ཡི་གེ་འདི་འབྲི་དུས་སུ་ནམ་གུང་གཟིར་ནས་ཡོད་ཅིང་། འཇིག་རྟེན་གྱི་བྱ་དངོས་མཐའ་དག་གཉིད་དུ་ཡུར་བའི་ཐད་ཚོར་གྱི་ཉམས་སྣང་ཞིག་ངའི་ཀླད་པའི་ཕྲ་ཕུང་གི་སྲུབ་ཀ་རེ་རེ་ནས་བློ་ངོས་སུ་བཞུར་ཏེ་ང་ལ་བདེན་པ་དང་རིང་དུ་གྱེས་པའི་རྫུན་གྱི་འཇིག་རྟེན་ཞིག་བསྐྲུན་གྱིན་ཡོད་ནའང་། ཐད་ཚོར་དེའི་ཀློང་དུ་སིམ་པའི་རིམ་བསགས་ཀྱི་རྩོལ་བ་ཞིག་གིས་ངས་མིག་ཁའི་མུན་པ་འདི་བཞེངས་བསྐྲུན་བྱེད་མཁན་ནི་ཉི་མ་ཡིན་པ་གསལ་ཐག་ཆོད་ནས་ཡོད་ལ། ཉི་མའི་འོད་ཟེར་གྱིས་རྒྱན་པའི་རི་ར་བ་ཁང་ཁྱིམ་མང་པོ་ཞིག་སའི་གོ་ལའི་ཡང་སྟེང་ན་ཟང་ཟིང་གི་འཚོ་བར་འདུར་གྱིན་ཡོད་པ་དང་། ཉི་མའི་ཁྱིམ་རྒྱུད་ནས་དགུ་ཚིགས་ཁྱིམ་རྒྱུད། དེ་ནས་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་བར་གྱི་གནས་ལུགས་སམ་གྲུབ་རྐྱེན་མང་པོ་ཞིག་གིས་རང་གིས་རང་ལ་བསམ་བློ་བཏང་སྟེ་ཡི་གེ་འབྲི་བ་ནི་ཅི་འདྲའི་གླེན་མདོག་ཚ་ཞིང་ཀུན་རྫོབ་ཀྱི་ཕུགས་མ་རིག་པའི་སྐྱ་སྟོང་གི་ལས་ཀ་ཞིག་ཏུ་བསྟན་མུར། བོད་ཀྱི་ཡི་གེ་བྱེད་པོ་སློབ་དཔོན་ཐོན་མི་དང་རིག་གནས་ཆེ་ཆུང་བཅུ་རུ་དབྱེ་མཁན་ས་སྐྱ་པཎ་ཆེན། ཐ་ན་འཕྲིན་ཡིག་ཅིག་འབྲི་བར་ཡང་རྣམ་བཞག་གི་ལས་ཕྱེ་ཡོད་པའི་ཨ་ལགས་ཚེ་བརྟན་ཞབས་དྲུང་སོགས་ཀྱི་བསྒྲུབས་ཚུལ་འདི་དག་ནི་བྱིས་པའི་རྩེད་མོ་ལྟ་བུ་ཞིག་ཏུ་སེམས་ཀྱིན་དགོད་ཁ་ཞིག་ཀྱང་ཤོར་སོང་།

ངོ་མ། དངོས་པོ་དང་འདུ་ཤེས་ཞེས་པའི་ཐ་སྙད་གཉིས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་འཛམ་གླིང་ཤར་ནུབ་ཀྱི་བསམ་བློ་གཏོང་རྒྱུར་དགའ་བའི་མི་མང་པོ་ཞིག་ཕན་ཚུན་དགྲ་རུ་ཕྱེས་ནས་ཡོད་ནའང་། ལོ་ན་སོ་ཡིས་དུབ་སྟེ་འཆི་བའི་སྒོ་དྲུང་དུ་མགོ་བོ་བཙུགས་ཉིན་ནས་མི་དེ་དག་ལ་དགྲ་གྲོགས་ཀྱི་དབྱེ་བ་གང་ཡང་མེད་པར་སྐལ་བའི་བར་དུ་གཉིད་སྐྱིད་པོ་ཞིག་གཏང་རྒྱུ་དེ་རེད་ལ། གཉིད་དེས་ད་གཟོད་རང་ཉིད་མཁས་པ་དང་། བསམ་བློ་བ། དངོས་གཙོ་སྨྲ་བ་དང་སེམས་གཙོ་སྨྲ་བ། རྩོམ་པ་པོ་དང་སྙན་ངག་པ་སོགས་སུ་གཏན་འཁེལ་བའི་སྟེས་དབང་གི་རིག་པ་ལྟར་སྣང་དེ་དག་རྫུན་གྱི་ལྭ་བ་ཁོ་ན་ཞིག་ཡིན་པ་ར་གསལ་བོར་སྤྲད་ནས་ཡོད་པ་རེད།

བསམ་ཚུལ་འདི་ལྟ་བུ་ཞིག་གི་དབང་གིས་ངས་འཇིག་རྟེན་དུ་སུའུ་པིན་ཧོར་ཞེས་པ་ཞིག་གིས“འཆི་བར་སྐྲག་པ་ནི་མཚན་ཉིད་རིག་པའི་འགོ་ཚུགས་ས་དང་། རང་སྲོག་གཅོད་པ་ཁོ་ན་འདོད་བློ་ལས་རྒྱལ་འགྱུར་རོ། ། ”ཞེས་པའི་ངག་ཚིག་ཅིག་གསུངས་ཡོད་པར་མཉམ་འཇོག་བྱས་པ་ཡིན་ལ། ནེ་ཁྲེ་ཟེར་བ་ཞིག་གིས“ཤེས་རིག་གིས་མིའི་རིགས་བླུན་རྨོངས་སུ་སྒྱུར་གྱིན་འདུག་པས། མིའི་རིགས་སྐྱོབ་པའི་ཐབས་སུ་དམག་འཁྲུག་དགོས”ཞེས་ཧྥ་ཤི་སིའི་མེས་པོ་ཧི་ཐི་ལི་དང་མའོ་སའོ་ལེ་ཉི་གཉི་ཀ་འདར་བར་བྱེད་པའི་སྐད་ཆ་དེ་འདྲ་བཤད་པ་ཡང་རྫུན་གྱི་རྐུབ་རྫུན་གྱིས་བརྡོལ་བའི་བྱེད་ཐབས་ཉག་ཅིག་ཡིན་པའང་ཞོར་ལ་རྟོགས་སོང་།

དྲང་མོར་བཤད་ན་རྫུན་གྱི་ཕུགས་ལ་ལག་བསྙབས་ཐུབ་མཁན་གྱི་མཚན་ཉིད་རིག་པ་བ་པའོ་ཀིན་སིན་དང་ཧྥི་རེབ་ཏི། ས་ཐྲེར་སོགས་མང་པོ་ཞིག་གིས་ཡིག་ཚོགས་ལ་མ་འཇིགས་པར་འཆི་བའི་དོད་དུ་ཐ་སྙད་མང་པོ་ཞིག་གསར་དུ་བཏོད་པས་ཀྱང་། འདུ་ཤེས་དེ་སྒེར་སེམས་དང་དེ་ནས་ཐད་ཚོར། དེ་ནས་གཞི་གྲུབ་དང་འོག་འགྱུ་སོགས་ཡི་གེ་རང་སྟེང་གི་གཟུགས་ཀྱི་འགྱུར་བ་མི་གཅིག་པ་འགའ་རེ་གསར་དུ་བྲིས་པ་མ་གཏོགས་ཚང་མས་བརྣག་ས་དེ་འཆི་བ་ལས་འདའ་འགོངས་ཐུབ་མེད་པས་ན། ང་ཚོའི་སྤྱོད་ཡུལ་དུ་གྱུར་བའི་ཤེས་བྱ་ཞེས་པ་དེ་ཡང་ལོ་རྒྱུས་ཀྱི་གཟོང་ཁ་སྐོར་ཉེས་ཤིག་གིས་སྲིད་པའི་བ་མོ་ཞིག་གམ་རྡོ་ཡི་སེང་གེ་ཞིག་ཏུ་བརྐོས་ཡོད་ཙ་ན། སྒྱུ་རྩལ་གྱི་མཛུབ་མོ་འགུལ་ནས་འོ་མ་བཞོ་དགོས་དོན་མེད་ལ། དཔྱོད་ཤེས་ཀྱི་རྟ་ལྕག་གིས་བྲབ་སྟེ་མིག་ཆུ་སློང་དགོས་དོན་ཡང་མེད་པར་སྙམ།

དེ་བས་སྣང་སྟོང་གི་ཁོར་ཡུག་འདིའི་ཁྲོད་དུ་ལྟོས་བཅས་ཀྱི་ཐིག་ཤིང་ཞིག་འཕངས་ཏེ་ཁྱེད་ཅག་ལ་བཤད་འདོད་པ་དེ་བཤད་ན་ནི། འཇིག་རྟེན་གྱི་ཆོས་ཐམས་ཅད་རྫུན་གྱི་འཁོར་རྒྱུགས་དེའི་ཁྲོད་དུ་ལྟོས་བཅས་ཀྱི་བདེན་པ་རུ་གྲུབ་ནས་ཡོད་ལ། བདེན་པ་དེའི་རྩ་བ“མུ”འམ“རྒྱུན”ལ་གཏུགས་ནས་ཡོད་པས་ང་ཚོ་རང་རང་གིས་རང་ཉིད་དང་ཡོངས་སུ་མི་མཚུངས་པའི་ཤིང་རྟ་འཁོར་ལོའི་རྩིབས་མ་ཞིག་གམ་ཕྲ་ཕུང་ཞིག་ཏུ་བལྟ་བ་ལས་བདེན་དངོས་ཀྱི་འདྲ་གཟུགས་ཤིག་ཏུ་མཐོང་མི་འོས་ཏེ། དེས་ཆོས་ཉིད་ཀྱི་ཀློང་དུ་འབྱམས་པའི“མུ”འམ“རྒྱུན”དེ་ལ་གནོད་པ་བྱས་ནས་ཡོད་པས་རང་ཉིད་ཐད་ཚོར་ལས་གྲུབ་པའི“རྐྱེན”ཞིག་ཏུ་འགྱུར་བའི་ཉེན་ཁ་བསྐྲུན་ནས་ཡོད་པ་རེད།

དེ་ལ་ཡང“རྒྱུན”ལས“རྐྱེན”དུ་འགྱུར་མི་རུང་བའི་གནས་ལུགས་དེ་སུས་བསྐྲུན་པ་རེད་ཟེར་ན། གདོད་མ་ནས་རང་གི་སེམས་ངོས་སུ་འབྱར་ཡོད་པའི་དད་མོས་ལ་རག་ལས་ཏེ། དད་མོས་ཀྱིས་རྫུན་ལ་གཤོག་པ་འདོགས་ཀྱིན་མཐར་ཐུག་གི“དཀོན་མཆོག”(ཡང་ན་བཟོ་བོ་ཆེན་མོ)ཅིག་བཞེངས་བསྐྲུན་བྱ་ངེས་པས་ན་ང་ཚོས་ཅི་ནས་གཟབ་དགོས་པའང་བསམ་བློའི་དང་རྟེན་དུ་གྱུར་བའི“དཀོན་མཆོག”ཅིག་གིས་རང་ལ་ཚོད་འཛིན་ཐེབས་སྲིད་པ་དེ་ལ་ཟེར་བ་ཡིན།དཀོན་མཆོག་དེ་བྱེ་བྲག་ཏུ་དབྱེ་ནས་བཤད་ན་ཆོས་ལུགས་ཡིན་ཆོག་ལ། ཆབ་སྲིད་ཀྱང་ཡིན་ཆོག ཐ་ན་མི་སྒེར་དང་དཔེ་ཆ། ཐ་སྙད། ཡིག་ནོར་ཙམ་པོ་ཞིག་ཏུའང་བཞག་ཆོག་གི་རེད་དོ། །

ལར་ང་ཚོས་རང་རང་གི་བསམ་རྒྱུན་དེ་མཐའ་གཉིས་སུ་མ་ལྷུང་བའི་བློ་གྲོས་ཤིག་ལ་རྩོལ་བ་བྱེད་དུས་སུ། འགལ་འདུའི་སེམས་ཁམས་མི་འདྲ་བ་རིགས་གཉིས་ཀྱིས་དཀོན་མཆོག་དེ་ལ་གྲོགས་བྱེད་ཀྱིན་ལྡོག་དཀའ་བའི་བསླུ་བྲིད་ཀྱི་ལག་པ་གཉིས་ཀྱིས་གཡས་གཡོན་གང་རུང་དུ་འདྲུད་ངེས་ཤིང་། རིག་ཤེས་ཀྱི་སྣང་འཛིན་དེས་རང་ཉིད་སྐབས་འགར་གྲོགས་མེད་ཁེར་ཧྲེང་གི་བབས་སུ་རྫོངས་ངེས་ལ། ཡང་སྐབས་འགར་ཡིད་མུག་དང་ཕྱི་འགྱོད་ཀྱི་ཀློང་དུ་འདྲེན། སྐབས་དེ་ཤད་དུ་རྩ་བ་བརྟན་པོ་ཞིག་མ་ཡིན་པའི་རང་ཉིད་ལ་སྐྱབས་རེ་སའི་ཟླ་གྲོགས་ཤིག་ཡོད་པ་ནི་རང་ཉིད་ཅན་མང་པོ་ཞིག་གིས་གྲུབ་པའི“ཚོགས་སྤྱིའི”འདྲ་གཟུགས་ཀྱི་ཐག་པ་ཞིག་ཡོད་པ་དེ་རེད་ལ། ཐག་པ་དེས་གཟོད་རང་ཉིད་ཀྱི་ཤེས་ཚོར་དང་ཡོན་ཏན་སོགས་དཔེ་ཆའི་ཕྱི་ནང་གང་རུང་དུ་འདེབས་ངེས་ཤིང་། རང་གི་བྱང་ཚད་ལ་རང་གིས་མཐོང་ཆུང་བྱས་ཏེ་ཁ་ཁུ་སིམ་པོར་སྡོད་དུ་འཇུག་ངེས་སོ། །

དེ་ལ་ཡང་བསྐྱར་ནེ་ཁྲེ་ཟེར་བ་དེའི་ལུང་ཚིག་ཅིག་དྲངས་ན་ནི“*ཚོགས་སྤྱི*ནི་ཆེད་དུ་གྱི་ན་བ་སྐོར་ཅིག་རྩ་འཛུགས་བྱས་ཏེ་འཕགས་མིར་རྒོལ་རྡུང་བྱེད་པའི་བྱ་འགུལ་ཞིག་སྟེ། དེས་ཅོལ་ཆུང་ལ་གྲོགས་བྱས་ཏེ་འཕགས་མིའི་འཇོན་ཐང་ལ་གེག་བྱས་པ་ཙམ་དུ་དོན་སྙིང་གང་གིས་ཀྱང་སྟོངས་ནས་ཡོད། ”ཅེས་པ་ནང་བཞིན་ནོ། །

ཡང་རང་རང་གི་ལམ་ཁ་བདམས་ཚུལ་གྱི་དབང་གིས་བྱས་ཏེ་སྔོན་བྱུང་བའི་ཁྲོད་དུ“རྐྱེན”གྱི་དབང་ངོར་ཐིམས་པའི“སྐྱེས་བུ”ཡང་འགའ་རེ་བགྲངས་རྒྱུ་ཡོད་མོད། འོན་ཀྱང་ཆུ་བོ་གཅིག་གི་གཞུང་ལ་ལན་གྲངས་གཉིས་བརྒལ་བ་དཔེ་མི་སྲིད་པའི་བློ་ཚུལ་གྱིས་རང་རང་ལ་འཇོན་བདེ་བའི་བསམ་བློ་དང་། འདུ་ཤེས། ཡོན་ཏན། འཚོ་བ་སོགས་རང་སྐྱ་ཐུབ་པའི་ངང་རྫུན་གྱི་ལམ་ཁ་འདི་ནས་ནུར་བགྲོད་བྱ་རྒྱུ་མ་གཏོགས་སུ་གྱུར་བའི་འཁྲུལ་སྣང་གཞན་དག་གིས་གླུ་བརྒྱ་གདངས་གཅིག་དང་། སྤྱན་སྟོང་ལྷ་གཅིག་ཡིན་པའི་ལུགས་སྲོལ་བཟུང་ན་ནི། ཁྱེད་ཅག་བླུགས་པ་གཅིག་ལས་ཐོན་འདྲའི་ས་འབག་གི་འཇིམ་སྐུ་ཞིག་གི་ཚུལ་གྱིས་ནམ་ཞིག“འབུམ་ཁང”ཞིག་ལ་བླུག་མི་འགྲོ་བའི་ངེས་པའང་མེད་པས་ན་ད་ནས་བཟུང་སྐད་འབོད་ཁོ་ན་ཙམ་དང་རིགས་ཞེན་གྱི་ལ་རྒྱ་ཉི་ཚེ་བ་དེའི་དོན་དུ་རང་གི་ཀླད་པ་དེ་བྲན་གཡོག་ཏུ་བསྒྱུར་བ་ཡིན་དུས་ང་ཚོའི་མ་འོངས་པའི་སེམས་ཀྱི་གཞལ་ཡས་ཁང་དེ་ཡང་འཆི་བ་མགོ་གཏུག་གི་བར་དུ་སེར་ཁ་ཤོར་བའི་བུམ་པ་ཆག་པོ་ཞིག་ཏུ་འགྱུར་བར་ཁྱེད་དང་ཁྱེད་ཀྱི་ལང་ཚོ་དང་ཤེས་རབ་ཀྱིས་དཔང་བོ་བྱས་ཡོད་པར་འདོད་དོ། །

རེ་རྐང་གླིང་གིས་སྤྱི་ལོ་༢༠༡༡ལོའི་ཟླ་༡༠བའི་ཚེས་༢༩ཉིན་གྱི་ནམ་སྨད་དུ་ཤར་མར་བྲིས་པ་ལེགས་སོ། །

——————————————–
*ཚོགས་སྤྱི* ནེ་ཁྲེ་བརྩམས་ཆོས་སུ་ཚིག་འདིའི་ཚབ་ཏུ“གུང་ཁྲན་རིང་ལུགས་དང་སྤྱི་ཚོགས་རིང་ལུགས”ཞེས་བྲིས་ཡོད་མོད། སྐབས་དེ་ཤད་དུ་ཀྲུང་གོར་གུང་ཁྲན་རིང་ལུགས་སོགས་བྱུང་མེད་པས་ད་ལྟ་བ་དང་འགལ་འཛོལ་འབྱུང་དོགས་ཀྱིས“ཚོགས་སྤྱི”ཞེས་བཏགས་པར་ཆབ་སྲིད་ཀྱི་འགལ་རྐྱེན་མེད་པས་སོ། །

དཔེ་དེ་འདྲ་ནེ་ཁྲེ་ཡི་ལྟ་བའི་ཁྲོད་རྒྱུན་དུ་མཐོང་རྒྱུ་ཡོད་པ་ནི། ནེ་ཁྲེ་ཕྱོགས་གཅིག་ནས“རི་ཨར་མན་གྱི་སྙིང་སྟོབས”དྲིལ་སྒྲོག་བྱེད་པའི་དུས་མཚུངས་སུ་མི་རྒྱུད་དཀར་བོ་ལས་རིགས་གཞན་དག་ནི་གྱི་ན་བར་བསྙད་ཅིང་། ལྷག་པར་དུ་གྱི་ན་བའི་བདག་གཞིར“ཀྲུང་གོའི་བ”ཞེས་བཞག་ཡོད་མོད། དེ་ཡང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་སྐབས་སུ་སྒོ་རྒྱག་རིང་ལུགས་ཀྱི་བགྱི་བ་ལྷུར་བླངས་ནས་ཡོད་པའི་ཀྲུང་གོའི་རྒྱལ་རབས་རིམ་བྱུང་ལ་འཇོག་པ་མ་གཏོགས་ད་ལྟའི་ཀྲུང་གོ་འདི་ལ་དཔེ་བལྟས་པ་ཞིག་མ་ཡིན་ཞེས་གསལ་ཁ་ཞིག་ཀྱང་བཏོད་པ་ཡིན་ནོ། །

广告位招租