___རྐ་འོད་ཟེར་གྱིས་བསྒྱུར་སྒྲིག་བྱས།

 

གྲོགས་པོ་ཞིག་གི་ལག་ནས་མ་ལག་ཚང་མ་བོད་ཡིག་ནང་སྒྲིག་ཆོག་པའི་ཁ་པར་ཞིག་མཐོང་ཞིང་། ཞིབ་ཏུ་བལྟས་པས་དེ་ནི་ཨ་ཞང་ཚང་གིས་བཟོས་པའི་ཨོ་ཕཱོ་ཞེས་བྲིན་ཁ་རྒྱུགས་བཞིན་པ་དེ་རེད། དེའི་མ་ལག་ཚང་མ་ལས་ <བྷི་ལོས་ཊྲོས་ཐི> Bluetooth ་སྟེ། ཁ་པར་དང་གློག་ཀླད་སོགས་འཕྲུལ་ཆས་ཕན་ཚུན་ཉེ་ས་ནས། སྐུད་པ་མི་དགོས་པར་མཐུད་ཐུབ་པའི་མཉེན་ཆས་དེའི་མིང་སྒྲ་རང་སོར་བཞག་འདུག་པ་མཐོང་བས།དེ་ལ་སྐད་དོད་གཅིག་རང་སྐད་ནང་བཟོ་ཐུབ་ན་བསམ་བྱུང་།

དེ་བས་མིང་ཚིག་ཞིག་གསར་བཟོ་འམ་གསར་སྒྱུར་བྱེད་དགོས་ཚེ། མིང་ཚིག་དེ་ཐོག་མར་ཐོན་སའི་སྐད་ཡིག་ལ་བལྟ་དགོས་བར་བཤད་པ་དྲན་བྱུང་། སྨོས་མ་དགོས་པར་སྐབས་བབས་ཀྱི་མིང་འདི། ཐོག་མར་དབྱིན་སྐད་ནང་བྱུང་བ་ཞིག་རེད། དེ་བས་སོ་སྔོན་ཞེས་སྒྱུར་ན་འགྲིག་པ་འདུག་བསམ་མོད། དེ་ནི་དངོས་ནས་ཐད་སྒྱུར་རང་དུ་སོང་ནས། སྒྲ་རང་སོར་མ་བཞག་ཙམ་ཞིག་ལས་གཞན་ཅི་ཡང་མ་མཐོང་བས། དབྱིན་ཡིག་ནང་འདི་ལ་སོ་སྔོན་ཞེས་འདོགས་དོན་ཅི་ཡིན་འཚོལ་ཞིབ་བྱས་པ་ཡིན། དེ་ནི་ལོ་རྒྱུས་ཀྱི་བྱུང་བ་ཞིག་ལ་སྦྱར་འདུག་པ་དང་། ལོ་རྒྱུས་ཀྱི་བྱུང་བ་དེ་ཤེས་ཚེ། གཞི་ནས་སོ་སྔོན་ཞེས་བཏགས་པ་ནི། དོན་ལ་འབྱོར་ཞིང་གོ་རྒྱུ་ཡོད་པ་ཞིག་རེད། སོ་སྔོན་ཞེས་བཀོལ་ཚེ་འདིའི་ཞན་ཆ་ནི། ལོ་རྒྱུས་ཀྱི་བྱུང་བ་དེ་མ་ཤེས་ཚེ། ཐད་གར་མཉེན་ཆས་འདིའི་དོན་དང་གཏན་ནས་མི་འབྱོར་བ་དེ་རེད།

1996 ལོར་ Nokia ནཱོ་ཁེ་ཡཱ་དང་། Intel ཨེན་ཊེལ། Ericsson ཨེ་རེག་སཱོན་སོགས་ཚོང་ལས་ཚོགས་པ་མང་པོས། འཕྲུལ་ཆས་རྣམས་ཕན་ཚུན་ཐག་ཉེ་ས་ནས། སྐུད་པ་མི་དགོས་པར་མཐུད་ཐུབ་པའི་མཉེན་ཆས་ཤིག་སྐྲུན་པར་སོ་སོའི་ས་ནས་ཤུགས་བརྒྱབ་སྟེ། རང་རང་སོ་སོའི་ས་ནས་མཉེན་ཆས་མིང་མི་འདྲ་ཞིང་། རིགས་མི་འདྲ་བ་མང་པོ་བྱུང་འདུག དེ་ནི་བོད་ཡིག་གི་མཐེབ་གཞུང་མ་འདྲ་ཚེ་བོད་ཡིག་ནུས་མེད་དུ་འགྱུར་བ་དང་མཚུངས་བར་ནུས་པ་མི་ཐོན་པར་གྱུར།

དེར་བརྟེན་གོང་གི་ཚོང་ཚོཊ་དེ་དག་འཛོམས་སྟེ་གཅིག་གྱུར་གྱི་མཉེན་ཆས་ཤིག་སྐྲུན་པར་གྲོས་བྱས། 1997 ལོའི་དབྱར་ཁ། Intel ཨེན་ཊེལ་ཚོང་ལས་ཁང་གི་ཇུས་འགོད་པ་ཇེམ་སི་ཁཱར་ཌ་ཆི་དང་། Ericsson ཨེ་རེག་སཱོན་ཚོང་ལས་ཁང་གི་ཇུས་འགོད་པ་སེ་ཝིན་མཱ་ཊོན་གཉིས་ཆང་ཁང་ཞིག་ལ་སོང་ནས་ལོ་རྒྱུས་སྐོར་གྱི་ཁ་བརྡ་བྱས་པ་དང་། སེ་ཝིན་མཱ་ཊོན་གྱིས་ཇེམ་སི་ལ་ཉེ་ཆར་ཁོས་<དམག་གྲུ་རིང་མོ>་ཞེས་བའི་ལོ་རྒྱུས་དེབ་ཞིག་བཀླཊ་པ་དང་། དེའི་ནང་ཌེན་མག་གི་རྒྱལ་པོ། Harald Bluetooth ཧཱ་རཱལ་ཊི བྷི་ལོས་ཊོས་ཐི་ཞེས་པའི་རྒྱལ་པོ་དེས་རང་གི་ཕའི་ལས་ཀ་འཕྲོ་བསྐྱངས་ཏེ།

ཌེན་མག་གཅིག་གྱུར་བཟོས་པའི་སྐོར་བཤད། རྒྱལ་པོ་འདི་ལ་ཧཱ་རཱལ་ཊི་སོ་སྔོན་ཞེས་འབོད་པ་དོན་ནི། དེ་ཁོའི་མཚང་མིང་ཡིན་འདུག་ཅིང་། ཁོའི་མདུན་སོ་ཞིག་རུལ་ནས་སྔོན་པོར་གྱུར་འདུག་པས་དེ་ལྟར་བཏཊ་པར་གྲགས། གང་ལྟར། ཨེན་ཊེལ་ཚོང་ལས་ཁང་གི་ཇུས་འགོད་པ་ཇེམ་སི་ཡིས་རྒྱལ་པོ་འདིའི་མིང་། ད་ལྟ་ང་ཚོའི་ཁ་པར་སོགས་འཕྲུལ་ཆས་ཁག་ཉེ་ས་ནས་སྐུད་པ་མི་དགོས་པར་མཐུད་པའི་མཉེན་ཆས་འདིར་བཏགས་ན། དོན་གྱི་ཆ་ནས་ཧ་ཅང་འཚམས་པར་མཐོང་ནས་མཉེན་ཆས་འདི་ལ་དེ་ལྟར་བཏགས་པ་རེད།


ད་ལྟའི་མཉེན་ཆས་འདིའི་ལས་རྟགས་ཀྱང་། ཧཱ་རཱལ་ཊི་སོ་སྔོན་ཞེས་པའི་ཌན་མག་རྒྱལ་པོ་འདིའི་མིང་དང་ཐད་གར་འབྲེལ་བ་ཞིག་ཡིན་ཏེ། རྒྱལ་པོ་འདིའི་མིང་ Harald ཧཱ་རཱལ་གྱི་ཡི་གེ་དང་པོ། H དང་། Bluetooth སོ་སྔོན་གྱི་ཡི་གེ་དང་པོ་ B གཉིས་ཀྱིས་གྲུབ་ཡོད།

མཉེན་ཆས་འདིར་སོ་སྔོན་ཞེས། མི་རིགས་གཞན་གྱི་ལོས་རྒྱུས་ཀྱི་བྱུང་བར་སྦྱར་ནས་ཐ་སྙད་བཟོས་ན། དེ་ཙམ་གོ་བདེ་རྒྱུ་མི་འདུག་པས། མཉེན་ཆས་འདིའི་བྱེད་ལས་ཀྱི་ཆ་ནས་དང་། འདིའི་ཐོག་མའི་ཐ་སྙད་ཀྱི་ཆ་ཅུང་ཡོད་པར་བྱས་ཏེ། མཉེན་ཆས་འདི་ལ་ <མཐུད་སོ།> ་ཞེས་བཀོལ་ན་ཅི་འདྲ་འདུག་ཞེས་ཞུ་རྒྱུ་ཡིན།