གནའ་རབས་བོད་ཀྱི་བཙན་པོའི་གདུང་རྒྱུད་ལ་སྤུ་རྒྱལ་དང་སྤུར་རྒྱལ་ཞེས་པའི་ཐ་སྙད་འདི་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བ་ཡོད་པའི་བརྡ་ཆད་ཅིག་ཡིན་པས། སྔོན་བྱོན་མཁས་པ་མང་པོས་བཞེད་དགོངས་མི་འདྲ་བ་དུ་མ་ལྷགས་ཏེ། ལོ་རྒྱུས་ཀྱི་ཡི་གེ་རྣམས་ལས་སྤུ་རྒྱལ་དང་། སྤུར་རྒྱལ། པུར་རྒྱལ་སོགས་འབྲི་ཚུལ་མི་འདྲ་བ་ཁ་ཤས་བྱུང་བ་མ་ཟད། ཐ་སྙད་ཀྱི་གོ་བ་ལེན་སྟངས་ཡང་མི་འདྲ་བ་མང་པོ་བྱུང་ཡོད།

ཡོངས་གྲགས་བོད་ཀྱི་ལོ་རྒྱུས་མང་པོར་སྤུ་རྒྱལ་ཞེས་པ་ནི་རྒྱལ་པོ་གྲི་གུམ་བཙན་པོའི་སྲས་བྱ་ཁྲིའི་མཚན་དུ་འདོད་ཅིང་། དེ་ཡང་བྱ་ཁྲི་རྒྱལ་སར་འགོད་དུས་ནམ་མཁའ་ནས་”བུ་དེ་ཀུན། ལས་རྒྱལ་བར་འགྱུར་རོ།”ཞེས་པའི་སྒྲ་བྱུང་བ་འབངས་ཀྱིས་སྒྲ་ཉམས་ནས་སྤུ་དེ་གུང་རྒྱལ་དུ་ཆགས་པ་ཡིན་ཟེར་པས། ཕྱིས་ཀྱི་བཙན་པོ་དག་གི་མཚན་ལ་སྤུ་རྒྱལ་ཞེས་པའང་ཡིག་འབྲུ་བཞི་བོའི་ཐོག་མཐའ་གཉིས་སྦྱར་བའི་བསྡུས་མིང་དུ་འདོད་ཅིང་། ལ་ལས་གཉའ་ཁྲི་ནས་སྲིབ་ཁྲི་བཙན་པོའི་བར་དུ་གནམ་གྱི་ཁྲི་བདུན་དུ་གྲགས་པ་དེ་དག་པུར་མེད་མཁའ་ལ་འཇའ་ལྟར་ཡལ་བས་པུར་ལས་རྒྱལ་བས་ན་མཚན་པུར་རྒྱལ་དུ་ཆགས་པ་ཡིན་ཟེར། ཡང་ཁ་ཅིག་གིས་ནོར་སྤུ་ཅན་ནི་གཡག་གི་མིང་ཡིན་ཏེ་གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་པོར་འབྱོར་དུས་བོད་ཀྱི་སོ་ནམ་གྱི་གཙོ་བོ་འབྲི་གཡག་སྐྱོང་བ་ལ་བརྟེན་པ་ཡིན་སྟབས་སྔར་གྱི་ཡིག་ཆ་ནའང་། “མི་མགོན་མེད་རྣམས་ཀྱི་མགོན་དུ་གཤེགས།། གཡག་བདག་མེད་རྣམས་ཀྱི་བདག་ཏུ་གཤེགས། །”ཞེས་པ་ལྟར། ནོར་སྤུ་ཅན་གཡག་གི་བདག་པོའམ་རྒྱལ་པོར་བྱོན་པས་ན་སྤུ་རྒྱལ་ཞེས་ཐོགས་པར་བཤད།

ཡང་ཕྱིས་ཀྱི་དཔྱད་བརྗོད་པ་ཁག་ཅིག་གིས་<<ཏུང་ཧོང་ཡིག་རྙིང་ཤོག་དྲིལ>>ལས། ར་མ་ནའི་རྟོགས་བརྗོད་བསྒྱུར་ཡིག་ཁག་དང་པོའི་ནང་དུ་”རྒན་ཡང་ར་མ་ན་རྒན་པའི་སྟེང་དུ། གླིང་བཞིའི་རྒྱལ་པོ་ཤིན་ཏུ་ཡང་དགའ་ལ། མཐུ་ཅོལ་དང་རྫུ་འཕྲུལ་ཆེ་བའི་སྟེང་དུ། རྒྱལ་པོ་སྤུ་ལ་ཡང་ར་མ་ན་འབབ།”ཅེས་པ་སོགས་ཀྱི་ཐ་སྙད་ལ་དཔྱད་དེ་སྤུ་ཞེས་པའི་གནའ་ཡིག་དེའི་དོན་ལ་གོ་བ་ལེན་སྐབས་བཙན་པོའི་གདུང་རྒྱུད་ལ་”སྤུ་རྒྱལ་”ཞེས་གྲགས་པའི་གོ་དོན་ཡང་སྐལ་བ་ལྡན་པའི་རྒྱལ་པོའམ། འོས་པའི་རྒྱལ་པོ། རེས་སུ་བབས་པའི་རྒྱལ་པོ། སྐབས་སུ་བབས་པའི་རྒྱལ་པོ་ཞེས་པ་ལྟ་བུ་གང་རུང་ལ་གོ་བར་འདོད་ལ། ཡང་ཁ་ཅིག་གིས་སྔར་རྒྱ་གར་རྣམས་ཀྱིས་བོད་བྲེ་ཏ་པུ་རིའི་རྒྱལ་ཁབ་ཅེས་པའི་ཚིག་ཟུར་ལས་བྱུང་བར་འདོད་པའང་ཡོད།

གཞན་ཡང་འོ་ལྡེ་སྤུ་རྒྱལ་ཏེ་རྗེ་གཉའ་ཁྲི་བཙན་པོའི་མཚན་ལ་དེ་ལྟར་མངའ་བས། དེའི་རྒྱུད་པ་འཛིན་པའི་རྒྱལ་བོ་རྣམས་ལའང་མིང་དེ་ཐོགས་པ་ཡིན་ནོ། ཞེས་པ་སོགས་བོད་ཀྱི་ཐ་སྙད་རང་སྟེང་གི་གོ་བ་གཞི་ལ་བཞག་ནས་དཔྱད་པ་མང་ཙམ་འདུག་ནའང་། སྐབས་དེའི་བཙན་པོ་དག་གི་མཚན་དེ་བོད་སྐད་རྣལ་མ་ཞིག་ཡིན་མིན་དང་དེའི་འབྱུང་ཁུངས། མཚན་གསོལ་མཁན་གང་དག་དང་འབྲེལ་བ་ཡོད་མིན་སོགས་ཀྱི་ཐད་ནས་ཀྱང་ཞིབ་འདང་ཞིག་རྒྱག་དགོས་པར་སྙམ་ཏེ། བྱ་ཁྲི་བཙན་པོའི་མཚན་ལ་<<ཆོས་འབྱུང་མཁས་པའི་དགའ་སྟོན་>>ལས།”་པུ་དེ་གུང་རྒྱལ་”ཞེས་དང་། འགོས་ལོའི་<<དེབ་སྔོན་>>དང་། <<རྒྱལ་རབས་གསལ་བའི་མེ་ལོང་>>དུ། “སྤུ་ལྡེ་གུང་རྒྱལ”ཞེས་དང་། <<ཏུང་ཧོང་ཡིག་ཚང་>>དང་། <<རྒྱལ་བོ་བཀའ་ཐང་>> <<དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་>>བཅས་སུ། “སྤུ་དེ་གུང་རྒྱལ་”ཞེས་དང་། བུ་སྟོན་ཆོས་འབྱུང་དུ་“སྤུ་ཁྲི་གུང་རྒྱལ་”སོགས་སྔར་གྱི་མཁས་པ་དག་གིས་བཞེད་དགོངས་མི་འདྲ་བ་འདི་དག་མང་དུ་བྱུང་པས་ན། བུ་དེ་ཀུན་ལས་རྒྱལ་བར་འགྱུར་རོ་ཞེས་པ་འབངས་ཀྱིས་སྒྲ་ཉམས་པ་ལས་བྱུང་བའི་རྟོག་པས་ཀྱང་ཚུགས་མི་ཐུབ་ཅིང་། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་མཚན་ལའང་ལྷ་སའི་རྡོ་རིང་ལས། “༄༅།། འཕྲུལ་གྱི་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ་”ཞེས་དང་། <<རྒྱལ་བོ་བཀའ་ཐང་>>ལས། བོད་ཀྱི་བཙན་པོ་འོ་དེ་སྤུར་རྒྱལ་དེ་ཿགནམ་གྱི་ལྷ་ལས་མི་ཡི་རྗེ་རུ་གཤེགས༔ ཞེས་འབྱུང་བ་མ་ཟད། སྔར་གྱི་ལོ་རྒྱུས་དག་ན་གཉའ་ཁྲི་ཅེས་པར་ཡང་། གཉའ་ཁྲི་དང་། སྙ་ཁྲི། ཉག་ཁྲི་སོགས་ཡིག་གཟུགས་མི་འདྲ་བ་དུ་མ་བྱུང་། <<ཏུན་ཧོང་ཡིག་ཚང་>> དང་<<རྒྱལ་བོ་བཀའ་ཐང་>> སོགས་སྔོན་གྱི་ཡིག་རྙིང་ཕལ་མོ་ཆེ་ན། བཙན་པོ་གནམ་རི་སྲོང་བཙན་དང་ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས་བཙན་པོ་དེ་དག་གི་མཚན་མགོར་ཡང་སྤུ་རྒྱལ་ཞེས་པའི་ཐ་སྙད་འདི་ཐོན་ཅིང་། གཞན་ཡང་བཙན་པོ་རིམ་བྱོན་རྣམས་ཀྱི་མཚན་དངོས་སུ་མ་ཐོན་པར་ཚབ་མིང་དུ་སྤུ་རྒྱལ་དང་སྤུར་རྒྱལ་ཞེས་པའི་ཐ་སྙད་འདི་སྔོན་གྱི་རྒྱལ་རབས་དག་ན་མང་པོ་ཡོད་པ་མ་ཟད། “སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་”ཞེས་བོད་ཀྱི་ཡུལ་ཁམས་ལ་ངོས་འཛིན་པའང་ཕྱིས་སུ་ཁྱབ་ཆེའོ།།

དེས་ན་སྤུ་རྒྱལ་དང་། སྤུར་རྒྱལ། པུར་རྒྱལ་ལ་སོགས་པའི་བརྡ་ཚིག་འདི་ནི་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་མཚན་ལ་འོ་ལྡེ་སྤུ་རྒྱལ་དུ་འབོད་པས་བཙན་པོ་རིམ་བྱོན་ལ་སྤུ་རྒྱལ་དང་སྤུར་རྒྱལ་ཞེས་པ་བཙན་པོ་ཐོག་མ་དག་གི་མཚན་ལས་དྲངས་ཏེ་གདུང་རྒྱུད་ལ་བཏགས་པའི་རུས་རྒྱུད་ལྟ་བུར་གྱུར་ཡོད། སྤྱིར་སྤུ་ཞེས་པའི་ཐ་སྙད་འདི་ནི་ལུས་ཀྱི་སྤུ་སོགས་དང་། སྤུ་དམག་ཅེས་པ་ནི་སྤུ་སྐྱེད་ཀྱི་དམག་ཏེ་བོད་དམག་ལ་འཇུག སྤུ་ལ་བབས་ནི་རུང་བའམ་བློ་ལ་བབས་པའི་དོན། སྤུ་བསྙལ་བ་ནི་ཁོང་ཁྲོ་བཅག་པའམ་ཉེས་པ་བཤགས་པ། སྤུ་རིས་གཅོད་པ་ནི་དབྱེ་བ་གཅོད་པའམ་འབྱེད་པ། སྤུ་སུའམ་སྤུ་སུད་ནི་ཡུན་ཐུང་ངམ་སྤྲོ་ཐུང་བའི་དོན། སྤུར་རྒྱལ་ཞེས་པ་ནི་བོད་ཡུལ་ཏེ་བོད་ཁམས་སྤྱི་ལ་ངོས་འཛིན་དང་། སྤུར་ཞེས་པའང་འཕུར་བ་དང་། བསྐྱོད་པ། སྦྱིན་པ། པུར་སོགས་ལ་འཇུག་ཚུལ་བཤད་པ་ནི་ཕྱིས་སུ་བོད་ཀྱི་བརྡ་རྙིང་ཁག་ལས་དེ་ལྟར་འབྲུ་དོན་གཉེར་ཞིང་། དེ་དག་ལས་སྤུ་ཞེས་པ་ནི་ཕྱི་ལོ་༨༣༣ བཙུགས་པའི་ལྷ་སའི་རྡོ་རིང་གི་ངོས་སུ་ཡོད་པ་ནི་ཆེས་སྔ་ཤོས་ཡིན་ན་ཡང་། བོད་སྐད་གཙང་སངས་པ་ཞིག་གི་སྒོ་ནས་སྔར་གྱི་རྒྱལ་རབས་ཆོས་འབྱུང་ཁག་ནའང་རྒྱས་འགྲེལ་བྱེད་མྱོང་མེད་པའི་ཚུལ་ལ་བལྟས་ན། འདི་ནི་བོད་རང་གི་ཐ་སྙད་དངོས་མ་ཞིག་མ་ཡིན་པར་ཞང་ཞུང་གི་སྐད་དོད་ཅིག་ཡིན་པར་སྙམ།

སྤུར་ཞེས་པའང་ཕྱིས་འབྱུང་གི་ཐ་སྙད་ཅིག་ཏུ་གོ དེས་ན་སྔོན་གྱི་མཁས་པ་དག་གིས་ནོར་སྤུ་ཅན་གྱི་བདག་པོ་དང་། པུར་ལས་རྒྱལ་བ། སྤུ་ལ་བབས་ཅེས་པ་འོས་པ་དང་རེས་སུ་བབས་པ། བུ་དེ་ཀུན་ལས་རྒྱལ་བ་ཞེས་པའི་དོན་སོགས་ལ་མ་འགྲེལ་ལམ་ཞེ་ན། བདེན་དེ་ཁོ་བོས་ཀྱང་ཁྱེད་ཅག་ལ་དེ་ཙམ་གྱི་བདེན་ཁ་སྤྲོད་པར་བྱ་སྟེ། དེས་ན་སྤུར་ཞེས་པའི་ཐ་སྙད་འདི་འཕུར་བ་ལ་འཇུག་ཅིང་། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་སྲིབ་ཁྲི་བཙན་པོའི་བར་ལ་གནམ་གྱི་ཁྲི་བདུན་དུ་གྲགས་ཤིང་། སྔ་རབས་ལོ་རྒྱུས་རྣམས་སུ་འདི་དག་རི་བྲག་ལ་ཐོགས་པ་མེད་ཅིང་ནམ་མཁའ་གཤེགས་བཞུད་མཛད། མཐར་རྨུ་ཐག་ལ་འཇུས་ནས་མཁའ་ལ་གཤེགས་པའམ་འཕུར་བས་ཤུལ་དུ་པུར་མེད་པས་བང་སོ་གནམ་ལ་བཏབ་སྟེ་གནམ་གྱི་ཁྲི་བདུན་དུ་གྲགས་པ་ནས་བཟུང་། མཚན་གྱི་ཆེ་བ་འདོན་ཕྱིར་ཕྱིས་ཀྱི་བཙན་པོ་རིམ་བྱོན་གྱི་མཚན་ལ་འཕུར་རྒྱལ་ལམ་སྤུར་རྒྱལ་དུ་གྲགས། ཞེས་བརྗོད་ན་ཅི་ཞིག་སྨྲ། ཨ་ཅང་ཀུ་རེ་ལགས་མོད། ཚིག་གྲོགས་ལ་བརྟགས་ནས་གནའ་བོའི་ཐ་སྙད་འདི་དག་གི་སྐོར་ལ་སྒྲ་བཤད་ཐོལ་ལེ་བ་ཞིག་བསྐྱོན་པས་ཅི་ཡང་མི་འོང་བས། བཙན་པོ་དེ་དག་གི་དུས་སྐབས་དངོས་ལ་གཞིགས་ན་ཆོས་སྲིད་ལོ་རྒྱུས་དང་། བརྡ་དང་ཐ་སྙད། ཐ་ན་རྒྱལ་ཁབ་དང་མི་རིགས་གཞན་གང་དག་དང་མཐུན་ལམ་ཡོད་པ་སོགས་སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དངོས་ལ་དཔྱད་པ་ནི་གནད་དམ་པ་སྟེ། ལོ་ངོ་སྟོང་ཕྲག་འདས་པའི་ལོ་རྒྱུས་ལ་ཞིབ་འདང་གི་དཔྱད་པས་རྒྱུ་མཚན་རེ་བཙལ་བ་མ་གཏོགས་ཁ་ཚོན་གཅོད་དཀའ་བ་ནི་“ལོ་ཉིས་སྟོང་ལོན་པའི་རྒན་པོ་འདྲ་ཡོད་ན་དྲི་བར་ཟད་མོད་གཞན་སུ་ཞིག་གིས་ཤེས་པར་ནུས་”ཞེས་པའི་དྲན་དབང་དགེ་ཆོས་ཀྱི་གཏན་ཚིགས་བརྟན་པོ་འདི་ལ་རྒྱབ་འཁེལ་བ་ཡིན།

དེས་ན་སྤུ་ཞེས་པའི་ཐ་སྙད་འདིའི་དོན་ཅི་ཞིག་ཡིན་ཞེ་ན། འདི་ནི་གནའ་བོའི་བཙན་པོ་དག་གི་ཕ་ཆོས་བོན་གྱི་འབྱུང་ཁུངས་ཞང་ཞུང་གི་སྐད་དང་ཆོས་ཀྱི་བརྡ་ཆད་ཅིག་ཡིན་པར་སེམས་ཤིང་| སྤུ་རྒྱལ་དང་། སྤུར་རྒྱལ། པུར་རྒྱལ་ལ་སོགས་པས་མཚོན། བྱ་ཁྲི་དང་གཉའ་ཁྲི་ལ་སོགས་པའི་བཙན་པོ་དག་གི་མཚན་ལའང་སྔོན་གྱི་ལོ་རྒྱུས་ཁག་ལས་གཟུགས་རིས་མི་འདྲ་བ་མང་དུ་བྱུང་ཡོད་པ་ནི། རང་སྐད་དངོས་ཀྱི་བརྗོད་བྱའི་མ་ཟིན་པར་གཞན་སྐད་ཀྱི་སྒྲ་གདངས་གཙིགས་ཆེར་བཟུང་བ་ལས་གཟུགས་རིས་ལ་བཅད་རྒྱ་མེད་པའི་བརྡ་རྟགས་ཐོན་པ་ཡིན་ནམ་སྙམ།

བོན་གྱི་ལོ་རྒྱུས་ཁག་ལས། ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་དང་། ཁྲི་ལྡེམ་ལྕགས་ཀྱི་བྱ་རུ་ཅན། ཞང་ཞུང་གི་བོན་པོ་ཁྲི་འོད་གསལ་སོགས་ཞང་ཞུང་མེ་རིའི་བརྒྱུད་པར་བཞུགས་པ་རྣམས་དང་། ར་སངས་ཁྲི་ནེ་ཁོད་ཞེས་པ་སོགས་ཞང་ཞུང་སྐད་ལས་བཏགས་པའི་མིང་འདི་དག་ལ་བལྟས་ན། གཉའ་ཁྲི་བཙན་པོ་དང་། མུ་ཁྲི་བཙན་པོ། དིང་ཁྲི་བཙན་པོ། མོ་ཁྲི་བཙན་པོ། མེར་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབ་ཁྲི་བཙན་པོ། བྱ་ཁྲིའམ་སྤུ་ལྡེ་གུང་རྒྱལ། ཟ་ནམ་ཟིན་ལྡེ། ལྡེ་འཕྲུལ་ནམ་གཞུང་བཙན། སེ་སྣོལ་གནམ་ལྡེ། སེ་སྣོལ་པོ་ལྡེ། ལྡེ་ནོར་ནམ། ལྡེ་རྣོལ་པོ། ལྡེ་རྒྱལ་བོ། ལྡེ་སྤྲིན་བཙན། ཁྲི་བཙན་ནམ། ཁྲི་སྒྲ་དཔུང་བཙན། ཁྲི་ཐོག་རྗེ་ཐོག་བཙན།། ཁྲི་གཉན་གཟུང་བཙན། འབྲོག་གཉན་ལྡེའུ། ཁྲི་ལྡེ་གཙུག་བཙན། ཁྲི་ལྡེ་སྲོང་བཙན། ཁྲི་སྲོང་ལྡེའུ་བཙན། ཁྲི་གཙུག་ལྡེ་བཙན། ཁྲི་ལྡེ་མགོན་ཉི། ཁྲི་ལྡེ་རིག་པ་མགོན་སོགས་བོད་ཀྱི་བཙན་པོ་རིམ་བྱོན་དག་གི་མཚན་ལ་ཞང་ཞུང་གི་སྐད་ཀྱི་བརྡ་ལྷད་ཅི་འདྲ་ཞིག་ཞུགས་ཡོད་པ་ནི་ནན་གྱིས་ཞུ་དགོས་མ་ཆེ་ལ།། དེ་བཞིན་ཡབ་ཀྱི་རུས་སྲས་ཀྱི་མིང་གི་ཆ་ཤས་སུ་གྱུར་པ། དབའ་ས་དབྱི་ཚབ་དང་། མནོན་འདྲོན་པོ། མྱང་ཙེང་སྐུ། ཁྱུང་བོ་སྲུང་སད་ཟུ་ཙེ། ངན་ལམ་སྟག་སྒྲ་ཀླུ་གོང་། རྦ་གསལ་སྣང་སོགས་དང་། ཡུམ་གྱི་མཚན་སྲས་ཀྱི་མིང་གི་ཆ་ཤས་སུ་གྱུར་པ། གནམ་མུག་མུག་གི་སྲས་མུ་ཁྲི་བཙན་པོ། ས་དིང་དིང་གི་སྲས་དིང་ཁྲི་བཙན་པོ། སོ་ཐམ་ཐམ་གྱི་སྲས་སོ་ཁྲི་བཙན་པོ། དོག་མེར་མེར་གྱི་སྲས་མེར་ཁྲི་བཙན་པོ་ལ་སོགས་པའི་མཚོན་གོ་དོན་ཅི་འང་མེད་པ་འདོད་རྒྱལ་གྱི་སྒྲ་ལས་བྱུང་བར་སེམས་པའི་ཨེ་ཤོ་ལེགས་དང་། དེ་ཤོ་ལེགས། ཐི་ཤོ་ལེགས་སོགས་ས་ཡི་ལེགས་དྲུག་དག་གི་མཚན་ཀྱང་གནའ་བོའི་ཞང་ཞུང་གི་སྐད་ལས་བྱུང་བ་ནི་ཤིན་ཏུ་མངོན་ལ། དེ་ཡང་མཁས་དབང་ནམ་མཁའི་ནོར་བུས། <<སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ>>ཞེས་པ་ལས། “གནའ་དུས་སུ་བོད་ཀྱི་བཙན་པོ་རྣམས་ཀྱི་སྲས་འཁྲུངས་པའི་ཚེ། བཙན་པོའི་སྐུ་གཤེན་གྱི་བོན་པོ་དེས་འཁྲུངས་བསང་བཏང་ནས། ཚན་ཁྲུས་ཞེས་པ་འོ་ཆབ་ཀྱིས་སྐུ་ཁྲུས་གསོལ་ཏེ་རྒྱལ་སྲས་དེ་ལ་ཞང་ཞུང་གི་སྐད་ལས་དྲངས་པའི་མཚན་ཁྱད་པར་ཅན་རེ་གསོལ་བའི་སྲོལ་བྱུང་། དེ་ནི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་ནས་བྱུང་བའི་གནའ་སྲོལ་ཞིག་སྟེ།”ཞེས་གསུངས་པ་ལྟར། སྤུ་རྒྱལ་ཞེས་པའི་ཐ་སྙད་འདིའི་གོ་དོན་ལ་ཞང་ཞུང་གི་སྐད་ཀྱི་རྒྱ་ཆེ་ལ་གཏིང་ཟབ་པའི་གོ་བ་རྣལ་མ་ཞིག་ཡོད་ལས་ཀྱང་ཆེ་ལ། ལྷག་པར་སྤྱི་ལོའི་དུས་རབས་བཞི་པ་དང་ལྔ་པའི་ནང་ཙམ་ལ་སྟོད་མངའ་རིས་ཀྱི་ཁུལ་འདིར་རང་རེའི་མེས་པོ་གོང་མ་དག་གི་ཕ་ཆོས་བོན་གྱི་འབྱུང་ཁུངས་ཞང་ཞུང་གི་རྒྱལ་རབས་བཙུགས་པ་དང་། ཕྱིས་སུ་ཕྱི་དབུས་ནང་གསུམ་བཅས་ཁག་གསུམ་དུ་དབྱེ་བ་ལས་ནང་ནི་ཞང་ཞུང་རྣམས་ཡིན་པ་རྒྱལ་རབས་ལོ་རྒྱུས་ཁག་ལས་རྒྱས་པར་འབྱུང་ཞིང་། ད་དུང་གནས་འདིར་”སྤུ་རྒྱལ་གངས་རི་ཆེན་མོ་”( སྟེང་ཆེན་རྫོང་གི་ནུབ་རྒྱུད་དུ་ཡོད་ཅིང་། མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་༦༣༣༨)དང་། སྤུ་གླིང་(གླིང་ཆེན་ཁ་འབབ་ཀྱི་རྒྱུད་ད་ཡོད་པའི་རྩ་མདའ་རྫོང་གི་ཉེ་འཁོར་ན་ཡོད། )དང་། སྤུ་ཧྲེང་(རྨ་བྱ་ཁ་འབབ་ཀྱི་རྒྱུད་དུ་ཡོད། )གི་གྲོང་སྡེ་ལ་སོགས་པ་མངའ་རིས་ཀྱི་ཡུལ་གྲུ་འདི་ན་དན་རྟགས་སུ་གནས་ཡོད་པ་མ་ཟད། གནའ་བོའི་ལོ་རྒྱུས་དང་ངག་རྒྱུན་གྱི་ཁྲོད་ན་ཉུལ་བའི་”སྤུ་ཧྲེང་བོད་ཀྱི་རྒྱལ་ཁམས་”དང་། ”སྤུ་རྒྱལ་བོད་ཀྱི་རྒྱལ་ཁམས་”ཞེས་པའི་ཡོངས་གྲགས་ཀྱི་གཏན་ཚིགས་འདི་དག་གིས་ཀྱང་གནའ་བོའི་བོད་ཀྱི་བཙན་པོ་དག་དང་། ཞང་ཞུང་བར་གྱི་འབྲེལ་ལམ་ཟབ་མོའི་ཤུལ་རྗེས་ཕབ་ཡོད་པ་མཚོན་ཞིང་། ད་དུང་སྐབས་དེའི་བོད་ཀྱི་རྒྱལ་ཁམས་ཞེས་པའི་ཐ་སྙད་ཀྱང་སྤུ་ཧྲེང་ཙམ་ཁོ་ན་ལ་བཤད་པར་འདུག་པས། སྤུ་རྒྱལ་ཞེས་པའང་རྣམ་པ་གཅིག་ཏུ་ན་མངའ་རིས་ཀྱི་ཡུལ་འདི་ཁོ་ན་ལས་ཐོགས་པར་སེམས་ཤིང་། ཕྱིས་སུ་རིམ་བཞིན་བོད་ཁམས་སྤྱི་ལ་གོ་བའི་བརྡར་གྱུར་པར་སྙམ་པའང་ཁོ་བོའི་རྣམ་རྟོག་ཡིན།

དེས་ན་སྨྲ་བའི་དབང་ཕྱུག་དགེ་ཆོས་མཆོག་གིས་ཀྱང་། ”རྗེ་གཉའ་ཁྲི་བཙན་པོ་སོགས་ལ་དེ་ལྟར་འབོད་པས་རྒྱལ་པོའི་མཚན་ལས་གྲས་པར་ཡང་སེམས་མོད། རྒྱ་གར་དང་མངའ་རིས་ཀྱི་མཚམས་སུ་སྤུ་རྒྱལ་བྱ་བའི་གངས་རི་ཆེན་པོ་ཡོད་པ་དེ་ལས་བྱུང་མདོག་ཆེ་”ཞེས་གསུང་ལ། ཕྱིས་སུ་ཡང་འུ་དུམ་བཙན་པོའི་ཚ་བོ་ཉི་མགོན་མངའ་རིས་སུ་བྱོན་ནས་སྲས་ཆེ་བ་དཔལ་ལྡེ་རིག་པ་མགོན་དང་། འབྲིང་བ་བཀྲ་ཤིས་ལྡེ་མགོན། ཆུང་བ་སྡེ་གཙུག་མགོན་བཅས་ཀྱི་ཡུལ་འདི་ལ་དབང་མཛད་པ་ན་ཆབ་འབངས་ཀྱི་ཡུལ་དེ་ཁོ་ན་ལ་མངའ་རིས་ཞེས་པའི་མིང་བཏགས་པར་མ་ཟད། བོད་དང་བོད་ཆེན་པོ་ཞེས་པའང་། མངའ་རིས་ཀྱི་ཡུལ་གྲུ་འདི་ལ་བོད་དང་། དེའི་ལྷག་མའི་ཡུལ་ཁམས་ཡོངས་ལ་བོད་ཆེན་པོར་འབོད་པ་ཡང་ཚད་ལྡན་ལོ་རྒྱུས་ལས་འབྱུང་བས། དེས་ན་མངའ་རིས་ཀྱི་ཡུལ་ལུང་འདི་ནི་བཙན་པོ་སྔ་ཕྱི་དག་གིས་ཆོས་སྲིད་རིག་གཞུང་གི་ཕ་ཁྱིམ་གཤའ་མ་ཞིག་ཏུ་ངེས་པས་སེམས་རྣལ་དུ་ཕབ་པས་རྣམ་རྟོག་ཡན་གར་བ་ཞིག་ལ། གནའ་བོའི་ཞང་ཞུང་གི་སྐད་དོད། ཚང་མ་རང་རེའི་བོད་པའི་ཐ་སྙད་ཀྱི་ཁོངས་སུ་ཐིམ་ནས་དབྱེ་གསལ་མེད་པའི་བརྡ་སྦྱོར་བསྲེས་མའི་ཁག་ལ་བོད་སྐད་གཅིག་པུས་འབྲུ་འགྲེལ་གྱི་ཚིག་གིས་མ་ཁེབས་པར་གནས་པ་ནི་སྐབས་འདིར་བརྗོད་ཟིན་པའི་གཏམ་གྱི་སྙིང་པོའོ།།