——རིག་འདུས་ཀྱི་རང་འགྲེལ་ལྔ་བ།

དེང་སྐབས་ང་ཚོས་སྤྱོད་བཞིན་པའི་སྤྱི་ཚོགས་ཞེས་པའི་ཐ་སྙད་འདི་ནི་ལ་ཏིང་ཡི་གེ་ནས་འོངས་པར་བཤད་ལ། གནའ་བོའི་ལ་ཏིང་གི་མི་རྣམས་ལྷ་ཁང་ནང་དུ་ཚོགས་ཏེ་མཆོད་སྒོ་སྤེལ་བའི་ཚོགས་པ་དེ་ལས་ཆད་པར་བཤད། དེ་ལ་ལ་ཏིང་ཡི་གེsocietasཟེར་བ་དང་། དབྱིན་ཡིག་གིsocietyལ་འགྱུར། ཉི་ཧོང་དུ་1875ལོར་社དང会ཞེས་པའི་ཡི་གེ་གཉིས་སྒྲིག་སྦྱོར་བྱས་ཏེ་ང་ཚོ་ལ་རྒྱུས་ཆེ་བའི社会་ཞེས་པའི་མིང་འདི་བྱུང་། འདིར་བཤད་རྒྱུ་ཞིག་ནི། རྒྱའི་ཐང་རྒྱལ་རབས་སྐབས་སུ་ཉི་ཧོང་གིས་རྒྱ་ཡིག་ནང་འདྲེན་བྱས་པ་དང་། རིམ་བཞིན་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་པས། ད་ལྟའང་རྒྱ་ཡིག་གིས་ཉི་ཧོང་གི་ཡི་གེའི་མིང་ཚིག་གི་བརྒྱ་ཆའི་བདུན་ཅུ་ལྷག་ཟིན་ཡོད། ཡིན་ནའང་། ཉི་ཧོང་གིས་གསར་དུ་སྒྲིག་སྦྱོར་བྱས་པའི་མིང་ཚིག་བགྲང་གིས་མི་ལངས་པ་ཞིག་རྒྱ་ནག་གིས་ཕྱིར་ནང་འདྲེན་བྱས་ཏེ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད། དཔེར་ན། རྒྱ་ནག་གིས་ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི 生产、解放、阶级、交通、资本、消费、艺术、物质、基础、分析སོགས་ཉི་ཧོང་ནས་ནང་འདྲེན་བྱས་པའི་མིང་བརྡ་རྐྱང་རྐྱང་རེད། གལ་ཏེ་ཉི་ཧོང་ནས་ཕྱིར་ནང་འདྲེན་བྱས་པའི་མིང་བརྡ་དག་ཕྱིར་སློག་བྱས་པ་ཡིན་ན། རྒྱའི་དེང་རབས་རྒྱ་ཡིག་འདི་ཁོག་སྟོང་ཅན་དུ་འགྱུར་འགྲོ་བ་ཡིན་མོད། རྒྱ་མི་ཚོས་དེ་ལྟར་བརྗོད་མི་འདོད། ཡ་མཚན་པ་ཞིག་ལ། ཉི་ཧོང་བས་ཀྱང་ཁོ་ཚོས་སྤྱོད་བཞིན་པ་ནི་རྒྱ་ཡིག་གམ་ཐང་ཡིག་དེ་མ་ཡིན་པར་ཉི་ཧོང་བ་ཁོ་ཚོ་རང་གི་ཡི་གེའམ་ཉི་ཧོང་རྒྱ་ཡིག日本汉字ཡིན་པར་རློམ།  

བླུན་བཤད་ཅིག་བྱས་ན། འཇིག་རྟེན་འདིར་གནས་ལུགས་ལ་ཆེས་མི་འགྲོ་བ་ནི་མིའི་རིགས་ཀྱི་བརྩེ་དུང་དེ་རེད། མིའི་རིགས་ཀྱིས་དངོས་པོ་ཅི་ཞིག་ཡིན་ཡང་ཐོག་མར་ཐེ་ཚོམ་གྱིས་མྱངས། བར་དུ་འདྲིས། མཐའ་མར་རང་ཉིད་ཀྱི་ཡན་ལག་ལྟ་བུའི་བརྩེ་དུང་ཆགས། བརྩེ་དུང་དེ་ཆགས་པའི་རྗེས་སུ་དངོས་པོ་དེ་རང་ཉིད་ཀྱི་ཡིན་པའི་གནས་ལུགས་ཤིག་ཏུ་གྲུབ་འགྲོ་བ་དེ་རེད། 

ཐ་ན་་་་་་་་གཞན་ནས་གཡར་འོངས་པའི་དངོས་པོ་ཞིག་ཡིན་ན་ཡང་གཅིག་མཚུངས་རེད།  

ང་ཚོའི་བོད་ཡིག་ཀྱང་རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་ཏེ་འོངས་པར་བཤད་མོད། ང་ལ་མཚོན་ན་བོད་རང་གི་ཡི་གེ་དེ་གང་ལས་ཆད་མིན་ལ་འབྲེལ་བ་ཅི་ཡང་མེད་ཅིང་བོད་ཡིག་ནི་ངའི་བོད་ཡིག་རེད། རྒྱའི་拼音དེ་འང་གནའ་བོའི་ལ་ཏིང་ཡི་གེ་ནས་འོངས་པ་མིག་མཐོང་ལག་ཟིན་ཡིན་ན་ཡང་། དེ་ནི་ལ་ཏིང་གི་ཡི་གེ་ཡིན་པར་མཁས་ལེན་བྱེད་དགོས་དོན་མེད་པར་འགྱུར་ཞིང་། རྒྱ་མི་རྣམས་ལ་མཚོན་ན拼音ནི་རྒྱ་རང་གི拼音རེད།   

ཉི་ཧོང་བའི་བསམ་བློའང་དེ་དང་གཅིག་མཚུངས་ཡིན་པ་འདྲ།  

འོན་ཀྱང་། བརྩེ་དུང་གིས་ཕྱོགས་འཐེན་ཅི་ཡང་མ་བྱས་པའི་བློ་ཡིས་བལྟས་ན། རྒྱའི་མི་རིགས་ཀྱིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཉི་ཧོང་གི་བསམ་བློ་གསར་བ་དང་ལྟ་བ་གསར་བའི་མིང་བརྡ་དག་གང་འདོད་འདོད་དུ་དྲངས་ཆོག་པ་ནི་ཇི་འདྲའི་ཡིད་སྨོན་སྐྱེས་ས་ཞིག་རེད་ཨང་།  

དེར་མ་ཟད། ཡིག་བསྒྱུར་དང་མིང་གི་གདམ་གསེས་སོགས་ཀྱི་དཀའ་ལས་ཅི་ཡང་མྱངས་མི་དགོས་པར་་་་་་། 

སླར་ཡང་བརྗོད་གཞིའི་སྟེང་དུ་འབབ་པར་བྱ་སྟེ། ཉི་ཧོང་གིས་གསར་དུ་སྒྲིག་སྦྱོར་བྱས་བའི་社会ཡི་མིང་ཚིག་འདིའང་རྒྱ་རིགས་ཀྱིས་དེ་བཞིན་དུ་ནང་འདྲེན་བྱས་ཏེ་བཀོལ་སྤྱོད་བྱས་བའི་ཐ་སྙད་ཅིག་རེད། ང་རང་ཚོའི་ཕ་སྐད་ནང་དུ་སྤྱི་ཚོགས་ཞེས་ཐ་སྙད་དེ་དུས་ནམ་ཞིག་ལ་བྱུང་བ་ཕྲན་ལ་གསལ་ཆ་མེད་མོད། དུས་རབས་16པའི་ལོ་རྒྱུས་དེབ་ཐེར་སོགས་སུ་བཀོད་ཡོད་པར་བཤད། གང་ལྟར་སྤྱི་ཚོགས་ཞེས་བའི་མིང་འདི་རྒྱའམ་ཉི་ཧོང་གི་社会དང་བསྟུན་ཏེ་གསར་དུ་བཟོས་བའི་མིང་ཞིག་མིན་ཞིང་།  བོད་རང་ལ་མ་གཞི་ནས་ཡོད་པའི་མིང་དེ་ལ་དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་ཏེ་དོན་གསར་བ་ཞུགས་པའི་མིང་བརྡ་ཞིག་རེད།  འདི་ལྟར་བཤད་དོན་ནི། རང་རེའི་ཕ་སྐད་ནང་དུ་གཞི་ནས་ཡོད་པའི་སྤྱི་ཚོགས་ཞེས་བའི་ཐ་སྙད་དེའི་གོ་དོན་ནི་ད་ལྟའི་ང་རང་ཚོས་བཀོལ་བཞིན་པའི་སྤྱི་ཚོགས་ཀྱི་གོ་དོན་དང་ཡོངས་སུ་གཅིག་མཚུངས་མ་ཡིན་པར། སྡེ་ཁག་གཅིག་པ་ཞེས་བའི་གོ་དོན་ཤུགས་ཆེ། ཡིག་རྙིང་ནང་དུ་ཡོད་པའི་སྤྱི་ཚོགས་ཅེས་བའི་ཐ་སྙད་བཀོལ་སྟངས་ནི་སེ་ར་སྤྱི་ཚོགས་དང་ཡང་ན་དབུས་རུ་བཞི་སྤྱི་ཚོགས་ཞེས་བཀོལ་བ་ལས། ད་ལྟའི་བཀོལ་སྟངས་ལྟར་སྤྱི་ཚོགས་སྣང་ཚུལ་ལམ་ཡང་ན་སྤྱི་ཚོགས་འབྲེལ་བ། སྤྱི་ཚོགས་ཤེས་བྱ་ལྟ་བུའི་བཀོལ་སྟངས་བྱས་མེད།

ཡང་ཅིག་བཤད་ན། སྤྱི་ཚོགས་ཞེས་བའི་གོ་དོན་ནི་མིའི་ཚོགས་པ་ལ་གོ་བ་ཡིན་མོད། མིའི་ཚོགས་པ་ཡོད་ཚད་ལ་གོ་བ་ཞིག་ཀྱང་མ་རེད། གལ་ཏེ་གློག་བརྙན་ཁང་དུ་ཚོགས་པའི་མི་ཚོགས་དང་ཡང་ན་སྤྱི་སྤྱོད་རླངས་འཁོར་ནང་དུ་ཚོགས་པའི་མི་ཚོགས་ལ་སྤྱི་ཚོགས་ཞེས་བའི་མིང་འདི་བཀོལ་ན་མི་འཚམས། ཉི་ཧོང་གིས་གསར་དུ་སྒྲིག་སྦྱོར་བྱས་བའི་社会ལ་ལྷ་ཁང་ནང་དུ་ཚོགས་ཡོད་པའི་མི་ཚོགས་ཞེས་བའི་གནའ་བོའི་ལ་ཏིང་ཡི་གེའི་དོན་དང་མཐུན་པར་བྱས་ཡོད་པ་རེད། རྒྱའི་སྐད་ཀྱི་བརྡ་རྙིང་དུ་社ཞེས་བའི་དོན་ནི་ལྷ་ཁང་ལ་གོ་བའི་སྐབས་ཀྱང་ཡོད་པས། ཉི་ཧོང་གི་མི་སུ་ཞིག་གིས་ཡིག་བསྒྱུར་བྱས་བ་མི་གསལ་མོད། གང་ལྟར། ལ་ཏིང་ཡི་གེ་societasཡི་ནང་དོན་ཏེ་ལྷ་ཁང་དུ་ཚོགས་པ་ཞེས་བའི་དོན་འདི་ལ་མཉམ་འཇོག་བྱས་ཏེ་社ཡི་ཡི་གེ་འདི་བདམས་པར་གདོན་མི་ཟ། དེ་དུས་ཀྱི་ལྷ་ཁང་ནི་ཚོ་བ་དེའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་ལས་གཞན་ཚོ་བའི་ལས་དོན་ཐ་དག་ལ་གྲོས་བྱེད་སའང་ཡིན། དཔེར་ན། ད་ལྟའི་ང་རང་ཚོའི་སྡེ་བའི་ནང་དུ་ཡོད་པའི་མ་ཎི་ཁང་དང་འདྲ་བ་ཞིག་ལ་གོ་ཆོག་པར་སྙམ། མ་ཎི་ཁང་ལ་ཚོགས་ཞུགས་སུ་ཡོང་བའི་སྡེ་མི་ཞིག་ཡིན་ཕྱིན། དེར་ཚོགས་ཡོད་པའི་མི་གཞན་དང་ཁེ་ཕན་གྱི་འབྲེལ་བ་ཡོད་པ་ནི་སྨྲོས་མི་དགོས་པས་སྤྱི་ཚོགས་ཀྱི་འབྲེལ་བ་ཆགས་ཡོད། དེའི་ཕྱིར་社会ཞེས་བའི་མིང་ཚིག་དེ་ལ་ཕན་ཚུན་བར་ལ་ཁེ་ཕན་འབྲེལ་བ་ཆགས་ཡོད་པའི་མིའི་ཚོགས་པ་ཅེས་བའི་དོན་འདུས་ཡོད་མོད། ང་ཚོའི་ཕ་སྐད་དུ་བཀོལ་སྤྱོད་བྱེད་བཞིན་པའི་སྤྱི་ཚོགས་ཞེས་པའི་ཐ་སྙད་ཁོ་རང་སྟེང་དུ་མི་སྤྱི་ཡི་ཚོགས་པ་ཞེས་བའི་གོ་དོན་ལས་མི་ཚོགས་བར་གྱི་ཁེ་ཕན་གྱི་འབྲེལ་བ་དེ་གསལ་བོར་བསྟན་མེད་པ་འདྲ། 

འདིར་གསལ་བཤད་བྱེད་རྒྱུ་ཞིག་ནི། ཁོ་བོས་སྤྱི་ཚོགས་ཞེས་པའི་མིང་བརྡ་འདི་བསྒྱུར་དགོས་པའམ་ནོར་འདུག་ཅེས་པའི་དོན་མ་ཡིན་པར། སྤྱི་ཞེས་པའི་མིང་འདིའང་མིང་གི་སྡེབ་སྦྱོར་དང་བསྟུན་ཏེ་མིང་གཅིག་དོན་མང་ཅན་དུ་བསྒྱུར་ཏེ་གོ་བ་བླངས་ན་ཅིས་མི་ཆོག་ཅེས་པ་དེ་ཡིན། སྤྱི་དོན་དང་སྤྱི་འགྲོས་ལྟ་བུའི་སྐབས་སུ་སྤྱི་ནི་ཡོད་ཚད་དུ་གོ་མོད། སྤྱི་ཚོགས་ཀྱི་སྐབས་ཀྱི་སྤྱི་ནི་འབྲེལ་བ་ཞེས་པའི་གོ་དོན་ལ་ངོས་བཟུང་ན་མི་ཆོག་པ་ག་ལ་ཡོད། འདི་ལྟར་བཤད་ཚེ་ཐོས་མ་ཐག་ཏུ་བློ་ངོར་འཕྲོད་དཀའ་བ་བདེན་ན་ཡང་། རང་རེའི་མིང་བརྡ་དག་ལ་ཞིབ་ལྟ་ཞིག་བྱས་ཚེ། འདི་ལྟ་བུའི་འགྱུར་སྟངས་གང་མང་མང་ཡོད་པ་མཐོང་ཐུབ། གོང་མཛུབ་དང་དཀྱིལ་མཛུབ་ལྟ་བུའི་སྐབས་ཀྱི་དཀྱིལ་དང་། དཀྱིལ་དཀྲུང་ལྟ་བུའི་སྐབས་ཀྱི་དཀྱིལ་ནི་གོ་དོན་མི་མཚུངས་ཤིང་། བག་ཡོད་ཀྱི་སྐབས་ཀྱི་བག་དང་། བག་ལེབ་ཀྱི་སྐབས་ཀྱི་བག་གི་ནང་དོན་ཡང་མི་གཅིག་པ་བཞིན་དུ་སྤྱི་ཚོགས་ཀྱི་སྐབས་ཀྱི་སྤྱི་ཡི་ནང་དོན་དེ་ཡང་འབྲེལ་བ་ཞེས་པའི་དོན་དུ་འགྱུར་ཡང་ཅི་ལ་སྐྱོ།

མིང་གི་སྦྱོར་སྟངས་དང་ཚིག་གི་སྒྲིག་སྟངས། རྒྱན་གྱི་འདོགས་སྟངས་སོགས་ལ་ཐུགས་བཙན་པོའི་བརྡ་སྤྲོད་མཁན་པོ་དག་ལ་དགོངས་དག་ཞུ་མོད།  ཁོ་བོས་འདིར་འབྲི་བཞིན་པའི་རྩོམ་ཆག་འདི་དང་འདི་ལྟ་བུ་ནི། གོང་གི་ཕ་མས་གོ་ཞིང་། འོག་གི་བྱིས་པས་ཀྱང་གོ་བས་ན། བརྡ་སྤྲོད་ཀྱི་རྣམ་བཞག་དང་མཐུན་མི་མཐུན་ལ་ཁོ་བོར་སེམས་ཁྲལ་ཅི་ཡང་མི་འབྱུང་ཞིང་། ལྷག་པར་དུ་ནོར་འཁྲུལ་ཞིག་ཏུ་ནམ་ཡང་བསམ་མི་སྲིད། དེ་ལས་ལྡོག་སྟེ་བརྡ་སྤྲོད་ཀྱི་རྣམ་བཞག་གིས་ལེགས་པར་བཅིངས་ཤིང་། ཚིག་རྒྱན་དང་མངོན་བརྗོད་ཀྱིས་དམ་དུ་གཅུད་མཐར། གོང་གི་ཕ་མས་ཀྱང་མི་གོ་ཞིང་། འོག་གི་བྱིས་པས་ཀྱང་མི་ཤེས་པའི་འབྲི་སྟངས་ལ་ཐེ་ཚོམ་ཆེན་པོ་སྐྱེས། ཡི་གེ་ཡིས་ཞབས་འདེགས་ཞུ་ཡུལ་ནི་སྐད་ཆ་ཡིན་ཞིང་། སྐད་ཆའི་འཕེལ་འགྱུར་དང་བསྟུན་ཏེ་ཡི་གེའི་སྤྱོད་སྟངས་ཀྱང་འགྱུར་དགོས་བ་ནི་ཆོས་ཉིད་རེད། འཛམ་གླིང་ཧྲིལ་བོའི་ས་ཆ་གང་དུའང་ཡི་གེ་དེ་སྐད་ལ་བསྟུན་ཏེ་འགྱུར་ལྡོག་འབྱུང་བཞིན་ཡོད་པ་ལས། སྐད་དེ་ཡི་གེའི་རྣམ་བཞག་ལ་བསྟུན་པ་ཞིག་ཡེ་ནས་མ་མཐོང་བས། མཚམས་རེར་བརྡ་སྤྲོད་མཁན་པོ་ཁྱེད་ཅག་ཀྱང་དོགས་པ་ཟ་བའི་ང་ལའང་ཅི་ཁག ། འོན་ཀྱང་།  ཁག་ཅིག་གིས་དེ་ལྟར་ན་རྒྱ་རྣམས་ཀྱིས་ཀྱང་རྒྱ་སྐད་དེ་普通话ཡི་བརྡ་སྤྲོད་དང་བསྟུན་བཞིན་ཡོད་པ་མ་ཡིན་ནམ་ཞེས་དྲི་བ་རླབས་པོ་ཆེ་འདྲི་བའང་ཡོད་སྲིད་མོད། དོན་ངོ་མར་དེ་ནི་སྐད་རིགས་ཀྱི་རྟ་ཕོ་ལ་ཆབ་སྲིད་ཀྱི་ལྕགས་སྲབ་བསྐོན་པ་ལས་མ་འདས་པའི་སྣང་ཚུལ་ཞིག་ཡིན་པ་ལས། སྐད་རིགས་ཁོ་རང་ཉིད་ཀྱི་འཕེལ་ཕྱོགས་ཡང་དག་དེ་ཡིན་པར་སུས་ཀྱང་བརྗོད་མེད།    

སྐད་དང་ཡི་གེ་ལས་འཆད་དེ་འབྲི་འདོད་པའི་གླེང་གཞི་བོར་ལ་ཉེ་བས་མཚམས་འཇོག

རྩོམ་ཆག་འདི་འབྲི་འདོད་པའི་དམིགས་ཡུལ་ནི། ང་ཚོའི་རིག་གཞུང་གསར་བའི་དཔེ་ཆ་གང་ཞིག་ལ་ལྟ་དུས་ཀྱང་། བོད་ཡིག་ལ་བསྒྱུར་ཟིན་པ་དང་འགྱུར་བཞིན་པའི་མིང་བརྡ་དག་གི་ཁུངས་འདེད་དེ་ཐ་སྙད་གསར་བ་དེར་གོ་བ་ཁུངས་བཙན་ཞིག་ལེན་མ་ཐུབ་ཚེ། དེང་རབས་ཀྱི་རིག་གཞུང་གསར་བའི་དཔེ་དེབ་གང་ལ་བལྟས་ཀྱང་ནང་དོན་གནད་དུ་འཁེལ་བའམ་ཚད་ལྡན་གྱི་གོ་བ་ཞིག་ལེན་དཀའ་བར་འགྱུར་ཞེས་པ་དེ་ཡིན།  རིག་གཞུང་གསར་བའི་དཔེ་དེབ་མང་པོ་ཞིག་ལ་བོད་ཡིག་གིས་ལྟ་བ་ལས་རྒྱ་ཡིག་གིས་བལྟས་ན་གོ་བ་ལོན་པ་འདྲ་བའི་སྣང་ཚུལ་བྱུང་དང་འབྱུང་བཞིན་ཡོད་པའང་བརྡ་ཆད་གསར་བ་དག་ལ་རྒྱུས་ལོན་ཚད་ལྡན་ཞིག་བྱས་མེད་པས་ཡིན་ཞིང་། ཡང་གཅིག་བཤད་ན། མིང་བརྡ་གསར་བ་དག་ང་ཚོའི་དཔངས་མཐོ་བའི་སྲོལ་རྒྱུན་རིག་གནས་ཀྱི་ནང་ད་དུང་རྐང་ཚུགས་མེད་པའི་རྐྱེན་གྱིས་ཀྱང་རེད། ང་ཚོའི་མི་རིགས་འདི་ཆོས་ལུགས་དང་འབྲེལ་བའི་མིང་བརྡ་དག་ལ་ཞིབ་ཅིང་ཕྲ་བར་འཇུག་པར་གོམས་ཡོད་ནའང་། ཡིད་སྐྱོ་བ་ཞིག་ལ་རྒྱ་ཡིག་གམ་ཕྱི་ཡིག་ལས་འགྱུར་བའི་དེང་རབས་ཀྱི་མིང་བརྡ་གསར་བ་དག་ལ་དོ་སྣང་དེ་འདྲ་མི་བྱེད་པ་དེ་རེད། སྤྱི་ཚོགས་ཅེས་པའི་མིང་བརྡ་འདི་ལའང་དག་ཡིག་གསར་སྒྲིག་སོགས་སུ་འགྲེལ་བ་ཉིང་བསྡུས་ཤིག་བརྒྱབ་འདུག་མོད། སུ་ཞིག་གིས་དང་དུ་བླངས་ཏེ་བསྔོག་ཡོད་དམ། དེ་ལས་ལྡོག་སྟེ་འཚོ་བ་དང་བར་ཐག་རིང་པའི་བྱང་ཆུབ་དང་སེམས་དཔའ་ལྟ་བུའི་ཐ་སྙད་ཀྱི་ཀློང་དུ་ང་ཚོའི་མིག་འབྲས་དེ་འོད་དུ་འཚེར་ཞིང་རབ་ཏུ་རྣོ།  

གོང་དུ་སྤྱི་ཚོགས་ཞེས་པའི་བརྡ་ཆད་ཀྱི་གོ་འཛོལ་རག་ཙམ་བྲིས་པ་ཡིན་མོད། གོ་འཛོལ་བྱུང་ཡོད་པའི་གསར་བྱུང་བརྡ་ཆད་ནི་བགྲང་གིས་མི་ལངས་པ་ཞིག་ཡོད་དེ། སྤྱི་ཡིག་གིས་གྲུབ་པའི་མིང་བརྡའི་ནང་དུའང་སྤྱི་མཐུན་དང་སྤྱི་དམངས་ལ་སོགས་གོ་འཛོལ་བྱུང་དང་འབྱུང་བཞིན་པའི་བརྡ་གསར་གང་འདོད་འདོད་དྲངས་ཆོག །གཤམ་དུ་མིང་བརྡ་གསར་བ་གཞན་ཞིག་དཔེ་རུ་དྲངས་ཏེ་ཐ་སྙད་གསར་བའི་གོ་འཛོལ་དང་། གོ་འཛོལ་དེའི་མཇུག་འབྲས་ཀྱི་ཐད་ལ་གསལ་བཤད་གོ་བདེ་བ་ཞིག་བྱ་སྟེ། ཐེངས་འདིར་དཔེ་རུ་དྲངས་རྒྱུའི་མིང་བརྡ་ནི་རྒྱལ་སྤྱི་ཞེས་པའི་བརྡ་ཆད་དེ་ཡིན།

རྒྱལ་སྤྱི་ཞེས་པའི་བརྡ་ཆད་འདིའི་ནང་དོན་ངོ་མ་ནི་རྒྱལ་ཁབ་ཕན་ཚུན་གྱི་བར་དུ་ཞེས་པ་དེ་ཡིན་ཞིང་། རྒྱལ་ཁབ་གཉིས་ཡན་ཆད་ལ་རྒྱལ་སྤྱི་ཟེར། མིང་བརྡ་འདི་ནི་ཉེ་རབས་སུ་བྱུང་བའི་ཆབ་སྲིད་བརྡ་ཆད་ཅིག་ཡིན་ཏེ། དབྱིན་ཡིག་གིinternationalདེ་ཉི་ཧོང་གིས་国際རུ་བསྒྱུར་བ་དང་། རྒྱའི་མི་རིགས་ཀྱིས་ཉི་ཧོང་ནས་ཇི་མ་ཇི་བཞིན་ནང་འདྲེན་བྱས་ཤིང་། བཅིངས་འགྲོལ་རྗེས་སུ་བོད་ཡིག་ཏུ་རྒྱལ་སྤྱི་ཞེས་བསྒྱུར་བར་བཤད། དབྱིན་ཡིག་internationalདེ་ཐད་སྒྱུར་བྱས་ཚེ་interནི་ཕན་ཚུན་གྱི་བར་དུ་ཞེས་པའི་དོན་ཡིན་ཞིང་། nationalནི་རྒྱལ་ཁབ་ཅེས་པའི་དོན་རེད། རྒྱ་ཡིག་གི際ཟེར་བའི་མིང་འདིའི་ནང་དོན་ཡང་ཕན་ཚུན་གྱི་བར་དང་མཚམས་སོགས་སུ་གོ་བས། ཉི་ཧོང་བས国際རུ་བསྒྱུར། ཡིན་ན་ཡང་ཉི་ཡིག་ཏུ་མིང་བརྡ་འདི་བཀོལ་དུས་སུ་ཚིག་གྲོགས་ཤིག་ངེས་པར་དུ་དགོས་ཤིང་། ཚིག་གྲོགས་ཤིག་མ་སྦྱར་ཚེ་དོན་ཆ་ཚང་ཞིག་སྟོན་ཐུབ་གྱི་མེད། དཔེར་ན། 国際関係རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་དང་། 国際聯盟རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་མནའ་འབྲེལ། 国際政治རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཆབ་སྲིད་སོགས་རེད། 国际ཞེས་པའི་མིང་བརྡ་འདི་ཅིས་ཕྱིར་རང་ལྕོགས་མི་ཐུབ་པའི་མིང་བརྡ་ཞིག་ཡིན་པའི་ཐད་ལ། ང་ཚོས་དེ་དང་རིགས་གཅིག་པའི་རྒྱའི་ཐ་སྙད人际ལྟ་བུའི་བཀོལ་སྟངས་ལ་རིགས་བསྒྲེས་ཏེ་བལྟས་ཚེ་ཤེས་ཐུབ། 人际关系ནི་མི་དང་མིའི་བར་གྱི་འབྲེལ་བ་དང་།人际交流ནི་མི་དང་མའི་བར་གྱི་བརྗེ་རེས་སོགས་ཚིག་གྲོགས་མ་སྦྱར་བར人际གཅིག་པུར་བཀོལ་བ་ཡིན་ན། ནང་དོན་ཆ་མི་ཚང་བ་དང་། སྐད་ཆ་དེ་མཇུག་སྒྲིལ་མེད་པ་དེ་བཞིན་རེད། དེ་བས国際ཀྱི་མིང་འདིའང་ཚིག་གྲོགས་མེད་པར་བཀོལ་བའི་སྐབས་ནི་ཤིན་དུ་ཕྲ། དོན་ངོ་མར国际ནི་རྒྱལ་སྤྱི་ཞེས་པའི་མིང་གི་མཐའ་ལ་འབྲེལ་སྒྲ་སྦྱར་བའི་རྒྱལ་སྤྱི་ཡི་འམ་རྒྱལ་སྤྱིའི་ཞེས་པ་དང་ཐག་ཉེ་བ་ཞིག་རེད།

འདིར་བསྐྱར་བཤད་བྱེད་རྒྱུ་ཞིག་ལ། རྒྱལ་སྤྱི་ཞེས་པའི་མདོ་དབུས་ཁམས་གསུམ་དུ་གཅིག་གྱུར་གྱིས་གཏན་འཇགས་སུ་གྱུར་ཟིན་པའི་མིང་བརྡ་འདི་ལ་སྐྱོན་རྒྱག་འདོད་པ་མ་ཡིན་པར། རྒྱལ་སྤྱི་ཞེས་པའི་སྐབས་ཀྱི་སྤྱི་ནི་སྤྱི་ཚོགས་ཀྱི་སྤྱི་དང་མི་གཅིག་པར། སྐབས་འདིའི་སྤྱི་ནི་ཕན་ཚུན་ནམ་བར་ཞེས་པར་གོ་ན་འཕྲོད་ཅེས་པ་དེ་ཡིན།  

གོང་དུ་བྲིས་པ་ལྟར་རྒྱལ་སྤྱི་ཞེས་པའི་ནང་དོན་ལ་གོ་བ་རོབ་ཙམ་བླངས་རྗེས། ང་ཚོས་རྒྱུན་དུ་མཐོང་བའི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཞེས་པའི་ཚིག་འདི་ལ་ཡང་། རྒྱལ་ཁབ་ཕན་ཚུན་གྱི་བྱིས་པའི་དུས་ཆེན་ཞེས་པར་གོ་བ་བླངས་ཚེ་རན་ཞིང་འཕྲོད།   དོན་ངོ་མར་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ནི་དུས་རབས་སྔོན་མའི་ལོ་རབས་ཉི་ཤུའི་ནང་སྤྱི་ཚོགས་རིང་ལུགས་པའི་རྒྱལ་ཁབ་ཁག་ཅིག་གིས་ཕན་ཚུན་བར་དུ་གཏན་ལ་ཁེལ་བའི་བྱིས་པའི་དུས་ཆེན་ཞིག་རེད། སྐབས་དེར་རྒྱལ་ཁབ་ལྔ་བཅུ་ལྷག་ཅིག་གྲོས་ཚོགས་སུ་ཞུགས་ཏེ་གཏན་ལ་ཁེལ་བར་བཤད།  ཉི་ཧོང་དུའང་བྱིས་པའི་དུས་ཆེན་གྱི་ཉིན་མོ་ཡོད་མོད། ཉིན་དེ་ལ་གོང་དམར་འདོགས་མི་དགོས་ཤིང་། རྩ་འཛུགས་ཀྱིས་བསྒྲུབས་པའི་སྲིད་གཞུང་གི་བྱ་འགུལ་ཅི་ཡང་མེད་པས། ཉིན་མོ་དེར་བྱིས་པའི་དུས་ཆེན་གྱི་གུང་གསེང་བེད་སྤྱད་ནས་ཕ་མ་རྣམས་ཀྱིས་བྱིས་པ་ཁྲིད་དེ་རྩེ་རུ་འགྲོ་བ་རེད། ཉི་ཧོང་གི་བྱིས་པའི་དུས་ཆེན་ནི་ཟླ་ལྔ་བའི་ཚེས་ལྔ་ཉིན་རེད། ཨ་རི་ལྟ་བུ་ཡིན་ན་མངའ་སྡེ་མི་གཅིག་པ་བཞིན་དུ་བྱིས་པའི་དུས་ཆེན་ཡང་མི་གཅིག་པ་རེད།

གང་ལྟར་རྒྱལ་སྤྱི་ཞེས་པའི་ཐ་སྙད་འདིའི་གོ་བ་མ་ནོར་བར་ལོན་སོང་བ་ཡིན་ན། ད་གཟོད་གསར་འགྱུར་ལས་རྒྱུན་དུ་མཐོང་བའི་ཀྲུང་གོའི་ཅི་དང་ཅི་ཞིག་ལ་རྒྱལ་སྤྱིའི་རྟགས་མ་ཐོབ་ཅེས་པ་ལའང་གོ་བ་གནད་དུ་ཁེལ་བ་ཞིག་ལེན་ཐུབ་པར་འགྱུར་རོ།།

གོང་དུ་བྲིས་པ་ནི་བརྡ་ཆད་གསར་བའི་གོ་འཛོལ་དང་། གོ་འཛོལ་དེས་རིག་གཞུང་གསར་བའི་གོ་བ་ལེན་སྟངས་ལ་ཐེབས་པའི་ཤུགས་རྐྱེན་སོགས་གོ་བདེ་བའི་དཔེ་ཡིས་མཚོན་ཏེ་བྲིས་པ་ལྟ་བུ་ཞིག་ཡིན་ནོ།།  

ནམ་ཞིག་ཆོས་ལུགས་དང་གནའ་བོའི་ལོ་རྒྱུས་ཀྱིས་ཡོངས་སུ་སྒེར་གཅོད་བྱས་ཡོད་པའི་བོད་ཀྱི་དཔེ་སྒྲོམ་དེའང་། རིག་གཞུང་གསར་བའི་དཔེ་ཚོགས་ཀྱིས་ཡོངས་སུ་བཅུམས་ཤིང་། ང་ཚོའི་མིང་བརྡ་དག་ཀྱང་འཛམ་གླིང་གི་རིག་གཞུང་གསར་བའི་འགྲོས་དང་བསྟུན་ཏེ་གོམ་པའི་འདེགས་འཇོག་བསྒྱུར་ཐུབ་པར་སྨོན་ཞེས་པའི་ཉག་ཕྲ་བའི་ཁ་གཡང་ཞིག་ཀྱང་བོས་སོ།།

ད་དུང་འབྲི་འདོད་པའོ་ཚིག་གཅིག་ལུས་འདུག་སྟེ། ཆོས་ལུགས་དང་གནའ་བོའི་ལོ་རྒྱུས་ནི་རླབས་ཆེན་གྱི་ཆེད་ལས་ཤེས་བྱ་རེ་རེ་ཡིན་མོད། འོན་ཀྱང་། ང་ཚོས་ཡོན་ཏན་ནམ་ཤེས་བྱ་ཞེས་བརྗོད་ཚེ་ཆེད་ལས་འདི་གཉིས་ཁོ་ན་ལ་ངོས་འཛིན་བྱེད་ཀྱིན་འདུག་པས། ང་ཚོ་ནི་འཕེལ་རྒྱས་སུ་ཇི་ལྟར་འགྲོ །འཛམ་གླིང་གི་སློབ་གསོ་ནི་མདུན་ཕྱོགས་སུ་འཁོར་ཏེ་སྔོན་ནས་སྔོན་དུ་བསྐྱོད་བཞིན་ཡོད་ནའང་། ང་ཚོའི་སློབ་གསོ་ནི་རྒྱབ་ཕྱོགས་སུ་འཁོར་ཏེ་གནའ་རབས་དང་རྙིང་པ་ཐམས་ཅད་ཤེས་བྱ་དང་ཡོན་ཏན་དུ་སྒོམ་པ་ནི་མི་རིགས་འདིའི་ལ་རྒྱ་ཞེས་པ་དེ་ཨེ་ཡིན།

ང་རང་ཉིད་ལ་མཚོན་ན་སྲོལ་རྒྱུན་དང་ཆོས་ལུགས་ལ་རབ་ཏུ་དད་ཅིང་། འཚོ་བ་ལ་དེ་བས་ཀྱང་དུངས། 

མཇུག་མཐར་སྲོལ་རྒྱུན་གྱི་ཚིགས་བཅད་གཅིག་དང་ལྷན་དུ་མཇུག་བསྡུ་སྟེ།

དགྲ་ལ་མི་སྐྲག་དཔོན་ལ་མི་བཀུར་ཞིང་།། ཆོས་ལ་མི་བསྙད་སྲིད་ལ་མི་དད་པའི།། རང་བློ་རང་ལ་འཕྲོད་པའི་སྣང་བ་འདི།། རི་དྭགས་རི་ལ་ཤོར་བའི་རྐྱང་རྒོད་བཞིན།། རྫོགས།

 

པདྨ་རྡོ་རྗེ།  ལོ་རབས་བདུན་བཅུའི་ནང་རེབ་གོང་ནས་སྐྱེས།  དུ་ཆང་དང་འདུ་འཛོམས་སྟོན་མོ།  གཞན་གྱི་ངོ་བསྟོད་སོགས་ལ་རབ་ཏུ་དགའ།  སྙན་ངག་དང་སྣུམ་ཚོན་རི་མོ། དཔེ་ཀློག་སོགས་ལ་ཅུང་དད།  སྒྲིག་ལམ་དང་དབང་ཤེད། འཚོ་བ་དང་བར་ཐག་རིང་བའི་ཞིབ་འཇུག་པ་དང་མཁས་པ་སོགས་ལ་སུན། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྒྱ་རིགས་སློབ་མའི་དགེ་རྒན་དཀྱུས་མ་ཞིག་ཡིན།

广告位招租