་སྦྱང་རྒྱུ། དེ་གསུམ་ང་ཚོའི་མི་ཚེའི་ནང་དུ་སྦྱོང་བརྡར་ཡག་པོ་ཞིག་བྱ་ཐུབ་ན་ལུས་སེམས་གཉིས་བརྟན་པོའི་ངང་ནས་མཉམ་དུ་གནས་ཐུབ་པ་རེད། (yoga)ཡོ་ག་ཤེས་པ་ཡིན་ན་ལུས་པོའི་བདེ་ཐང་གཅིག་པུ་མ་ཡིན་པར་མི་ཚེའི་བདེ་སྐྱིད་མང་པོ་ཞིག་དང་འབྲེལ་བ་ཡོད་རེད། ལུས་སེམས་གཉིས་བདེ་ཐང་དེ་ཙམ་མེད་ན། དཔེར་ན། སེམས་པས་ལུས་པོ་ཐག་རིང་ལ་རྒྱུག་དགོས་དྲན་ནའང། ལུས་པོ་བདེ་པོ་མེད་ན་སེམས་པས་དྲན་ཀྱང་རྒྱུག་མི་ཐུབ་པ་བཞིན་དང་ལུས་པོར་སྟོབས་ཤུགས་དང་ནུས་པ་ཡོད་ཀྱང་སེམས་པར་དཀའ་ངལ་སྣ་ཚོགས་ཀྱིས་མནར་གྱིན་ཡོད་ན་ལས་དོན་མི་འགྲུབ་པ་ལྟ་བུ་རེད།

དྲི་བ།

ཁྱེད་རང་ལྟ་བུ་ཡིན་ན་ (yoga)ཡོ་ག་སྦྱངས་ནས་ད་སྐབས་མི་གཞན་མང་པོ་ཞིག་ལ་ཕར་བསླབ་ཐུབ་མཁན་གྱི་གནས་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་རེད། སྤྱིར་ཕ་མ་མང་པོ་ཞིག་གི་སེམས་ནང་དུ་བུ་ཕྲུག་དག་སློབ་མཐར་ཕྱིན་དུས་གཞུང་ཞབས་ཀྱི་ལས་ཀ་དང་དེ་མིན་ཚོང་ལས་སོགས་མི་ཚེའི་ལམ་རེད་བསམ་གྱིན་འདུག ཁྱེད་རང་ལྟ་བུ་ཡིན་ན་བོད་ཀྱི་སྤྱི་ཚོགས་ནང་ནས་མི་ཚེའི་མདུན་ལམ་གསར་པ་ལྟ་བུ་ཞིག་བདམས་འདུག་པས་དང་ཐོག་ཁྱེད་རང་གིས་(yoga)ཡོ་ག་ཟེར་བ་དེ་གནས་ཚུལ་གང་འདྲ་ཞིག་བརྒྱུད་ནས་ཤེས་རྟོགས་བྱུང་སོང་བ་ཡིན་ནམ།

ལན། ཚེ་རིང་དབྱངས་འཛོམས།

སྤྱིར་ཕ་མས་བུ་ཕྲུག་གི་མི་ཚེའི་གདམ་ཀ་ལ་འགྲིག་མིན་མང་པོ་འཆད་མཁན་འདུག ཡིན་ན་ཡང་། ང་རང་ཉིད་ཀྱི་ཕ་མ་གཉིས་ཀྱིས་ང་རང་གིས་གདམ་ཀ་བྱས་པའི་མདུན་ལམ་ལ་རྒྱབ་སྐྱོར་མ་གཏོགས་མ་འགྲིག་པའི་སྐད་ཆ་ཚིག་གཅིག་ཙམ་ཡང་བཤད་མྱོང་མེད། ང་ལ་མཚོན་ན་ཕ་མ་གཉིས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་བསམ་གྱིན་ཡོད། ང་རང་ཆུང་དུས་ནས་རྩེད་མོའི་སྐོར་ལ་དགའ་སྣང་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན། དཔེར་ན། སློབ་གྲྭ་ནས་ལུས་རྩལ་གྱི་སྐོར་སོགས་ལ་ཧ་ཅང་དགའ་མོས་ཡོད། མཐོ་སློབ་ཏུའང་ལུས་རྩལ་བདམས་ནས་སོང་བ་ཡིན། གཞན་པ་བུ་མོ་མང་ཆེ་བ་ཞིག་གིས་སྨན་ཞབས་སོགས་ལས་རིགས་འདྲ་མིན་མང་པོ་ཞིག་བདམས་ནས་བུད་སོང་། ང་ནི་རང་གི་དགའ་ཕྱོགས་ལྟར་ལུས་སྦྱོང་འདི་བདམས་ནས་སོང་བ་ཡིན། ལུས་སྦྱོང་སྡེ་ཚན་དུ་ཡོ་ག་དང་རྩེད་མོ་འདྲ་མིན་མང་པོ་ཞིག་ཡོད་རེད།

དྲི་བ།

གལ་སྲིད་ཁྱེད་རང་བུད་མེད་ཅིག་མིན་ན་མི་ཚེའི་གདམ་ཀ་འདིའི་ཐོག་ནས་འགྲོ་གི་རེད་དམ།

ལན། ཚེ་རིང་དབྱངས་འཛོམས།

གལ་སྲིད་རང་ཉིད་ཀྱི་དགའ་ཕྱོགས་ཡོ་ག་ཡིན་ན་བུད་མེད་ཡིན་མིན་ལ་མ་ལྟོས་པར་འདི་གདམ་རྒྱུ་རེད། གང་ལྟར་རང་ཉིད་ཀྱི་དགའ་ཕྱོགས་ཀྱི་རྗེས་སུ་འགྲོ་རྒྱུ་ནི་མི་ཚེའི་གདམ་ཁ་ཡག་ཤོས་ཤིག་རེད་དྲན་གྱིན་འདུག

དྲི་བ།

(yoga)ཡོ་ག་ལྟ་བུ་ཞིག་ལ་མཚོན་ན་མི་གཞན་ལ་བསླབ་རྒྱུའི་གནས་ཚད་སླེབས་དགོས་ན་ལོ་ཇི་ཙམ་ལ་སྦྱོང་བརྡར་བྱེད་དགོས་རེད་དམ།

ལན། ཚེ་རིང་དབྱངས་འཛོམས།

(yoga)ཡོ་ག་བསླབ་དུས་རྐང་ལག་བརྐྱང་བ་གཅིག་པུ་མ་ཡིན་པར་གཟུགས་ཁམས་ཀྱི་གྲུབ་ཚུལ་མང་པོ་ཞིག་བསླབ་རྒྱུ་ཡོད་པས་གཟུགས་པོའི་རྩ་རླུང་གི་འགྲོ་སྟངས་གསལ་པོ་ཞིག་ཤེས་མཁན་དང་མཐོ་སློབ་ཚན་རིག་སྡེ་ཁག་ནས་ཡིན་ན་ཅུང་ལས་སླ་བ་ཡོད་རེད། ཡོ་གའི་ལུས་སྦྱོང་དེ་དག་སྦྱངས་ཚར་དུས་ཟླ་བ་གཅིག་ཙམ་སྦྱོང་བརྡར་བྱས་ནས་གཟུགས་པོ་ལ་ཚོར་བ་གང་འདྲ་ཡོང་མིན་ཧ་གོ་བའི་ཐོག་ནས་གཞན་ལ་བསླབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད་རེད།

དྲི་བ།

ཁྱེད་རང་ལུས་སྦྱོང་མགོ་བཙུགས་ནས་ལོ་ཇི་ཙམ་ཡིན་པ་དང་ད་སྐབས་སློབ་ཕྲུག་ཇི་ཙམ་ཡོད་དམ།

ལན། ཚེ་རིང་དབྱངས་འཛོམས།

ལོ་ངོ་གསུམ་ཙམ་འགོར་ཟིན་པ་དང་། སློབ་ཕྲུག་བཅུ་གཉིས་ཙམ་ཡོད། དེ་དག་ལས་ཀ་འགྲོ་བཞིན་ཡོད་པས་ཞོགས་པ་དང་དགོང་མོར་སློབ་བཞིན་ཡོད།

དྲི་བ།

བོད་ཀྱི་སྤྱི་ཚོགས་ནང་དུ་(yoga)ཡོ་ག་སློབ་མཁན་ཁྱེད་རང་གསར་པ་ཡིན་པས་མ་འོངས་པར་བོད་ཀྱི་གཞོན་སྐྱེས་དག་མི་ཚེའི་གདམ་ག་(yoga)ཡོ་ག་བདམས་ན་ཁྱེད་རང་གིས་ཉམས་མྱོང་ཐོག་ནས་ལམ་སྟོན་ཞིག་གནང་རོགས།

ལན། ཚེ་རིང་དབྱངས་འཛོམས།

གལ་སྲིད་ལུས་སྦྱོང་ལ་དགའ་མོས་མེད་བཞིན་དུ་ཨུ་ཚུགས་ཀྱི་ལམ་ཁ་དེར་ཞུགས་པ་ཡིན་ན་མཐའ་མི་འཁྱོལ་བར་མ་ཟད་ཡག་པོ་ཞིག་ཡོང་གི་མ་རེད། དེ་འདྲ་མིན་པར་ལུས་སྦྱོང་ལ་དགའ་མོས་ཡོད་ན་སྤྱི་ཚོགས་ལ་ཕན་པར་མ་ཟད། རང་ཉིད་ཀྱི་ལུས་སེམས་ཀྱི་བདེ་ཐང་ལ་ཧ་ཅང་ཕན་ཐོགས་ཡོད་རེད། མཐའ་ན། ཟ་མ་བཟའ་ཚུལ་དང་ཉལ་སྟངས་ཚུན་ཆད་ཡག་པོ་ཞིག་ཧ་གོ་གི་རེད། ང་ཚོའི་སྤྱི་ཚོགས་ནང་དུ་བདེ་ཐང་གི་རྒྱུན་ཤེས་དག་ཤེས་མཁན་ཧ་ཅང་ཉུང་བས་ལུས་སེམས་གཉིས་ལ་བདག་པོ་རྒྱག་ཤེས་མཁན་ཧ་ཅང་ཉུང་ཉུང་རེད། གལ་སྲིད་སུ་ཞིག་ལུས་སྦྱོང་ནང་ཞུགས་འདོད་ན། ཐོག་མར་ཚན་རིག་གི་སློབ་ཚན་སྦྱོང་རྒྱུ་གལ་ཆེན་པོ་རེད། རྒྱུ་མཚན། གཟུགས་ཁམས་ཀྱི་གྲུབ་ཚུལ་ཡག་པོ་ཞིག་ཤེས་རྒྱུ་ཡོ་ག་དང་ལུས་སྦྱོང་གི་རྨང་གཞི་ལྟ་བུ་ཞིག་རེད། མང་པོ་ཞིག་གིས་ངོ་དེབ་དང་འབྲེལ་ལམ་གཞན་དག་བརྒྱུད་ནས་ང་ལ་སྐད་ཆ་མང་པོ་འདྲི་བཞིན་འདུག ངས་བཤད་རྒྱུར། གལ་སྲིད་ཁྱེད་ཅག་གིས་ལུས་སྦྱོང་གདམ་འདོད་ན་ལོ་རིམ་བཅུ་ནས་ལུས་པོ་སྦྱོང་བརྡར་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་འཆད་ཀྱིན་ཡོད། མི་རིགས་གཞན་པ་དག་གི་སློབ་གྲྭའི་ནང་ལུས་སྦྱོང་ཧ་ཅང་ཡག་པོ་སྤྲད་གི་རེད། ལུས་སྦྱོང་གི་མིང་དག་ཀྱང་བསླབ་གི་རེད། ང་ཚོ་བོད་ཀྱི་སློབ་མ་དག་གིས་མིང་དེ་དག་ཀྱང་ཡག་པོ་ཞིག་ཤེས་མཁན་དཀོན་པོ་རེད་འདུག

དྲི་བ།

ཕ་མ་མང་པོ་ཞིག་གིས་ལུས་སྦྱོང་དང་ཡོ་ག་སྦྱོང་བ་ཡིན་ན་མི་ཚེའི་མདུན་ལམ་ཡག་པོ་མེད་པ་དང་སྙིང་པོ་ཡོད་མ་རེད་ཟེར་ནས་འཆད་མཁན་འདུག་པས་དེ་དག་གང་འདྲ་ཞིག་ཡིན་ནམ།

ལན། ཚེ་རིང་དབྱངས་འཛོམས།

དེང་སང་སྤྱི་ཚོགས་ནང་གི་མི་མང་པོ་ཞིག་ཀླད་པ་དཀྲུག་རྒྱུ་མང་ནས་སེམས་ཁམས་དང་ལུས་ཁམས་བདེ་ཐང་མེད་པར་གྱུར་ཡོད་རེད། (yoga)ཡོ་ག་ནི་བདེ་ཐང་གི་རྒྱུ་གཙོ་བོ་ཞིག་ཡིན་པས་རང་གཞན་གཉིས་ཀ་ལ་ཕན་ཐོགས་ཆེན་པོ་ཡོད་རེད་དྲན་གྱིན་འདུག དཔེར་ན་རང་གིས་སྦྱོང་དུས་རང་ཉིད་ཀྱི་བདེ་ཐང་ལ་ཕན་པ་དང་གཞན་ལ་བསླབ་ནའང་གཞན་གྱི་ལུས་ཁམས་ཀྱི་བདེ་ཐང་ལའང་ཕན་པས་རང་གཞན་གཉིས་ཀ་ལ་ཕན་པའི་བྱ་བ་ཞིག་རེད།

དྲི་བ།

ད་ལྟའི་སྤྱི་ཚོགས་ནང་དུ་མི་མང་པོ་ཞིག་ཚད་བརྒལ་བའི་ཤ་རྒྱག་པར་འགྱུར་མཁན་དང་དེ་བཞིན་འགུལ་བསྐྱོད་དེ་ཙམ་མི་བྱེད་པའི་ལས་ཁུངས་ཀྱི་ལས་མི་དག་གི་ལུས་ཁམས་བདེ་ཐང་ལ་ཕན་པའི་ཡོ་གའི་ལུས་སྦྱོང་གང་འདྲ་ཞིག་བྱས་པ་ཡིན་ན་ཕན་ཐོགས་ཆེ་བ་ཡོད་རེད་དམ།

ལན། ཚེ་རིང་དབྱངས་འཛོམས།

ལུས་སྦྱོང་ཁང་དུ་འགྲོ་བ་དང་ཆུ་ཚོད་ཕྱེད་ཙམ་རྒྱུག་ཤར་གློད་པ་སོགས་བྱས་ན་བདེ་ཐང་ཕན་ཐོགས་ཡོད་རེད། ལུས་པོ་རྒྱག་པར་གྱུར་པའི་རྒྱུ་རྐྱེན་གཙོ་བོ་ནི །ཚད་གཞི་མེད་པར་ཟ་མ་གང་རག་བཟའ་རྒྱུ་དེ་རེད། ལྷག་པར་དགོང་ཟས་འབྲས་དང་བག་ལེབ་ཀྱི་རིགས་མ་ཟོས་ན་ཡག་པོ་ཡོད་རེད། གཟུགས་པོ་ཡག་མིན་བརྒྱ་ཆ་བརྒྱད་ཅུ་ཟ་མ་བཟའ་སྟངས་ཤེས་མིན་ལ་རག་ལས་ཡོད་རེད།

དྲི་བ།

བོད་ཀྱི་བུད་མེད་ཀྱི་ལེ་ཚན་འདི་གཙོ་བོ་བོད་པའི་སྤྱི་ཚོགས་ནང་དུ་འབུར་དུ་ཐོན་པའི་བུད་མེད་ཁྱེད་རང་ལྟ་བུ་ཁ་ཤས་ཡོད་རེད། མང་ཆེ་བ་ཞིག་འཇོན་ནུས་ཡོད་ཀྱང་སེམས་ཤུགས་ཀྱིས་མ་འདང་བར་བག་འཁུམས་ནས་བསྡད་ཡོད་རེད། དེ་དག་སེམས་ཤུགས་འཕར་ཆེད་ལེ་ཚན་འདི་གཙོ་གཉེར་གནང་གི་ཡོད་རེད། ཁྱེད་རང་གི་ངོས་ནས་གཞོན་སྐྱེས་ཁག་དང་བོད་ཀྱི་བུད་མེད་རྣམས་ལ་རེ་བསྐུལ་ཞུ་རྒྱུ་གང་ཡོད་དམ།

ལན། ཚེ་རིང་དབྱངས་འཛོམས།

གཙོ་བོ་རང་ཉིད་ཀྱིས་ལས་ཀ་གང་བསྒྲུབས་ན་སེམས་ཐག་ཆོད་མིན་ལ་རག་ལས་ཡོད་རེད། ལས་ཀ་བསྒྲུབ་དུས་སེམས་ཐག་བཅད་མ་ཐུབ་པར་ངས་འགྲུབ་ཨེ་ཡོང་བསམས་ནས་སྒྱིད་ལུག་ངང་ནས་ལས་ཀ་ནར་འགྱངས་བྱས་པ་ཡིན་ན་ལས་ཀ་རྩ་བ་ནས་སྒྲུབ་ཐུབ་གི་མ་རེད། མི་མང་པོ་ཞིག་གིས་ལས་ཀ་མ་སྒྲུབ་སྔོན་ནས་ལས་ཀ་མང་པོ་ཞིག་ལས་རྒྱུ་ཟེར་ནས་ཁ་ནས་མང་པོ་ཞིག་བཤད། དོན་དངོས་ཅི་ཡང་མི་ལས་པར་སྡོད་མཁན་མང་པོ་ཞིག་འདུག དེ་དག་ནོར་བ་རེད། ལས་དོན་འགྲུབ་ཚར་དུས་ངས་ལས་དོན་དེ་འདྲ་ཞིག་སྒྲུབ་པ་ཡིན་ཟེར་ནས་བཤད་ན་ཡག་པོ་རེད་དྲན་གྱིན་འདུག གཞན་གྱིས་ཡིད་ཆེས་ཐོབ་པར་མ་ཟད་རོགས་རམ་ཡང་གནང་གི་རེད། གཙོ་བོ་ཁ་ནས་བཤད་པ་ལས་ལག་ལེན་མང་ཙམ་གནང་ན་ཕན་འབྲས་ཆེ་བ་ཡོད་རེད་དྲན་གྱིན་འདུག དེ་ཙམ་ལས་མེད། ཐུགས་རྗེ་ཆེ།

Yoga ཡོ་གའི་གོ་དོན་གནད་འདུས།

ལེགས་སྦྱར་གྱི་སྐད་དུ་yoga དེ་བོད་སྐད་དུ་རླུང་སྦྱོར་དང་རྩ་རླུང་སོགས་འགྱུར་ལུགས་མང་ཡང་གནའ་བོའི་རྒྱ་གར་གྱི་ཡོ་ག་དེ་ལུས་སེམས་སོགས་སྦྱོང་བའི་ཐབས་ལམ་ཞིག་ཡིན་པ་བཤད། དེ་ལ་ཆོས་ཀྱི་ཕྱོགས་སུ་གཏོགས་པ་དང་རིག་པའི་ཕྱོགས་སུ་གཏོགས་པ། ལག་ལེན་ཀྱི་ཕྱོགས་སུ་གཏོགས་པ་སོགས་དེ་ལ་རིགས་གསུམ་དུ་དབྱེ་ཡོད། དཔེར་ན་ཧིན་དྷུ་དང་ནང་པ། དེ་བཞིན་ཇ་ནེ་ཆོས་ལུགས་སོགས་ཀྱི་ཡོ་ག་དེ་ཉམས་ལེན་ཀྱི་རིགས་ཤིག་ཡིན་པ་འགྲེལ་ནས་ཉམས་སུ་ལེན་བཞིན་ཡོད། དཔེར་ན་ཧིན་དྷུ་ལྟ་བུ་ལ་ཡོ་ག་ལ་ཉམས་ལེན་གྱི་རིམ་པ་དྲུག་ཏུ་ཕྱེས་ཡོད། ཡང་ཇོ་ནེའི་ཆོས་ལུགས་ཀྱི་ཡོ་ག་ལུས་ངག་ཡིད་གསུམ་པོ་སྦྱོང་བའི་ཐབས་སམ་ལམ་ཤིག་ཡིན་པ་འགྲེལ་གྱི་ཡོད། སྤྱི་ཡོངས་ཀྱི་ཆ་ནས་ཧིན་རྡིའི་ཡོ་གའི་རིག་གནས་ལ་ར་ཇཱ་ཡོ་ག ཀརྨ་ཡོ་ག རྗ་ན་ཡོ་ག པཱ་ཁེ་ཏིའི་ཡོ་ག ཨ་ཏི་ཡོ་ག་སོགས་སུ་དབྱེ། ཡང་རྒྱ་གར་གྱི་ཚན་ཉིད་སྨྲ་བ་སཱ་བ་ཕ་ལེ་ར་ཇ་ཁེ་རུ་ཤན་གྱིས་ཡོ་ག་དེ་ཡོ་གའི་མདོ་ཕན་ཐ་ཇ་ལེ་གཞིའམ་རྨང་ལྟ་བུ་ཡིན་པར་བཤད། ལེགས་སྦྱར་གྱི་སྐད་དུ་ཡོ་ག་ལ་རྣམ་གྲངས་ཅན་གྱི་གོ་བ་མང་དུ་ལེན་དུ་ཡོད་དེ། ཚོད་འཛིན། གཅིག་ཏུ་འདུས་པ། མཉམ་སྦྱོར། སྒོམ། ཉམས་ལེན་སོགས་གོ་དོན་མང་དུ་སྣང་། སྐབས་དོན་འདི་ལ་yogaཡོ་ག་ཟེར་དུས་རླུང་སྦྱོར་ལ་གོ་ན་ཅུང་སྟབས་བདེ་བ་མེད་དམ་སྙམ།

རང་ཡུལ་དུ་གླིང་ལོ་མ་སེར་པོས་ཡིག་འགོད་བྱས།