ཡི་གེར་འགོད་མཁན། ཕག་མོ་ཚེ་རིང་།

གླེང་སློང་བ།


འདིར་བཞུགས་ཀྱི་སློབ་གྲོགས་རྣམ་པ་ལ་ཁམས་བདེའི་འཚམས་འདྲིར་བཀྲ་ཤིས་བདེ་ལེགས་ཞུ། 
 

ང་རང་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་ལྟ་བུ་ཞིག་ཡིན། ཁྱེད་རྣམ་པར་སློབ་ཁང་འདི་ནས་འཛོམས་པ་ལ་སེམས་སྤྲོ་བས་བརྟས་སོང་། དེ་ཡང་བོད་ཀྱི་ལོ་ཙཱ་བ་ལ་ལོ་ཆེན་དང་། ལོ་ཆུང་། ལོ་ཙཱ་བའི་རིགས་ལ་གཏོགས་པ་ཞེས་བཤད་ལུགས་ཤིག་ཡོད་པ་བཞིན། དེང་གི་སློབ་གྲྭ་ཆེན་མོའི་དགེ་རྒན་ལའང་དགེ་རྒན་ཆེན་མོ་དང་། དགེ་རྒན་དཀྱུས་མ། དགེ་རྒན་གྱི་རིགས་ལ་གཏོགས་པ་བཅས་དབྱེ་བ་གསུམ་ཡོད་པའི་དབང་དུ་བཏང་ན།  ང་རང་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་རིགས་ལ་གཏོགས་པའི་གྲས་ཡིན་པ་ལས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་མ་རེད། སློབ་གྲྭ་ཆེན་མོའི་དགེ་རྒན་དཀྱུས་མ་ཞིག་ཡིན་ཀྱང་སློབ་མ་བརྒྱ་ཆའི་བརྒྱད་ཅུ་དགུ་བཅུས་ཁས་ལེན་ཐོབ་པ། དེ་བཞིན་དུ་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་ཀྱང་གང་ལ་གང་འཚམ་ཡོད་པ།  གཞན་ཧུར་བརྩོན་དང་ལྷག་བསམ་ཡོད་པ་དེ་འདྲ་ཞིག་ཡིན་འོས་པ་རེད་དེ། རང་ལ་མཚོན་ན་དེ་འདྲ་ཅི་ཡང་མིན། སློབ་མ་ཚོས་དགེ་རྒན་ཞེས་འབོད་པ་ཙམ་ལས་དོན་ལ་དགེ་རྒན་གྱི་མིང་འབྱོར་བ་ཞིག་མ་ཡིན།

ཁོ་བོར་མཚོན་ན་སྔོན་མར་མཚོ་སྔོན་མི་རིགས་སློབ་ཆེན་འདི་ནས་དངོས་གཞི་ལོ་ལྔ་དང་ཞིབ་འཇུག་སློབ་མ་ལོ་གསུམ་བཅས་ལོ་བརྒྱད་ལ་སློབ་གཉེར་བྱས་པ་ཡིན། དེ་བས། སློབ་གྲྭ་འདི་དང་འདིའི་དགེ་རྒན་རྣམ་པ་རང་ལ་བཀའ་དྲིན་ཧ་ཅང་ཆེ། སྤྱིར་ད་ཐེངས་ཀྱི་སློབ་སྐབས་འདིར་ང་ལ་མཚོན་ན་ཁོམ་པ་དེ་ཙམ་མེད་མོད། ཁྱེད་ཅག་གི་སྡེ་ཁག་ལ་དགེ་རྒན་མ་འདང་བའི་རྒྱུ་མཚན་གྱིས་ལོ་རིམ་གསུམ་པ་དང་བཞི་བར་ལོ་རྒྱུས་སློབ་ཁྲིད་བྱེད་དགོས་བྱུང་། ཞོར་ལ་ད་ཐེངས་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པས་འཆད་ཁྲིད་ཅིག་བྱེད་དགོས་གསུངས་སོང་ཡང་། སྤྱིར་ང་ལ་རིག་གཞུང་སྐོར་ནས་ཆེན་པོ་ཞིག་བཤད་རྒྱུ་མེད། ཡོད་པ་རྣམས་སློབ་ཁྲིད་སྐབས་སུ་ནམ་རྒྱུན་བཤད་བཞིན་ཡོད། ཅེས་ངས་ཁས་ལེན་མ་བྱས། སླར་ཡང་ཁ་བརྡ་ཞིག་བྱེད་རྒྱུར་ཨུ་ཚུགས་བྱེད་བཞིན་འདུག་པས་ཁས་མི་ལེན་ཐུ་མེད་བྱུང་བས་གཤམ་ནས་ཁ་བརྡའི་མགོ་རྩོམ་པར་བྱ་སྟེ། བཤད་བྱའི་ཁ་བྱང་ལ ༼ མདོངས་མཐའ་ཟད་པའི་ལེགས་བྱང ༽ ཟེར། སེམས་ལ་འཛིན་བདེ་བའི་ཕྱིར་དོན་ཚན་དགུར་དགར་ཡོད་པ་གཤམ་ལྟར། གཅིག ཆོད་སེམས་ཀྱི་རྣོ་རྟུལ་བ། གཉིས། ཆིག་སྒྲིལ་གྱི་སྟོབས་ཉམས་པ། གསུམ། ལྷག་བསམ་གྱི་ཟུངས་ཟད་པ། བཞི། བསྟོད་སྨད་ཀྱི་འབེན་ནོར་བ། ལྔ། དབྱེ་བསལ་གྱི་གཞི་ཉོག་པ། དྲུག མིག་ལྟོས་ཀྱི་དཔེ་འཁྲུལ་བ། བདུན། ཁ་ལག་གི་གོ་ལྡོག་པ། བརྒྱད། རང་འཁྲིའི་ལས་ཀ་ངོ་མི་ཤེས་པ། དགུ། ཉེ་རྒྱང་གི་ཕུགས་མི་མཐོང་བ། བཅས་ཡིན། དེས་ན་ང་རང་ཉིད་ནས་འདི་རེ་རེ་ལ་འདང་ཅུང་ཞིབ་མོ་ཞིག་བརྒྱབ་ཡོད་མོད། དུས་ཚོད་ཀྱི་དབང་གིས་ལ་ལ་རགས་ཙམ་མ་གཏོགས་བཤད་མི་ཁོམ་ཡང་སྲིད།


ཁ་བྱང་གི་འགྲེལ།

དེས་ན་ཁ་བྱང་མདོངས་མཐའ་ཟད་པའི་ལེགས་བྱང་ཞེས་པའི་མདོངས་ནི་སྤྱིར་མིག་ལོང་བའི་དོན་ལ་འཇུག་ཅིང་། རྨ་བྱའི་མིང་ལ་མངོན་བརྗོད་དུ་མདོངས་མཐའ་ཅན་ཟེར་བ་ཡང་རྨ་བྱའི་སྒྲོ་མཐར་མིག་ལྟ་བུའི་རི་མོ་ཞིག་ཡོད་པ་དེ་རི་མོ་ཙམ་ཡིན་པ་ལས་མིག་དངོས་མ་ཡིན་པས། ལྟ་བྱེད་ལ་བསྡོངས་ནས་མདོངས་པར་གྱུར་ཏེ་མཐོང་བ་མིན་མོད། མིག་ལོང་བ་ཞིག་རེད་ཅེས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས། ཟད་པ་ནི་རྒུད་ཀྱིན་པའམ་རྒུད་ཟིན་ལ་ཟེར། ལེགས་བྱང་ཟེར་བ་ནི་རིག་གནས་ལ་འཇུག་ཅིང་། སཾ་སྐྲྀ་ཏའི་སྐད་ནས་ཚུར་བསྒྱུར་བ་ཞིག་རེད། སཾ་སྐྲྀ་ཏའི་སྐད་ལ་ལེགས་པར་སྦྱར་བ་དེ་སཾསྐྲྀཏ་དང་། ལེགས་པར་བྱང་བ་སཾསྐྲྀཏི་རེད་ཟེར། དོན་ནི་དེང་སང་གི་རིག་གནས་ཟེར་བ་དེ་ཡིན་འདུག དེང་སང་གི་རྒྱའི་སྐད་ཀྱི་ཝུན་ཧྭ་ཟེར་བའི་རིག་གནས་དང་འུ་ཚོས་སྲོལ་རྒྱུན་སྟེང་རིག་གནས་ཟེར་བར་ཁྱད་པར་ཡོད་དེ། སྔར་འུ་ཚོས་རིག་གནས་ཟེར་དུས་སྤྱིར་བཏང་སྲོལ་རྒྱུན་གྱི་བཅུ་ཕྲག་རིག་གནས་ལ་གོ་བ་མ་གཏོགས་གཞན་ལ་གོ་བཞིན་མེད། དེང་སང་རིག་གནས་ཟེར་དུས་ཁྱབ་རྒྱ་ཧ་ཅང་ཆེ།

ང་ཞིབ་འཇུག་སློབ་མ་ཡིན་དུས་འཛམ་གླིང་སྟེང་རིག་གནས་ལ་གོ་དོན་མི་འདྲ་བ་བརྒྱ་དང་སོ་ལྔ་བཞག་ཡོད་པ་མཐོང་། དེའི་རྗེས་ཞིག་ནས་དེབ་ཅིག་ན་བརྒྱ་དང་དྲུག་ཅུ་ལྷག་འདུག ད་ལྟ་ཕལ་ཆེར་གོ་དོན་མི་འདྲ་བ་ཉིས་བརྒྱ་ལྷག་ལ་བུད་ཡོད་སྲིད། དེ་ལྟ་ན་རིག་གནས་ཟེར་དུས་ཤེས་བྱ་དང་དོན་གཅིག་པ་ལྟ་བུའི་ཚོར་བ་འབྱུང་། ཡིན་ཡང་རིག་གནས་དང་ཤེས་བྱ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། རིག་གནས་ལ་ཁྱད་ཆོས་འགའ་ཡོད་དེ། གཅིག་ནི་རྒྱུད་འཛིན་གྱི་ཁྱད་ཆོས་དང་། གཉིས་པ་ནི་མ་ལག་རང་བཞིན་ཅན། གསུམ་པ་ནི་མིའི་འདུ་ཤེས་ཞུགས་པ་བཅས་ཀྱི་སྟེང་ནས་ཤེས་བྱ་དང་ཁྱད་པར་འབྱེད་ཐུབ། འདིའི་རིག་གནས་འདི་ལ་ལེགས་པར་བྱང་བ་ཟེར་དུས་དོན་དང་མཐུན། རིག་གནས་ཤིག་ཡིན་དུས་ལེགས་པར་བྱང་བ་ཞིག་ཡིན་དགོས། དེས་ན་ལེགས་པར་བྱང་བ་ཞིག་ཡིན་ན་གོང་གི་ཁྱད་ཆོས་དེ་གསུམ་ཀ་ཡང་འཛོམས།

འདིའི་སྐབས་ཀྱི་རིག་གནས་འདི་རྒྱའི་文化ཞེས་པར་གོ་ན། རིག་གནས་དང་ལེགས་བྱང་གཉིས་ལ་ཁྱད་པར་མ་བཀར་ཚེ། ང་ཚོས་ནམ་རྒྱུན་རིག་གནས་སློབ་གཉེར་ཟེར་བའི་ཚིག་དེ་སྤྱོད་བཞིན་ཡོད་ལ། དེའི་སྐབས་སུ་ལེགས་བྱང་སློབ་གཉེར་ཟེར་ན་མི་བདེ་བས་ངས་རིག་གནས་དང་ལེགས་བྱང་སོ་སོར་བཀར་ནས་བཀོལ་བ་ཡིན། སྲོལ་རྒྱུན་གྱི་རིག་གནས་བཅུ་ལ་གོ་བའི་རིག་གནས་དེ་སོར་འཇོག་དང་རྒྱའི་ཝུན་ཧྭ་ཟེར་བའི་རིག་གནས་དེ་ལ་ལེགས་བྱང་ཞེས་སྤྱོད་བཞིན་ཡོད། མདོངས་མཐའ་ཟད་པའི་ལེགས་བྱང་ཟེར་བའི་དོན་དེ་ཡིན་ལ། རི་མོ་ཟད་པའི་ལེགས་བྱང་ཞེས་གོ་ཡང་སྟབས་བདེ། ལེགས་བྱང་འདིའི་དབང་དུ་བཏང་ན་བོད་གནའ་བོའི་དུས་སུ་ལེགས་བྱང་མང་པོ་ཞིག་ཡོད་ལ། དེ་ལས་སྐོར་ཞིག་ང་ཚོས་ལོ་རྒྱུས་བསྟན་བཅོས་ཀློག་དུས་ངོས་ཟིན་བཞིན་ཡོད་ལ་སྐོར་ཞིག་ངོས་ཟིན་གྱི་མེད། དེས་ན་དེ་རིང་ང་ཚོས་ལེགས་བྱང་རེ་གཉིས་ཤིག་ཟུར་དུ་བཏོན་ནས་དེང་སང་དེ་དག་ཡོད་མེད་ལ་བལྟ་བར་བྱའོ།།


དང་པོ། ཆོད་སེམས་ཀྱི་རྣོ་རྟུལ་བ།

སྔུན་མ་བོད་བཙན་པོའི་རྒྱལ་རབས་སྐབས་སུ་ཆོད་སེམས་ཟེར་བ་འདི་ལེགས་བྱང་ཞིག་ཡིན། ལོ་རྒྱུས་དེབ་ཐེར་ལ་བལྟས་ན་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་བོད་ཀྱི་དམག་དཔུང་གིས་རྒྱལ་ཁམས་མཐའ་བཞིར་རྒྱ་བསྐྱེད་པ་རེད། དེ་ལ་དེབ་དཀར་དུ་ཆོས་རྒྱལ་སྲོང་བཙན་གྱི་མཛད་རྗེས་གསུམ་དྲངས་དུས། གཅིག་ལ་མཐའ་བཞིར་རྒྱལ་ཁམས་རྒྱ་བསྐྱེད་པ་དེ་བཞག་འདུག མཐའ་བཞིར་རྒྱལ་ཁམས་རྒྱ་བསྐྱེད་དུས་བཙན་པོའི་དམག་གི་ཆོད་སེམས་ཇི་ལྟ་བུ་ཞིག་རེད་ཟེར་ན། ལོ་རྒྱུས་ཀྱི་རྨང་གཞིའི་ཤེས་བྱ་ལྟ་བུར་གྱུར་བའི་མགར་ཁྲི་འབྲིང་གི་དོན་དག་དེ་རེད། མགར་ཁྲི་འབྲིང་གི་དོན་དག་དེ་ཚང་མས་ཤེས་གསལ་ལྟར་ཡིན་པས་དེ་རིང་མི་བཤད། གཞན་ཞིག་ནི་མགར་སྟོང་བཙན་ཡུལ་བཟུང་མདོ་སྨད་ན་ཡོད་དུས་མཚོ་སྔོན་པོའི་མཐའ་འཁོར་དག་ཁོང་གིས་གཉེར་བྱེད་ཅིང་། མཚོ་སྔོན་ཤར་ཕྱོགས་ཀྱི་ས་ཆ་དག་ད་རྒྱལ་མང་པོ་རྗེས་གཉེར་བཞིན་ཡོད་པར་འདུག

ད་རྒྱལ་མང་པོ་རྗེས་རྒྱ་དང་འཐབ་པའི་སྐབས་སུ་རྒྱའི་དམག་དཔོན་སུའུ་ཏེན་ཕཱང苏定方ཟེར་བ་ཞིག་དང་གདོང་ཐུག་བྱུང་། རྒྱའི་ལོ་རྒྱུས་སུ་སུའུ་ཏེན་ཕཱང་ལ་འཐབ་ན་མི་རྒྱལ་བ་མེད་པའི་ཐང་གི་དམག་དཔོན་ཞེས་པའི་མཚན་གྱི་ཆོ་ལོ་ཕུལ་ཡོད། སྤྱི་ལོ༦༥༩ལོར་སུའུ་ཏེན་ཕཱང་གི་དམག་ཁྲི་བརྒྱད་དང་ད་རྒྱལ་མང་པོ་རྗེའི་དམག་སྟོང་གཅིག་འཐབ། གཡུལ་འགྱེད་དེའི་ཁྲོད་དུ་ད་རྒྱལ་མང་པོ་རྗེ་ཡང་སྐུ་གཤེགས། དེ་ལ་ཏུན་ཧོང་གཏེར་ཡིག་ཏུ་བརྒྱད་ཁྲི་སྟོང་ལ་རྡུགས་པར་ལོ་གཅིག་ཅེས་པ་དེ་རེད།  དེར་མཁས་དབང་དགེ་ཆོས་ནས་བོད་དམག་སྟོང་གཅིག་དང་རྒྱ་དམག་ཁྲི་བརྒྱད་ཕན་ཚུན་འཐབ་སྟེ་རྒྱ་དམག་ཐབས་རྡུགས་པར་བྱས་པའི་དོན། ཞེས་འགྲེལ་ཡོད། དེའི་སྐབས་སུ་བོད་དམག་གཅིག་ལ་རྒྱ་དམག་བརྒྱད་ཅུས་འཐབ་ནའང་དཔའ་གཏན་ནས་མ་ཞུམ། དེ་ལྟ་བུའི་དཔའ་གདེང་དེ་གང་ལས་བྱུང་བ་རེད་ཟེར་ན་ཆོད་སེམས་འབའ་ཞིག་ལས་བྱུང་བ་ཡིན་པར་འདོད།

བོད་བཙན་པོའི་སྐབས་སུ་ཆོད་སེམས་དེ་ཧ་ཅང་གལ་ཆེན་པོར་བརྩི་བཞིན་ཡོད་དེ། གཡུལ་འགྱེད་དུས་ཆོད་སེམས་ཞིག་ཡོད་པ་ནི་ང་དེ་རིང་འཆི་རྒྱུ་ཡིན་ཟེར་བ་དེ་ཡིན། ཆོད་སེམས་དེ་ནི་མཚམས་རེར་ཡོད་ལ་མཚམས་རེར་མེད་པ། མཚམས་རེར་མཁའ་ལ་འཕྱོ་བ་མཚམས་རེར་ཞི་ཞིང་འཇགས་པ་དེ་འདྲ་མ་ཡིན་པར་དུས་རྟག་ཏུ་བརྟན་ཏིང་ངེར་ཡོད། བརྒྱད་ཁྲི་སྟོང་ལ་རྡུགས་པར་ལོ་གཅིག་ལྟ་བུའི་ཐོག་ནས་དེའི་སྐབས་ཀྱི་བོད་དམག་ཁོ་ན་དཔའ་བ་དང་མི་རིགས་གཞན་གྱི་དམག་དཔུང་སྡར་མ་ཡིན་པ་མཚོན་མི་ཐུབ། མི་རིགས་གཞན་སྡར་མ་མ་མིན་པ་ཡང་ལོ་རྒྱུས་ཡིག་ཚང་ན་བཀོད་ཡོད་དེ། ཆོས་འབྱུང་མཁས་པའི་དགའ་སྟོན་དུ། སྟོད་ཀྱི་དཔའ་སྡེ། བར་གྱི་དཔའ་སྡེ། སྨད་ཀྱི་དཔའ་སྡེ། ཆེས་ཆེར་བསྟོད་བསྔགས་མཛད་དུས་དཔའ་སྡེ་དེ་དག་ཚང་མ་གཡུལ་ལས་རྒྱལ་བ་དང་། རྒྱལ་བའི་རྐྱེན་གཙོ་བོ་དཔའ་ཁོ་ན་མ་ཡིན་པར་ཆོད་སེམས་ལ་ཐུག་ཡོད་པ་གསལ་བར་མཐོང་ཐུབ།

སྟོད་ཀྱི་དཔའ་སྡེ་ཟེར་དུས་བོད་ཀྱི་ལོ་རྒྱུས་སུ། ཞང་སུམ་བློན་གྱིས་དབུས་ཀྱི་འདུན་ས་འཛིན། དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་མཚམས་སྲུང་། ཞེས་ཟེར། དེས་ན་དཔའ་སྡེ་གསུམ་བཤད་དུས། སྟོད་ཀྱི་དཔའ་སྡེ་ནི་གྲུ་གུ་གསེར་མིག་ཅན་གྱི་ཆུང་མ་ཧོར་མོ་བང་མདུང་ཅན་ནུ་མ་གཡས་པ་མེ་བཙས་བསྲེགས་ནས་མདའ་པར་གསུམ་ལྡེའུ་ཁྱི་མགོ་ཙམ་རྡོ་ལེབ་ལ་ཅིར་འབྱིན་པ་ལ་ཁ་བལྟས་ནས། དཔའ་མཚན་དུ་སྟག་གི་སྤྱིལ་པོ་ཕུབ། འོག་རྟ་གཡུལ་དུ་བསད། གདོང་ཁྲག་གིས་བྱུགས་ཏེ་སླར་མི་ལྡོག་པའི་རྩིས་སུ་བྱས་ནས་རྒོལ་བས་གྲུ་གུ་བཏུལ་བའོ།། ཞེས་པ་འདིར་འགྲེལ་བཤད་ཅིག་བྱས་ན། གྲུ་གུ་ལ་གཡུལ་འགྱེད་དུས། གྲུ་གུ་གསེར་མིག་ཅན་ཟེར་བའི་དཔོན་པོ་ཞིག་ལ་ཆུང་མ་ཧ་ཅང་དཔའ་རྒོད་ཅིག་ཡོད་པ། ནུ་མ་གཡས་པ་མེ་བཙས་བསྲེགས་ཏེ་འཇིགས་བསྐྱེད་པ། མདའི་སྦོམ་ཕྲ་ལ་སྤར་མོ་གསུམ་གྱི་ནང་ལ་ཆུད་ཙམ་གྱི་ཚད། མདེའུ་ལ་ཁྱིའི་མགོ་ལྟ་བུ་ཡོད་པ། རྡོ་ལེབ་ལ་མདས་བརྒྱབ་ན་རྡོ་ལེབ་གཅོལ་ནུས་པ་ཞིག་ལ་ཐུག་ནས་བོད་དམག་ལ་དཀའ་ཁག་ཆེན་པོ་བྱུང་།

དཀའ་ཁག་དེ་འདྲའི་གདོང་དུ་སྟོད་ཀྱི་དཔའ་སྡེས་ཇི་ལྟར་བྱས་ཞེ་ན། བོད་བཙན་པོས་བྱ་དགར་གནང་བའི་སྟག་ལྤགས་སོགས་ཀྱིས་གུར་ཕུབ་པ་ཡིན་ཏེ། ངེད་ཚོར་སྔོན་མར་དཔའ་བོའི་བྱ་དགའ་འདི་ཙམ་ཐོབ་ཀྱང་། ད་ཐེངས་དཔའ་རྟགས་འཇོག་མ་ནུས་ན་དོན་ལ་དཔའ་བོ་མིན་ཟེར་བའི་བརྡ་ཡིན། དེ་རིང་ང་ཚོ་གཡུལ་ནས་འཆི་དགོས་པས་སང་ཉིན་ཕྱིར་མི་འགྲོ་བའི་ཚུལ་གྱིས་རྟ་བསད། གདོང་དང་ལག་པ་ཁྲག་གིས་བྱུགས་པ་ཡིན། འདི་ནི་བོད་དམག་གིས་འཇིགས་བསྐྱེད་སྟངས་ཤིག་ཡིན་ལ་ད་ལྟ་གོམས་སྲོལ་དེ་ཉམས་མོད། ཁ་ཆེ་མི་རིགས་ལ་ད་དུང་གོམས་སྲོལ་འདི་འདྲ་འདུག བར་གྱི་དཔའ་སྡེ་ནི། ལྗང་མོ་ཐག་མདུང་གི་རྩེ་མོ་བཙུགས་ནས་དམག་གསེབ་ཏུ་རྒྱུག་པ་ལ་རྒོལ་བའི་ཚེ་དཔའ་མཚན་དུ་རལ་གྲི་ལ་རི་མོ་བྲིས། དུར་རྒྱགས་ལྟོར་ཟོས། ཚེ་སློག་རྒྱབ་ཏུ་གོན་ཏེ་མི་སྡུག་པའི་ཆས་སུ་བྱས་ནས་རྒོལ་བས་ལྗང་བཏུལ་ལོ།།

དེའི་དོན་ནི། ཐག་པའི་སྣེ་ལ་མདུང་བཏགས་ནས་མགོ་སྐོར་ལྟར་གཡུགས་པའི་དཔའ་རྒོད་ཅིག་ལ་ཐུག་དུས།  རལ་གྲི་ལ་རི་མོ་བྲིས་པ་ནི་བོད་བཙན་པོས་བར་གྱི་དཔའ་སྡེ་ལ་བསྩལ་བའི་ཐོབ་ཞིག་ཡིན་པ་དང་། དཔའ་སྡེ་གཞན་གྱིས་རལ་གྲི་ལ་རི་མོ་བྲིས་མི་ཆོག དུར་རྒྱགས་ལྟོར་ཟོས་ཟེར་བ་ནི་སྔོན་བོད་དམག་གཡུལ་ལ་ཆས་དུས་རྒྱགས་ཤིག་ཁྱེར་ནས་འགྲོ་ལ། དེ་ནི་གལ་སྲིད་རང་ཉིད་གཡུལ་ནས་ཤི་ཚེ་དམག་རོགས་དག་གིས་དུར་གྱི་མདུན་ལ་འཇོག་དགོས། དེ་བས་དེ་རིང་ང་ཚོ་ཚང་མ་འཆི་དགོས་པས་དུར་རྒྱགས་འཇོག་མཁན་མེད་པས་བཟའ་བར་བྱའོ་ཟེར་བ་ཡིན་ལ། ཚེ་སློག་ནི་གཡུལ་ནས་ཤི་ཚེ་དུར་དུ་འཇུག་དུས་ཀྱི་གྱོན་པའི་མིང་ཡིན། གཡུལ་ལས་ཤི་ཚེ་དམག་རོགས་ཚོས་སྔར་གྱི་གྱོན་པ་བཤུས་ནས་གསར་བ་ཞིག་བསྐོན་ཏེ་བེམ་པོ་སྦ་བའི་སྲོལ་ཡིན་འདུག་ལ། དེ་ཡང་ཚང་མ་འཆི་དགོས་པས་གྱོན་པ་སྐོན་མཁན་མེད་ན། ད་ནི་རང་གིས་གྱོན་པར་བྱའོ།། ཟེར་བ་རེད།

སྨད་ཀྱི་དཔའ་སྡེ་ནི། རྒྱའི་སོ་མཁར་གྱི་ལྕགས་རིའི་སྟེང་དུ་རྟ་པ་དགུ་བསྒྲིགས་རྒྱུག་པའི་ནང་ནས་མི་མཁར་ཐུང་ཙམ་གྱིས་དགྲ་སྟའི་ཁ་ཁྲུ་རེ་ཙམ་པ་ཐོགས་པ་ལ་རྒོལ་པའི་ཚེ། ལྟོང་ལྟོང་གི་བུ་ཕྱུགས་མཚམས་ཀྱིས་དཔོན་བྱས་དཔའ་མཚན་དུ་རལ་གྲིའི་ཤུབས་བཅག ཁ་ཆེམས་ཉེ་བ་ལ་ཕོག བུ་སྨད་ཉེ་དྲུང་ལ་བཅོལ་ནས་མི་ལྡོག་པའི་རྩིས་ཀྱིས་རྒོལ་པས་རྒྱ་ཐུལ་ལོ།། རྒྱ་ལ་དམག་འཐབ་པའི་ཚེ་གྱད་མི་ལག་ཏུ་སྟ་རེ་ཐོགས་པ། སྟ་རེའི་ཁ་ལ་ཁྲུ་གང་ཙམ་ཡོད་པ་ཞིག་ལ་ཐུག་པའི་ཚེ། སྨད་ཀྱི་དཔའ་སྡེས་རལ་གྲི་གཅེས་གཉར་བྱེད་སྤྱད་ཀྱི་ཤུབས་བཅག ཁ་ཆེམས་ཉེ་བོ་ལ་བཞག བུ་ཕྲུག་དང་ཆུང་མ་གཉེན་ཉེ་དུ་ལ་བཅོལ། དེ་ལྟ་བུའི་ཆོད་སེམས་ཀྱིས་ཐ་མར་དགྲ་བོ་ཚང་མ་ཕམ་པར་བྱས། དེ་ལྟར་བསྡུར་ཚེ་གཞན་གྱི་དམག་ཀྱང་དཔའ་ཞིང་རྟུལ་ཕོད་པ་ཡིན་མོད་མཐར་བོད་དམག་གིས་ཕམ་པར་བྱས། དེ་ནི་གཙོ་བོ་ཆོད་སེམས་ལ་ཐུག་ཡོད། 

སྔོན་ནོར་ཧ་ཁྲིའི་མན་ཇུའི་དམག་ལ་དཔུང་ཚན་གཉིས་ཡོད་དེ། གཅིག་ནི་གདོང་མཆོངས་པ་དང་གཅིག་ནི་དཔའ་སྡེའོ།། གདོང་མཆོངས་སྔོན་ལ་འགྲོ་བ་དང་དཔའ་སྡེ་རྗེས་སུ་འགྲོ། དེའི་རྗེས་ལ་དམག་ཕལ་བ་འགྲོ། བོད་ཀྱི་དམག་ལ་དེ་ལྟ་བུའི་དབྱེ་བ་མེད་པར་ཚང་མ་གདོང་མཆོངས་པ་ཤ་སྟག་ཡིན། དེ་ལྟར་ཡིན་པ་ཐང་ཡིག་ནའང་གསལ། དཔེར་ན། མདུན་ན་དགྲ་དམག་ཁྲི་ཉི་ཤུ་ཙམ་ཡོད་ཀྱང་བོད་དམག་སྟོང་གཅིག་ལས་མེད་ནའང་། བོད་ཀྱི་དམག་རྒྱག་སྟངས་ནི་སྔོན་ལ་དམག་བརྒྱ་དར་ལངས་ལ་བུད། དམག་ལྷག་མས་ལྟད་མོར་བལྟས། དེ་ལྟར་རིགས་རྒྱུད་གང་དཔའ་བ། མི་རྒྱུད་གང་དཔའ་བ། མི་སུ་དཔའ་བ་སོགས་ལ་ཚང་མས་བལྟས། དེ་ནས་སླར་ཡང་དམག་བརྒྱ་རྒྱུག་པ་ཡིན། བོད་དམག་འཐབ་ན་མི་རྒྱལ་བ་མེད་པའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད། གཞན་འདུ་ཤེས་འཛིན་སྟངས་ཀྱི་ཐད་ནས་བལྟས་ན་དཔའ་སྡེ་ཡིན་མིན་གང་ཡང་དམག་ལས་ཤི་ན་དེ་ནི་རླབས་ཆེན་ཞིག་ལ་བརྩི། ཁྱིམ་རྒྱུད་དེའི་ངོ་སོར་བྱེད། དེ་ལ་སྡུག་བསྔལ་ཡང་ཆེན་པོ་མི་བྱེད།

སྤྱིར་ཡང་བོད་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་མི་ཤི་ཚེ་འདུན་ཉིན་བདུན་ལ་མ་གཏོགས་མི་བྱེད། ཉིན་བདུན་གྱིས་ནས་འདུན་ཡང་གྲོལ། ད་ལྟ་བཞིན་ཟླ་ནས་ཟླ་དང་ལོ་ནས་ལོར་བརྩེགས་ཏེ་མདུན་བྱེད་སྲོལ་མེད། དེ་ནི་སེམས་སུ་སྡུག་བསྔལ་མེད་པ་མ་ཡིན་པར་ཆོད་སེམས་ཀྱིས་ཡིན། ཡང་གཅིག་བཤད་ན་གཡུལ་འགྱེད་པའི་དུས་རབས་ནང་སྡུག་བསྔལ་དང་ལུས་ཉོབ་ནས་ནས་འདུག་ཁོམ་ཡང་མེད། རྒྱུ་མཚན་དེར་བརྟེན་ནས་འཆི་བ་ལ་ཅི་མི་སྙམ་པར་བྱེད་ཅིང་། དེ་ལྟར་གཡུལ་ནས་ཤི་ཚེ་ཁྱིམ་ཚང་དང་རིགས་རྒྱུད་ལ་ཡང་ངོ་སོ་ཆེ། དམངས་ཁྲོད་ན་ད་དུང་ཡང་འདིའི་ཐད་ཀྱི་གཏམ་དཔེ་མང་པོ་ཡོད་དེ། ཚེ་གཅིག་གི་བླ་སྒུལ་བྱེད་པ་ལས། ཉིན་གཅིག་གི་དཔའ་བོ་བྱེད་པ་དགའ། སོགས་ཡིན།

སྔོན་རིགས་རྒྱུད་འཛིན་པའི་འདུ་ཤེས་ཐད་ནས་དཔའ་བོ་ནི་རིགས་རྒྱུད་གཙང་མ་དང་མཆོག་ཏུ་འཛིན་པ་དང་། སྡར་མ་ནི་རིགས་རྒྱུད་བཙོག་པ་དང་མི་གཙང་བར་བལྟ་སྙམ། དེ་ལྟར་བོད་བཙན་པོའི་སྐབས་སུ་མིའི་ཆོད་སེམས་ཧ་ཅང་བརྟན་པོ་ཡིན། ཡིན་ཡང་བོད་ཀྱི་འདུ་ཤེས་འཛིན་སྟངས་དེ་རིམ་པ་གཉིས་ཀྱི་སྟེང་ནས་འགྱུར་ཟིན། རིམ་པ་དང་པོ་དེ་ནི་བོད་སིལ་བུར་འཐོར་བའི་དུས་རེད། དེའི་སྐབས་སུ་འདུ་ཤེས་འཛིན་སྟངས་གཅིག་པུ་མ་ཡིན་པར་གོམས་སྲོལ་མང་པོ་ཞིག་ཉམས་ཟིན། དེའི་སྐོར་ནེལ་པ་པཎྚི་ཏས་གསུངས་ཡོད་པས་འདི་ནས་ཞིབ་ཏུ་མི་བཤད། གཅིག་ནི་རིག་གནས་གསར་བརྗེ་ཡི་སྐབས་རེད། དུས་རིམ་འདི་གཉིས་བརྒྱུད་ཡོང་དུས་བོད་ཀྱི་འདུ་ཤེས་འཛིན་སྟངས་སམ་ལེགས་བྱང་། ལས་ཀ་ལས་ཕྱོགས་སོགས་ལ་འགྱུར་བ་ཆེན་པོ་བྱུང་། འགྱུར་བ་དེ་ནི་དོན་གྱིས་རྒུད་པའི་ཕྱོགས་ན་མཆིས། དེས་ན། དེ་ལྟ་བུའི་བོད་བཙན་པོའི་སྐབས་ཀྱི་ཆོད་སེམས་དེ་ད་ལྟ་ཡོད་དམ་ཟེར་ན་ས་བོན་ཙམ་ལས་མེད་དོ།། དེང་སང་རང་ཅག་གི་སློབ་མ་ཚོ་སློབ་སྦྱོང་ལ་དེ་འདྲའི་ཆོད་སེམས་རྩ་བ་ནས་མེད། དེ་ན་ང་ཚོས་ལོ་རྒྱུས་ལས་འདི་ལ་ཕྱིར་དྲན་བྱེད་དགོས། ངས་བཤད་འདོད་པའི་སྙིང་པོ་དེ་ཡིན།


གཉིས་པ། ཆིག་སྒྲིལ་གྱི་སྟོབས་ཉམས་པ།

འདི་ཁ་སང་དེ་རིང་གི་སྐད་ཆས་བཤད་ན། མཐུན་སྒྲིལ་གྱི་སྟོབས་ཉམས་པ་ཟེར་བ་རེད། སྔོན་ཆད་བོད་ལ་མཚོན་ན་མཐུན་སྒྲིལ་ཧ་ཅང་དམ་ཟབ་རེད། དེ་དཔེ་ཞིག་བཞག་ན་རིག་གནས་གསར་བརྗེ་ཡི་གོང་རོལ་དུ་ཆང་འཐུང་དུས་ཆང་སྐྱོན་ཟེར་བའི་ཐ་སྙད་དེ་ལར་ནས་མེད་ཟེར། དེ་དུས་སྟོན་མོ་སོགས་ཀྱི་སྐབས་སུ་ཆང་འཐུང་དུས་ཆང་མ་དམ་འཛིན་ཟེར་བ་ཞིག་གིས་རྫ་མ་ལས་ཆང་བཅུས་ཏེ་མི་རེ་རེའི་ལག་བརྒྱུད། དེ་ནས་ཁ་བརྡ་མང་པོ་དང་བཅས་ཆང་ཡུན་གྱིས་འཐུང་། ཆང་འཐུང་ཚར་རྗེས་འཇམ་ཅག་གེར་རང་རང་སར་འགྲོ། དེང་སང་ལྟར་ཆང་འཐུང་རྗེས་ཀི་འདེབས་པ་དང་མཛུབ་མོ་འཕེན་པ་སོགས་ཁྱོན་ནས་མེད། འདི་ནི་རིག་གནས་གསར་བརྗེ་གོང་རོལ་གྱི་ཆང་འཐུང་སྲོལ་ཡིན་ཞེས། ང་ཚོའི་སྡེ་བའི་དགུང་ལོ་དགུ་བཅུ་ལོན་པའི་རྒད་པོ་ཞིག་གིས་ང་ལ་བཤད་པ་ཡིན། སྐབས་དེར་ངའི་སེམས་ལ་གློ་བུར་དུ་བོད་བཙན་པོའི་སྐབས་ཀྱི་ཁྲིམས་སུ་ཆང་ལ་ཚོད་ཟིན་པ་ཞེས་པ་ཞིག་ཡོད་པ་དེ་དྲན་བྱུང་།

བོད་བཙན་པོའི་སྐབས་ཀྱི་ཁྲིམས་ཆེན་བདུན་ལ་འདི་ཡོད། ཁྲིམས་ཆེན་བདུན་ནི་སྲོག་མི་གཅོད་པའི་ཁྲིམས། མ་བྱིན་པར་མི་ལེན་པའི་ཁྲིམས། ལོག་པར་མི་གཡེམ་པའི་ཁྲིམས། རྫུན་སྤོང་བའི་ཁྲིམས། ཆང་ལ་ཚོད་ཟིན་པའི་ཁྲིམས། ཁེང་མི་ལྡོག་པའི་ཁྲིམས། བང་སོ་མི་འདྲུ་བའི་ཁྲིམས་བཅས་ཡིན། བོད་བཙན་པོའི་སྐབས་རྒྱུ་མཚན་ཅིའི་ཕྱིར་ཁྲིམས་ཆེན་བདུན་གྱི་གྲས་སུ་ཆང་ལ་ཚོད་ཟིན་པ་འདི་བཞག་པ་རེད་ཟེར་ན། གཙོ་བོ་མཐུན་སྒྲིལ་ལ་དམིགས་པ་རེད། ཆང་འཐུང་ནས་ཚོད་མ་ཟིན་ན་བློན་པོས་རྒྱལ་པོ་མི་བཀུར་བ་དང་། དམག་མིས་དམག་དཔོན་མི་བརྩི་བའི་གནས་ཚུལ་འབྱུང་སྲིད་པས་དེ་སྔོན་འགོག་བྱ་ཆེད་ཁྲིམས་སུ་བཞག་པ་རེད། དེ་ལྟར་བོད་བཙན་པོའི་སྐབས་སུ་མཐུན་སྒྲིལ་ལ་སྲིད་གཞུང་ནས་དང་དོད་ཆེན་པོ་བྱས་པ་དང་། མི་སྒེར་སོ་སོ་ནས་ཀྱང་ཧ་ཅང་གཟབ་གཟབ་བྱེད་པར་འདུག  དེའི་རྗེས་བོད་སིལ་བུའི་སྐབས་སུ་ཁྲིམས་མེད་མོད་དེ་འཚོ་བའི་གོམས་སྲོལ་ཞིག་ཏུ་གྱུར་ཏེ་རྒྱུན་བསྐྱངས་འོངས་པ་རེད། ཆང་འཐུང་ནས་ཆང་སྐྱོན་ཕུད་ཚེ་མི་ནུས་མེད་ཀྱི་གྲས་སུ་འཇོག་ཅིང་།  ཆང་འཐུང་ནས་ཆང་སྐྱོན་ཕུད་ན་བུད་མེད་དང་བྱིས་པ་དག་གིས་ཀྱང་འཕྱ་སྨོད་བྱེད་སྲིད། གཏམ་དཔེ་ལ་ཡང་། ལྟོ་སྲོག་དང་ཕོ་སྲོག་བརྗེས། ཟེར་བ་ཞིག་ཡོད་པ་དེ་རེད། འདི་ཚང་མ་མཐུན་སྒྲིལ་དང་འབྲེལ་བ་དམ་པོ་ཡོད།

དེས་ན། རྒྱལ་ཁབ་ཅིག་ཡིན་ནའང་འདྲ། རྒྱལ་ཁབ་དེའི་དམག་དོན་ཡིན་ནའང་འདྲ། རྒྱལ་ཁབ་དེའི་སྒྲིག་འཛུགས་ཡིན་ནའང་འདྲ། དེའི་ལས་ཀའི་ངོ་བོ་ལ་ཞིབ་འཇུག་བྱས་ནས་འོངས་ཚེ་བོད་བཙན་པོའི་རྒྱལ་རབས་འདི་དེ་འདྲའི་སྟོབས་ཆེན་ཞིག་ཏུ་གྱུར་བའི་སྐོར་ལ་དཔྱད་ཞིབ་བྱེད་མཁན་མང་པོ་འདུག ཆེད་རྩོམ་ཡང་མང་པོ་འདུག ངས་བལྟས་ན་བོད་བཙན་པོའི་རྒྱལ་རབས་དེ་འདྲའི་སྟོབས་ཆེན་ཞིག་ཏུ་གྱུར་བའི་རྒྱུ་རྐྱེན་གཅིག་ནི་མཐུན་སྒྲིལ་ལ་ཐུག་འདུག་སྙམ། དེ་ལ་བཙན་པོའི་རྒྱལ་རབས་རང་གི་སྐབས་དེར་ལན་ཞིག་བཏབ་འདུག་སྟེ། བློན་ཆེན་འཇིན་འཇིན་仲琮ཟེར་བ་ཞིག་ཡོད་པ་རྒྱ་ནག་ལ་སོང་། རྒྱ་ནག་གོང་མས་ཁོར་བོད་ཀྱི་རྒྱལ་ཁབ་སྟོབས་ཆེ་བའི་རྒྱུ་མཚན་འདྲི་དུས། ཁོས་སྐད་ཆའི་ལན་གྱི་ཁྲོད་ན་གནད་གཅིག་ཡོད་དེ། དེ་ནི། དབུལ་ཕྱུག་ཐམས་ཅད་སེམས་མཐུན། གཅིག་གྲོགས་གཅིག་གིས་བྱེད་པས་བོད་ཀྱི་རྒྱལ་ཁམས་སྟོབས་ཆེ་བའི་རྒྱུ་མཚན་དེའི་ཡིན། ཞེས་ལན་བཏབ་ཡོད་པ་དེ་རེད།

འདིའི་དོན་ནི་བོད་བཙན་པོའི་སྐབས་སུ་ཆབ་སྲིད་ཀྱི་ཐོབ་ཐང་སྟེང་ནས་མཐོ་དམའ་མེད་པར་ཚང་མ་འདྲ་མཉམ་དང་། གཅིག་དཀའ་ཁག་ལ་འཕྲད་ཚེ་གཅིག་གིས་རོགས་རམ་བྱས་པས་སྟོབས་ཆེ་སོང་བ་རེད། དེའི་རྐྱེན་གྱིས་ཚང་མས་སེམས་ཀྱང་མཐུན་སོང་བ་རེད། སྔོན་དེ་ལྟར་ཡིན་ན་དེང་སང་དབུལ་ཕྱུག་ཐམས་ཅད་སེམས་ཨེ་མཐུན་ནམ། དེ་བས་ལེགས་བྱང་འདི་ཟད་སོང་བ་རེད། དེའི་དབང་གིས་བོད་བཙན་པོའི་སྐབས་སུ་ཆིག་སྒྲིལ་ཟེར་བ་འདི་ཆབ་སྲིད་ཀྱི་སྲོག་ཤིང་ཞིག་ཏུ་གྲུབ་ཚར། དེ་བཞིན་ཆིག་སྒྲིལ་གྱི་སྟོབས་ཟེར་བ་འདི་གང་ནས་བྱུང་བ་རེད་ཟེར་ན། འགོ་ཁྲིད་ཅིག་ལ་ཆ་བཞག་ན་མངའ་ཞབས་ཀྱི་མྱི་སྤྱོད་པར་དགའ་བ་དང་། ལས་གང་ལ་ཡང་མངགས་པར་དགའ། དེང་སང་ང་ཚོ་ཆེ་ཚུགས་སྟོན་རྒྱུར་དགའ་བ་རེད། གལ་སྲིད་རང་ཉིད་ཀྱིས་འཇོན་པ། རང་ཉིད་བྱ་བར་ཞུགས་ན་ལས་ཀར་གྲུབ་འབྲས་ཀྱང་ལོན་པ་དེ་འདྲ་ཡིན་ཡང་དེ་ལྟར་མི་བྱེད། མི་འགའ་བཀོལ་ནས་ལས་ཀ་འགྲུབ་རྗེས། ལེ་བདའ་དང་བཅས་ཡང་བསྐྱར་ལས་དགོས་པའི་བཀའ་འབེབས། དེ་ལྟར་བྱས་ཚེ་དུས་ཚོད་འཕྲོ་བརླག་ཡིན་པ་མ་ཟད་ལས་ཀར་གྲུབ་འབྲས་ཀྱང་མི་ལོན།

གོང་འོག་མཐོ་དམའ་ཀུན་གྱིས་མཉམ་དུ་ལས་ན་ཆིག་སྒྲིལ་གྱི་སྟོབས་ཀྱང་འབྱུང་། ཆིག་སྒྲིལ་གྱི་སྟོབས་ཡོད་པ་བོད་གཅིག་པུ་མ་ཡིན་ཏེ། ཕྱི་རྒྱལ་ན་ཡང་དེ་ལྟ་བུའི་དོན་མང་སྟེ། དཔེར་ན། ང་ཚོས་ཤེས་པའི་ནཱ་ཕོ་ལོན་རེད། ཁོང་ནི་ཧྥ་རན་སིའི་གོང་མ་ཆེན་པོ་ཡིན་ཞིང་། ནཱ་ཕོ་ལོན་གྱི་སྐབས་སུ་ཧྥ་རན་སི་ཡོ་རོབ་ཀྱི་བཙན་རྒྱལ་ཆེ་ཤོས་སུ་གྱུར། དེ་ནི་ཁོང་རང་ཉིད་ཀྱི་འབད་པ་ཤ་སྟག་ལ་བརྟེན་ནས་བྱུང་བ་རེད། ཁོང་ནི་ཧྥ་རན་སིའི་ཁཱོར་སི་གླིང་ཕྲན་དུ་སྐུ་འཁྲུངས་པའི་མི་དཀྱུས་མ་ཞིག་ཡིན། ཐ་མར་གྲོགས་མེད་ཁེར་རྐྱང་ཀྱིས་འོར་པཱ་གླིང་ཕྲན་དུ་སྐུ་གཤེགས། ལོ་རྒྱུས་དེ་ཚང་མས་ཤེས་གསལ་རེད། ནཱ་ཕོ་ལོན་གྱིས་སྐུ་ཚེ་གང་བོར་དམག་འཁྲུག་ཆེན་པོ་༤༠ལས་རྣམ་པར་རྒྱལ་ཅིང་། དམག་འཁྲུག་ཆེན་པོ་གཉིས་ལ་ཕམ་ཁ་མྱངས། གཅིག་ནི་ཨུ་རི་སིར་འཐབ་པ་དང་། གཅིག་ནི་ཧྭ་ཐེ་ལོ་གཡུལ་འགྱེད་ཡིན། གཡུལ་འགྱེད་འདིའི་ཁྲོད་དུ་ཁོས་གཏིང་ཐག་ཆོད་པའི་ཕམ་ཁ་མྱངས་ཤིང་། དེ་ནས་འོར་པཱ་གླིང་ཕྲན་དུ་ཡུལ་སྤྱུགས། དེ་རུ་ཁོང་གིས་རང་ཉིད་ཀྱི་མི་ཚེ་ལ་ཕྱིར་དྲན་བྱས་ཤིང་འདི་ལྟར་གསུངས་པ་ཡིན་ཏེ་མི་ཚེ་གང་བོར་གཡུལ་འགྱེད་ཆེན་པོ་ཐེངས༤༠ལྷག་ལས་རྒྱལ་མོད། དེ་ལས་ཀྱང་མཛད་རྗེས་ཆེ་ཤོས་ནི་ན་ཕོ་ལོན་གྱི་དམངས་ཁྲིམས་གཏན་ལ་ཕབ་པ་དེ་རེད་ཟེར།

དེ་ནི་ནཱ་ཕོ་ལོན་གྱིས་རྒྱལ་ཁབ་བཙུགས་རྗེས། ཁྲིམས་ལ་ཧ་ཅང་མཁས་པའི་མི་བཞི་གཙོས་ཁྲིམས་བཟོ་ཚོགས་པ་ཞིག་བཙུགས་ཤིང་ཁོང་གིས་དངོས་སུ་རོགས་བྱས་ནས་སྤྱི་ལོ་༡༨༠༠ལོའི་ཟླ༨པར་ཁྲིམས་བཟོས། ཁྲིམས་དེ་ལ་དམངས་ཁྲིམས་ཞལ་ལྕེ་ཟེར་ཞིང་དོན་ཚན༢༢༨༡ཡོད་དང་། ཤོག་ངོས༤༣༦ཡོད། ཁྲིམས་དེ་བཟོ་དུས་ཚོགས་འདུ་ཐེངས་གྱ་བདུན་བསྡུས་ཤིང་། དེ་ལས་ཐེངས་སོ་བདུན་ལ་ནཱ་ཕོ་ལོན་སྐུ་དངོས་སུ་ཞུགས། ཞུགས་དོན་ནཱ་ཕོ་ལོན་ནི་ཁྲིམས་རིག་གི་མཁས་པ་ཡིན་ཞིང་། གནའ་བོའི་གྷི་རིག་དང་རོམ་གྱི་ཁྲིམས་ཡིག་ལ་ཐོགས་པ་མེད་པའི་ཁྲིམས་ཀྱི་མཁས་པ་ཆེན་པོ་ཡིན།

དུས་དེར་ཁོང་རང་གོང་མ་ཆེན་མོ་ཡིན་ནའང་། ཁྲིམས་བཟོ་མཁན་དག་དང་མཉམ་དུ་ཉིན་རེར་དུས་ཚོད་བཅུ་ནས་ཉི་ཤུའི་བར་གྱི་ལས་ཀ་བསྒྲུབས། དེ་ལྟ་བུའི་འབད་བརྩོན་དང་ནན་ཏན་ལ་བརྟེན་ནས་ནཱ་ཕོ་ལོན་གྱི་དམངས་ཁྲིམས་ལེགས་པར་གྲུབ། ཁྲིམས་ཡིག་འདི་ནི་ཕྱིས་ཀྱི་ཧྥ་རན་སིའི་ཁྲིམས་དང་ཡོ་རོབ་ཀྱི་དེང་རབས་སྲིད་ཁྲིམས་ཀྱི་རྨང་གཞིར་གྱུར། དེ་ན་ངས་འདི་བཤད་འདོད་པ་ནི། ནཱ་ཕོ་ལོན་གོང་མ་ཡིན་ཡང་ཁོས་ཁྲིམས་རིག་ཆེད་མཁས་པ་དག་དང་མཉམ་དུ་ཧུར་བརྩོན་བྱས་ཏེ་ནུབ་གླིང་གི་ཁྲིམས་ཀྱི་ཕྱི་མོར་གྱུར་བའི་ན་ཕོ་ལོན་གྱི་དམངས་ཁྲིམས་བཟོས། འདི་མཐུན་སྒྲིལ་ལས་བྱུང་བ་རེད། གལ་སྲིད་ཁོང་གིས་སྒེར་གཅོད་བྱས་པའམ་མངག་བཅོལ་ཙམ་ལས་རང་གིས་སྐུ་དངོས་སུ་ཐེ་གཏོགས་མ་བྱས་པ་ཡིན་ན། བསྐལ་བར་མི་འཇིག་པའི་དམངས་ཁྲིམས་དེ་ཡོད་པར་ག་ལ་འགྱུར།


གསུམ་པ། ལྷག་བསམ་གྱི་ཟུངས་ཟད་པ།

བྱ་བ་གང་དང་གང་བསྒྲུབ་ཀྱང་ལྷག་བསམ་ནི་མེད་དུ་མི་རུང་བྱུང་། བོད་བཙན་པོའི་སྐབས་སུ་མི་རྣམས་ལྷག་བསམ་ཧ་ཅང་ཆེ་བར་མ་ཟད་སིལ་བར་འཐོར་རྗེས་སུ་ཡང་ལྷག་བསམ་སྔར་བཞིན་ལྡན། དེ་ན་གོང་ནས་དཔེ་བཞག་པ་ཚང་མ་དམག་དོན་དང་ཆབ་སྲིད་སོགས་ཀྱི་སྐོར་ཏག་ཏག་ཡིན་པས། ད་ནི་རིག་གནས་སྐོར་ནས་དཔེ་ཞིག་བཞག་སྟེ་བཤད་ན། སློབ་དཔོན་ཐོན་མི་རྒྱ་གར་དུ་བགྲོད་དུས་འཁོར་བཅུ་དྲུག་དང་བཅས་ཏེ་ཕྱིན། འཁོར་རྣམས་ཚད་པས་ཤི་ཟེར། དེ་དུས་ཚད་པ་དང་འབྲུམ་བུའི་ནད་སོགས་མཐོ་སྒང་གི་མི་ཚ་བའི་ཁུལ་དུ་སོང་ན་ནད་འགོག་གི་ནུས་པ་གཉོམ་པས་ཉེན་ཁ་ཧ་ཅང་ཆེ། སྐབས་དེར་སློབ་དཔོན་ཐོན་མིས་ཉེན་ཁར་མ་འཛེམ་པར་ཕེབས་པ་ཡང་ལྷག་བསམ་གྱི་སྟོབས་ཀྱིས་ཡིན།

གཞན་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཁྲང་ཨན་མཁར་རྒོལ་བས་བླངས་རྗེས་ཉིན་བཅུ་ཕྲག་ལྷག་ལས་འདུག་མ་ཐུབ་པ་ཡང་ཚ་བས་ཁུལ་གྱི་ནད་རིམས་ཀྱི་དབང་གིས་ཡིན། ད་དུང་ལོ་ཆེན་རིན་ཆེན་བཟང་པོ་འཁོར་ཉེར་གཅིག་དང་བཅས་ཏེ་ཁ་ཆེར་ཕྱིན་ཏེ། ལོ་ཆེན་དང་ལོ་ཆུང་ལེགས་པའི་ཤེས་རབ་ལས་འཁོར་གཞན་ཚང་མ་ཤི། དེ་ཡང་ལྷག་བསམ་གྱི་སྟོབས་ཀྱིས་ཡིན། དེ་ལྟ་བུའི་ལྷག་བསམ་མེད་པ་ཡིན་ན་ལོ་ཆེན་གྱིས་རང་ཉིད་ཉེན་ཁར་འཕྲད་དགོས་པ་མ་ཟད་ཚ་བོ་ལོ་ཆུང་ལེགས་པའི་ཤེས་རབ་ཀྱང་ཉེན་ཁ་བརྒྱུད་དགོས་པའི་ལས་དེ་ལྟ་བུ་བསྒྲུབ་མི་སྲིད། དེ་བཞིན་ཇོ་བོ་རྗེ་གདན་འདྲེན་དུས་ཀྱང་ལན་ཅིག་ལ་རྒྱ་བརྩོན་འགྲུས་སེང་གེས་གཙོས་འཁོར་བརྒྱད་ཅུ་ཚད་པས་ཤི་ཞེས་བཀོད་ཡོད་ཅིང་། དེ་ན་ད་ལྟའི་མི་ཚོར་དེ་ལྟ་བུའི་ལྷག་བསམ་ཡོད་དམ་མེད། དེ་ང་ཚོས་བསམ་གཞིག་བྱ་དགོས་ས་གཅིག་རེད།

ལྷག་བསམ་བཤད་ཚེ་བོད་བཙན་པོའི་དུས་སུ་ལྷག་བསམ་ཧ་ཅང་ཆེ་བའི་ཁྱིམ་རྒྱུད་ཅིག་ཡོད་པ་རེད། དེ་ནི་མགར་ཁྱིམ་རྒྱུད་རེད། མགར་སྟོང་བཙན་ཡུལ་བཟུང་ལ་མཚོན་ན་རྒྱལ་པོ་བཞིའི་རིང་གི་བློན་པོ་ཡིན་ཞིང་། ཁོང་ལ་མཚོན་ན་གལ་སྲིད་རྒྱལ་པོའི་རྒྱལ་སྲིད་འཕྲོག་འདོད་པ་ཡིན་ན་འཕྲོག་རྒྱུའི་གོ་སྐབས་དང་སྟོབས་ཤུགས་གཉིས་ཀ་འཛོམས་མོད། ཡིན་ཡང་ཁོང་གིས་ལྷག་བསམ་རྣམ་དག་གིས་བོད་བཙན་པོའི་རྒྱལ་རབས་ལ་ནུས་ཤུགས་ཡོད་རྒུ་བཏོན། སྡེ་སྲིད་སངས་རྒྱམ་གྱི་བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭངས་ཤེལ་མེ་ལོང་ལས། དོ་དམ་སོ་སོས་ཟ་བེད་དང་གསོག་དཀའ་བའི་རིགས་ལ་སླ་བཅོས་ཀྱི་གྲ་མ་འགྲིག དོ་མ་གལ་གྱི་འཇིག་པས་མཚོན་པའི་གང་ལའང་བློ་བསམ་རྣམ་དག་གིས་གཞུང་དོན་རིས་སུ་མ་བོར་ཞིང་འཕྲུལ་འཁོར་དང་ལྡན་པ་ཞང་བློན་མགར་ལྟ་བུ་དགོས།ཞེས། བློན་པོ་མགར་ནི་བློ་བསམ་རྣམ་དག་དང་གཞུང་དོན་རིས་སུ་མ་བོར་བ་ཞིག་ཡིན་ཞེས་བློན་པོ་མགར་ལ་དེ་ལྟར་གདེང་འཇོག་བྱས་ཡོད།

བློན་པོ་མགར་ནི་དོན་དམ་གྱིས་གཞུང་དོན་རིས་སུ་མ་བོར་བ་དེ་ལྟ་བུ་ཡིན། ད་ལྟའི་དུས་སུ་རང་དོན་འཁྱོངས་ན་ཡང་གཞུང་དོན་བོར་བ་མང། སྡེ་སྲིད་ཀྱི་དེབ་དེར་གཟིགས་དང་ལྟ་རྒྱུ་ཡོད། བོད་བཙན་པོའི་སྐབས་སུ་དེ་ལྟ་བུའི་ལྷག་བསམ་ཅན་ཡོད་པ་རེད། ད་ལྟའི་དུས་སུ་ལྷག་བསམ་ཡོད་རྒྱུ་དེ་འདྲ་ཧ་ཅང་དཀའ་མོ་རེད། དེ་བས་ལྷག་བསམ་གྱི་ཟུངས་ཟད་འདུག་ཟེར་བ་ཡིན།


བཞི་བ། བསྟོད་སྨད་ཀྱི་འབེན་ནོར་བ།

དེང་གི་དུས་ལ་བསྟོད་སྨད་ཀྱི་འབེན་ནོར་བཞིན་ཡོད་པ་འདྲ། སྔོན་མར་བཙན་པོའི་རྒྱལ་རབས་དུས་སུ་མཛངས་པར་བསྟོད་ཅིང་དཔའ་བོར་བཀུར་བ་རེད། ཡིན་ཡང་ད་ལྟའི་དུས་སུ་མཛངས་པར་བསྟོད་པ་དང་དཔའ་བོར་བཀུར་རྒྱུ་ཧ་ཅང་དཀའ་མོ་རེད། མི་འཇོན་ཐང་ཅན་ཞིག་ཡིན་ན་དེ་སྐྱོན་ཆ་བཙལ་ཅི་ཐུབ་བྱེད་ཅིང་། གལ་སྲིད་མི་འཇོན་ཐང་ཅན་ཞིག་གིས་སྐྱོན་ཕྲ་མོ་ཙམ་ལས་ཚེ། ཚང་མས་སྐད་འཕྲིན་སྟེང་ནས་བསྒྲག་ཅི་ཐུབ་བྱེད་ཅིང་ཀློག་གྲངས་ཧ་ཅང་མང་། མི་འཇོན་ཐང་ཅན་ཞིག་གིས་དོན་བཟང་པོ་ཞིག་བསྒྲུབས་ཚེ། དེ་ལས་ལྡོག་པ་ཡིན།

རྒྱུ་མཚན་དེའི་དབང་གིས་ང་ཚོར་མཛངས་པ་ནི་བསྟོད་ཟེར་བ་ཤོར་འདུག མི་མཛངས་བར་བསྟོད་དགོས་པ་རེད། བསྟོད་ཞེས་པ་དེ་ངོ་སོ་བསྟོད་པ་དང་སྐུལ་ལྕག་གཏོང་བ།  སེམས་དཔངས་བསྟོད་དགོས་པ་རེད། དཔའ་བོར་བཀུར་དགོས་པ་རེད། ཡིན་ཡང་ང་ཚོར་མཚོན་ན་དེང་སང་དཔའ་བོར་བཀུར་བ་ཧ་ཅང་དཀའ་མོ་རེད། ང་ཚོའི་མི་རིགས་ལ་མཚོན་ན་དཔའ་བོ་ཞིག་བྱུང་ཚེ། དེ་ལ་ཕལ་ཆེར་གླེང་སློང་མེད།  དེའི་སྐོར་བཤད་ན་ཉོག་འགྲོ་བས་དེ་རིང་མི་བཤད། བསྟོད་སྨད་ཀྱི་འབེན་ནོར་བ་འདི་ཡང་ལོ་རྒྱུས་སྟེང་ན་གཏམ་རྒྱུད་ཅིག་ཡོད་མོད་ད་བཤད་ཁོམ་མི་འདུག་པས་དེ་ཙམ་གྱིས། རྗེས་མ་དག་ཚར་རྒྱུ་མ་རེད།


ལྔ་བ། དབྱེ་བསལ་གྱི་གཞི་ཉོག་པ། 

འདི་ནི་གང་ཞིག་དགྲ་དང་གང་ཞིག་གྲོགས་སུ་བསྟེན་དགོས་པ་ལྟ་བུ་ཡིན། བོད་བཙན་པོའི་དུས་སུ་ནང་ཁུལ་ན་དགྲ་དང་གྲོགས་ཟེར་བ་མེད། རྒྱལ་པོ་དང་བློན་པོ་མནའ་བཅད་ཡིན་ལ། བློན་པོ་དང་དམག་དཔོན་གྱིས་མནའ་བཅད། དམག་དཔོན་དང་དམག་མིས་མནའ་བཅད་ཡོད། དེ་ནི་དུས་སྐབས་དེར་ལམ་ལུགས་ལྟ་བུ་ཞིག་ཡིན། སྤྱིར་བཏང་རྒྱལ་པོས་བློན་པོའི་ཁྲོད་དུ་འདི་ངའི་གྲོགས་ཡིན་འདི་ངའི་དགྲ་ཡིན་ལྟ་བུའི་ཐེ་ཚོམ་མེད། ཡིན་ཡང་བོད་བཙན་པོའི་སྐབས་སུ་དེའི་ཐོག་ནས་དོན་དག་མང་པོ་ཞིག་བྱུང་མྱོང་། དེ་ན་དགྲ་གྲོགས་ངོ་ཤེས་རྒྱུ་དང་། དེ་ནི་དོན་ལ་གཙོ་ཕལ་གྱི་དབྱེབ་དང་འདྲ། སློབ་སྦྱོང་བྱེད་དུས་སམ། དོན་དག་ཅིག་སྒྲུབ་དུས་གཙོ་ཕལ་གྱི་དབྱེ་བ་འབྱེད་རྒྱུ་གལ་ཆེ། གཙོ་ཕལ་གྱི་དབྱེ་བ་མ་ཤེས་ཚེ། དཔེར་ན་ཆེད་ལས་བསྐྱུར་ཏེ་སྙན་ངག་བྲིས་ནས་འདུག་པ་ལྟ་བུ་རེད།

དེ་བས་དབྱེ་བསལ་ཟེར་བ་འདི་གལ་ཆེན་པོ་ཡིན། སྲིད་འབྱོར་རིག་གསུམ་གང་ལ་མཚོན་ན་ཡང་ཧ་ཅང་གཙོ་སྟེ། སྲིད་འབྱོར་རིག་གསུམ་གྱི་བྱ་བ་སྒྲུབ་མཁན་ཞིག་ལ་མཚོན་ན་དབྱེ་བསལ་ནི་ནམ་རྒྱུན་འཕྲད་སྲིད་པའི་ཐ་སྙད་ཅིག་ཡིན་ལ། དབྱེ་བསལ་ལ་མཁས་ཚེ་སྤང་བླང་གི་རྣམ་བཞག་ལ་མཁས་པ་རེད། སྤང་བླང་ལ་མཁས་ཚེ་མཁས་པ་རེད། དབྱེ་བསལ་གྱི་གཞི་དེ་ཉོག་ཚེ་ང་ཚོ་བླུན་པོ་ཆགས་འགྲོ་བ་རེད། དབྱེ་བསལ་ཟེར་བ་འདི་རྒྱའི་选择ཟེར་བ་ཡིན་ལ། ང་ཚོས་དོན་གང་སྒྲུབ་ཀྱང་འདི་ལ་འཕྲད། འདི་ཤེས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། གཙོ་བོ་ཁེ་ཕན་ལ་འཕྲད་དུས་དབྱེ་གསལ་ཤེས་རྒྱུ་གལ། ནོར་ན་ཕྱིས་ནས་འགྱོད་པའི་རྒྱུ་རུ་འགྲོ། ད་ལྟ་སྤྱི་ཚོགས་སྟེང་ན་མི་སྙན་གྲགས་ཡོད་པའི་མི་འགའ་རེས་ནམ་རྒྱུན་ཁོ་རང་རིག་པ་རྣལ་དུ་གནས་པ་ཞིག་ཡིན་ཀྱང་། ཁེ་ཕན་གྱི་མདུན་ནས་སྐབས་དང་སྐབས་སུ་རང་ཚུགས་ཤོར་བའམ་དབྱེ་བསལ་མ་ཤེས་པར་སྙན་གྲགས་ཀྱང་དེའི་ཟླ་ལ་ཤོར་བ་དང་ཁ་ལས་མ་དགེ་བར་ཀུན་གྱིས་དམོད་པར་བྱེད་པ་ཡང་འདུག་སྟེ་ཚང་མས་ཤེས་གསལ་ལོ།།


དྲུག་པ། མིག་ལྟོས་ཀྱི་དཔེ་འཁྲུལ་བ།

སྤྱིར་ཚན་པ་འདི་ཅུང་རིང་། རྒྱུ་མཚན་ནི་གཞེས་ནིང་སྟེ༢༠༡༥ལོའི་ཟླ༡༠བར་ཁྱོད་ཚོའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པས་ཚོགས་འདུ་བསྡུས་ཤིང་དེ་དུས་ང་ཡང་བོས། ངས་གཏམ་བཤད་ཅིག་གྲ་སྒྲིག་བྱས་མོད་རྗེས་སུ་ང་དུས་ལྟར་ཞུགས་མ་ཐུབ། ཡིན་ཡང་གཏམ་བཤད་ཀྱི་མ་ཟིན་དྲྭ་ཐོག་ཏུ་བཀོད་ཡོད། དྲྭ་རྩོམ་གྱི་ཁ་བྱང ༼ ལ་ཨ་ལ་པ་ལ༽ ཟེར། དེ་དུས་བཤད་པའི་སྐལ་བ་མ་བྱུང་བས་ད་ཐེངས་ཐེངས་གཅིག་བཤད་འདོད་བྱུང་།

དེས་ན། ང་ཚོས་ལོ་རྒྱུས་ཀྱི་སྟེང་གི་དོན་རྐྱེན་གང་ལ་དཔེ་བལྟ་དགོས་པ་དང་གང་ལ་དཔེ་བལྟ་མི་རུང་བ། མི་རིགས་གང་ལ་དཔེ་བལྟ་རུང་བ་དང་གང་ལ་ལྟ་མི་རུང་བ། དཔེ་བལྟ་རུང་བའི་མི་རིགས་དེའི་དོན་གང་ལ་དཔེ་ལྟ་བ་དང་གང་ལ་མི་རུང་བ་དེ་རེད། དེ་ཡང་གོང་གི་དབྱེ་བསལ་དང་འདྲ་བར་ཤེས་རྒྱུ་གལ་ཆེན་པོ་རེད། རྒྱུ་མཚན་ནི་ལད་མོ་བྱ་ས་ཉེས་ན་བོད་རང་གི་ཡུལ་སྲོལ་གོམས་གཤིས་དང་བསམ་བློའི་འདུ་ཤེས་རྣམས་བརླག་པའི་ཉེན་ཁ་འདུག དེ་བས་གང་ཞིག་ལ་དཔེ་བལྟ་ས་དེ་འཁྲུལ་མི་རུང་། དཔེར་ན། སློབ་ཆེན་སློབ་མ་ཞིག་ལ་མཚོན་ན་གློག་བརྙན་ལ་ལྟ་དུས་ཁོ་རེ་ཡའི་མུ་འབྲེལ་གློག་བརྙན་韩剧ལ་ལྟ་རྒྱུ་མ་ཡིན་པར། འཛམ་གླིང་ན་མིང་དུ་གྲགས་པའི་རྩོམ་རིག་དང་འབྲེལ་བའི་གློག་བརྙན་ནམ་ཧོ་ལེ་བོའུ་གློག་བརྙན་好莱坞影片གྲགས་ཅན་དག་ལ་ལྟ་རྒྱུ་དེ་རེད། དེ་མ་ཡིན་པར་སློབ་ཆེན་སློབ་མ་ཞིག་གིས་ཁོ་རེ་ཡའི་ཚར་རྒྱུ་མེད་པའི་མུ་འབྲེལ་གློག་བརྙན་ལ་བལྟས་ཏེ་ཉི་མ་བཏང་ན་དཔེ་ཆ་བསྐྱུར་ཏེ་ལྷམ་ལ་འཇུས་པ་དང་མཚུངས། དེ་བས་མིག་ལྟོས་ཀྱི་དཔེ་མི་འཁྲུལ་བ་ནི་ཧ་ཅང་གལ་ཆེ།

འདིའི་ཁ་བྱང་ལ་ངས་ཨ་ལ་པ་ལ་ཞེས་བཏགས། ཨ་ལ་པ་ལ་ཞེས་པ་རྒྱ་སྐད་དང་བོད་སྐད་གང་ཡིན་གསལ་བོར་མ་ངེས་མོད། བོད་སྐད་ཀྱི་ཨ་ལེ་བུ་ལེ་ཕར་འགྱུར་བ་ཡིན་པ་འདྲ། དེ་དུས་ང་དངོས་གཞིའི་སློབ་མ་ཡིན་དུས། བོད་ཡིག་སྡེ་ཁག་གི་ཀྲུའུ་རིན་རྒན་དགེ་བསྙེན་རེད། ཁོས་ཚོགས་འདུ་ཞིག་བསྡུས་ཤིང་། ཚོགས་ཐོག་ཏུ་འདི་ལྟར་གསུངས་སོང་། བོད་ཀྱི་སློབ་མ་ཚོས་ཁ་ལག་ཞིག་བཀྲུས་ན་ཡང་ཨ་ལ་པ་ལ། ཐ་ན་གྲོགས་ཤིག་བསྒྲིགས་ན་ཡང་ཨ་ལ་པ་ལ། གལ་ཏེ་དགེ་རྒན་ཞིག་གི་མིང་ནས་བཟུང་སྟེ་ཁྱོད་གཉིས་འབྲེལ་བ་ག་འདྲ་ཡིན་ནམ་ཞེས་དྲིས་ཚེ། ཨ་ལ་པ་ལ་ཞིག་ཤེས་ཞེས་ལན་འདེབས། དེ་བཞིན་སློབ་སྦྱོང་ཨ་ལ་པ་ལ། དགེ་རྒན་ཨ་ལ་པ་ལ། སློབ་གྲྭ་ཨ་ལ་པ་ལ། དེ་ལྟར་ཨ་ལ་པ་ལ་ཞེས་པ་བོད་ཀྱི་ཤ་གསེང་རུས་གསེང་ལ་ཟུག་འདུག རྐང་ལ་ཟུགས་འདུག བོད་ཀྱི་རྐང་ན་ཨ་ལ་པ་ལ་ལས་གཞན་མི་འདུག ཅེས་ཅེས་སློབ་གསོ་བཏང་། དེས་ང་ལ་ཤུགས་རྐྱེན་ཆེན་པོ་ཞིག་བཞག་ཅིང་། དེ་ནས་བཟུང་རང་ཉིད་ཀྱིས་དོན་ཞིག་སྒྲུབ་དུས་ཀྱང་ཨ་ལ་པ་ལ་ཞིག་མ་བསྒྲུབ་ཅེས་རང་ཉིད་ལ་སྐུལ་ལྕག་བྱས་པ་ཡིན། ཨ་ལ་པ་ལ་ཞེས་པའི་ཐ་སྙད་འདི་ཐ་སྙད་གོ་ཆོད་ཅིག་རེད་དེ། དེ་ང་ཚོའི་བོད་ཀྱི་ལས་གང་ལ་སྦྱར་ནའང་འབྱོར་བ་དེ་འདྲ་རེད།

ངོ་མ་ང་ཚོ་བོད་རྣམས་ཀྱིས་ལས་ཀ་གང་བྱས་ན་ཨ་ལ་པ་ལ་རེད། དེ་དུས་ང་ཚོ་དངོས་གཞིའི་སྐབས་སུ་སློབ་བྱོལ་བྱེད་པ་དང་། ལས་བྱ་མི་འབྲི་བ། སློབ་ཁྲིད་ལ་མི་ཞུགས་པ་སོགས་ཧ་ཅང་རྒྱུན་ལྡན་ཡིན། གལ་ཏེ་སློབ་གྲོགས་ཤིག་ཉིན་ཉི་ཤུ་ལྷག་ལ་གར་སོང་ཆ་མེད་དུ་གྱུར་ན་ཡང་དེར་རྩར་གཅོད་མཁན་ཅི་ཡང་མེད། སློབ་གྲོགས་ཚོས་ཀྱང་མི་ཤེས། ང་ཚོ་དེ་ལྟ་བུའི་ཁོར་ཡུག་གི་ཁྲོད་ནས་ནར་སོན་པ་ཡིན། སྐབས་དེར་ང་ཚོར་ཧྲན་ཞིའི་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་པ་མ་ཐག་པའི་སློབ་ཆེན་སློབ་མའི་བསམ་བློའི་བློ་སྦྱོང་ཟེར་བའི་བསླབ་ཚན་གྱི་དགེ་རྒན་ཞིག་ཡོད། དེས་ང་ཚོར་ཁྱོད་ཚོའི་དགའ་ཕྱོགས་ཅི་ཞིག་ཡིན་ཞེས་བྲིས། དེ་དུས་ལན་འདེབས་མཁན་མ་བྱུང། དོན་ལ་ང་ཚོར་བཤད་འོས་པའི་དགའ་ཕྱོགས་ཤིག་མེད་པས་རེད། དེ་ནས་མོས་འདི་ལྟར་བཤད་དེ། ཁྱོད་ཚོའི་དགའ་ཕྱོགས་གཅིག་ནི་ཆང་འཐུང་རྒྱུ་དང་། ཅིག་ཤོས་ནི་རྡུང་རེས་བྱེད་རྒྱུ་དེ་རེད་ཟེར། དེ་དུས་ང་ཚོའི་མཁའ་དབུགས་དེ་ལྟ་བུ་ཞིག་ཡིན་འདུག་ཨང་། རྗེས་སུ་ང་ལས་ཀར་ཞུགས་ནས་ལོ་ལྔ་སོང་། དེ་ནས་ཕྱིར་སློབ་གྲྭར་ཡོང་ནས་ཞིབ་འཇུག་སློབ་མ་བཏོན། དེ་དུས་དངོས་གཞི་དག་ལ་ཆ་རྒྱུས་ཆེན་པོ་མེད། སྐབས་དེར་རྒྱའི་གནའ་རབས་རྩོམ་རིག་གི་སློབ་ཁྲིད་ཅིག་ལ་ཞུགས། འཛིན་གྲྭ་དེར་སློབ་མ༣༨ཡོད་ལ་སློབ་སྐབས་དེར་མི་གཅིག་ཀྱང་སློབ་ཁྲིད་ལ་མ་ཆད། དེ་དུས་ངས་བོད་ཡིག་སྡེ་ཁག་འཛིན་གྲྭ་རྣམས་ཀྱང་དེ་འདྲ་ཞིག་ཡིན་རྒྱུ་རེད་འདོད།

འོན་ཀྱང་། དངོས་སྦྱོང་སྐབས་སུ་ངས་དངོས་གཞིའི་འཛིན་གྲྭ་ཞིག་ལ་རྩོམ་འབྲི་རིག་པའི་སློབ་ཁྲིད་བྱས། ཐོག་དང་པོར་སློབ་ཁྲིད་ལ་ཕྱིན་དུས་མི༢༠ཆད་འདུག དེ་ནི་ངས་སློབ་ཁྲིད་བྱས་པ་མ་བཟང་བ་སོགས་རྩ་བ་ནས་མ་རེད། ཁོ་ཚོས་ང་རིག་ཀྱང་མྱོང་མེད། ངས་རྒན་རྣམ་སྲས་དང་ཀུན་བཟང་གཉིས་ལ་དོན་དེ་ཡར་ཞུ་བྱས་པ་ཡིན་མོད། དེའི་རྗེས་སུ་མི༡༠ལྷག་ཆད་འདུག དེ་ལྟར་སློབ་སྐབས་དེ་མཇུག་རྫོགས། ང་ཚོའི་སློབ་ཁྲིད་ཀྱང་དེ་ལྟ་བུའི་ཨ་ལ་པ་ལ་ཞིག་རེད། དེང་སང་དེ་ལྟ་བུ་ཡིན་རྒྱུ་མ་རེད། ངས་གོ་ཐོས་ལྟར་ན་ད་བར་སྒྲིག་ལམ་བཟང་རབས་བཤད། དེ་ནི་དོན་ངོ་མ་རང་རྟོགས་ལས་བྱུང་བ་རེད། དེ་ནི་དགའ་འོས་པ་ཞིག་རེད། ང་ལ་མཚོན་ན་མ་ཡུམ་སློབ་གྲྭའི་མཁའ་དབུགས་དེ་འདྲ་བཟང་ན་ངོ་མ་དགའ་འོས་པ་རེད། དེ་ནས་ཨ་ལ་པ་ལ་ཞེས་པ་འདི་མི་རིགས་གཞན་གྱི་སྟེང་ལ་སྦྱར་ནས་བཤད་ན། ཨ་ལ་པ་ལ་ཞེས་པའི་ལྡོག་ཕྱོགས་སུ་ནན་ཏན་ཞེས་པ་ཡོད་པ་རེད།

ནན་ཏན་གླེང་ཡོང་ཚེ་འཛམ་གླིང་སྟེང་ཆེས་ནན་ཏན་ཡིན་པའི་མི་རིགས་གཉིས་ནི་གཅིག་འཇར་པན་དང་གཅིག་འཇར་མན་རེད། མི་རིགས་འདི་གཉིས་ལ་ངན་སྨྲས་པ་ཡིན་ན། འཛམ་གླིང་འཁྲུག་ཆེན་ཐེངས་དང་པོ་དང་གཉིས་པ་གཉིས་ལ་ཞུགས་ནས་འཛམ་གླིང་ཡོམ་ཡོམ་དུ་སྒུལ། འཁྲུག་ཆེན་འདི་གཉིས་ནི་འཛམ་གླིང་ལོ་རྒྱུས་སྟེང་གསོད་སྦྱོར་ཡང་ང་བ་བྱས་པའི་འཁྲུག་ཆེན་གཉིས་རེད། འདི་མི་རིགས་སུ་ཡིན་ཡང་དཔེ་བལྟ་ས་མ་རེད། འོན་ཀྱང་མི་རིགས་འདི་གཉིས་ལ་དཔེ་བལྟ་ས་མང་པོ་ཡོད། གོང་ནས་བཤད་པའི་བློ་ཐག་རྦད་ཆོད་སོགས་མ་ཟད། ཧ་ཅང་ནན་ཏན་དང་རང་རྟོགས་ཅན་གྱི་མི་རིགས་གཉིས་ཡིན། འཇར་མན་ཇི་ལྟ་བུའི་གཟབ་ནན་ཞིག་རེད་ཟེར་ན། ༡༩༤༤ལོར་འཇར་མན་འཁྲུག་ཆེན་གཉིས་པ་ལས་ཕམ་ལ་ཉེ་བའི་དུས་སུ། སྲིད་གཞུང་གི་གཞུང་ཞབས་པ་ཚང་མ་གཡུལ་སེ་བུད་སོང། ༡༩༤༤ལོའི་དགུན་ཁ་དེ་ནི་ལོ་རྒྱུས་སྟེང་འཁྱག་གྲང་ཧ་ཅང་ཆེ་བའི་དགུན་ཁ་ཞིག་ཡིན་ཞིང་། འཇར་མན་ཕམ་པའི་རྒྱུ་རྐྱེན་གཅིག་ཀྱང་ཞི་པོ་ལི་ཡའི་གྲང་ངར་ལྡང་བས་རེད། སྐབས་དེར་འཇར་མན་གྱི་ནགས་ལས་པུའུ་ཡིས་བཀའ་རྒྱ་ཞིག་བསྒྲགས།

དེའི་ནང་དོན་ནི་གྲང་ངར་ཇི་འདྲ་ཆེ་ན་ཡང་སྡོང་བོ་གཅིག་ཀྱང་བཅད་མི་ཆོག་པ་དང་། བཅད་ཆོག་པའི་སྡོང་བོ་རྣམས་ལ་ང་ཚོས་རྟགས་རྒྱག་ཞེས་སྡོང་བོ་སྐམ་པོ་རྣམས་ལ་རྟགས་བརྒྱབ་རྗེས་ཁོ་ཚོ་ཡང་གཡུལ་སར་ཞུགས། རྗེས་སུ་འཇར་མན་ཕམ། ཕྱིར་ལོག་ནས་འཇར་མན་གྱི་ནགས་ལས་པུའུ་ཡིས་སྔོན་ཁྱབ་བསྒྲགས་བྱས་པའི་ཡིག་ཆ་དེ་ལག་བསྟར་བྱས་ཡོད་མེད་ལ་རྒྱལ་ཁབ་ཡོབས་སུ་རྩར་གཅོད་བྱས། མཇུག་འབྲས་ལྟར་ན་སྡོང་བོ་རྟགས་བཏབ་མེད་པ་རྐང་གཅིག་ཀྱང་བཅད་མི་འདུག་ཟེར། འདི་ནི་འཇར་མན་པ་ཁོ་ཚོས་བཤད་པ་མ་ཡིན་པར། རྒྱའི་མཁས་པ་ཅིས་ཞན་ལེན་གྱི་འཇར་མན་དུ་ཕྱི་འགྲིམས་སློབ་གཉེར་ལོ་བཅུ་ཞེས་པའི་རྩོམ་ལ་བཤད་འདུག་སྟེ། སྲིད་གཞུང་མེད་པའི་ཆ་རྐྱེན་ཡོངས་སུ་ཚང་ན་ཡང་། སྲིད་གཞུང་མེད་པའི་སྣང་ཚུལ་གར་ཡང་མ་བྱུང་། ཞེས། སྲིད་གཞུང་མེད་པའི་གནས་ཚུལ་འོག་ཏུ་ཡང་མི་ཚང་མ་དེ་ལྟ་བུའི་རང་རྟོགས་དང་གཟབ་ནན་རེད་ཅེས། ཅིས་ཞན་ལེན་ཁོང་ལོ་བགྲེས་པའི་སྐབས་སུ་ཡང་ཡ་མཚར་མཚར་དང་ཧ་ལས་ལས་ཀྱི་ངང་བཤད་བཞིན་འདུག

འདི་ལྟ་བུ་ནི་ང་ཚོས་དཔེ་ལྟ་ས་རེད། འཇར་པན་པ་ཡིན་ན་ཡང་དེ་བཞིན་རེད། ད་སྐབས་ཡིན་ནའང་། འཇར་པན་གྱི་དཔེ་ཀློག་ཅེས་བཤད་ན། འུ་ཚོས་སྐད་འཕྲིན་ལས་རིག་པ་ཇི་བཞིན་ཚང་མ་སྐྲག་བསྡད་ཡོད་པ་རེད། འཛམ་གླིང་ལ་གྲགས་ཡོད་པ་རེད། འཛམ་གླིང་གི་རྒྱལ་ཁབ་སོ་སོ་ན་ཁ་པར་ལ་མགོ་འཁོར་ནས་བསྡད་ཡོད་དུས། འཇར་པན་དང་འཇར་མན་གཉིས་ཀྱིས་ད་སྐབས་ཀྱང་དཔེ་ཀློག་རྐྱང་རྐྱང་བྱས་ནས་བསྡད་ཡོད་པ་དེ་བཞིན་རེད། འཇར་མན་གྱི་མི་གཅིག་གིས་ལོ་གཅིག་ལ་དཔེ་ཀློག་ཅི་ཙམ་བྱེད་པའི་སྐོར་སོགས་འུ་ཅག་གིས་སྐད་འཕྲིན་ལས་མང་དུ་མཐོང་བ་དེ་བཞིན་རེད། ངས་འདི་ནས་ལོགས་སུ་མི་བཤད། འཇར་མན་པ་འདི་ལྟ་བུའི་ནན་ཏན་རེད། འདི་འུ་ཚོའི་དཔེ་བལྟ་ས་རེད།

ན་ནིང་གཞེས་ནིང་ཞིག་ལ་ཡང་དོན་དག་འདི་འདྲ་ཞིག་བྱུང་བ་རེད། ཀྲུང་གོའི་གྲོང་ཁྱེར་༼ཆིན་ཏའོ༽ཞིག་ནས་སྟོར་ཁུང་དུ་ལྕགས་སྦུག་ཅིག་འཐེན་ཡོད་པ་དང་། ལྕགས་སྦུག་གི་མཐུད་མཚམས་དམིགས་བསལ་བ་ཞིག་རེད་ཟེར། དེ་ལས་མཁན་འཇར་མན་པ་རེད། གཞུག་ནས་དེར་བཙའ་ཆགས་ཏེ་མཐུད་མཚམས་ཀྱི་ལྷུ་ལག་རུལ་བ་རེད། དེ་ལ་ཅི་བྱེད་དགོས་པ་གྲོས་བྱས་པའི་སྐབས་དེར། མི་ཞིག་གིས་ལྷུ་ལག་དེ་འཇར་མན་པས་བཟོས་པ་ཡིན་ན། ཁོ་ཚོའི་བཟོ་གྲྭ་དེ་ལ་འབྲེལ་གཏུག་བྱ་རྒྱུའི་གྲོས་གཞི་བཏོན་པས། ཁོ་ཚོས་ཀྱང་དེ་བཞིན་བྱས་མོད། འཇར་མན་གྱི་བཟོ་གྲྭ་དེ་སྔ་མོ་ནས་འཐོར་སོང་བར་འདུག རྩད་བཅད་པ་བརྒྱུད་སྔོན་ཆད་བཟོ་གྲྭ་དེའི་ལས་མི་ཡིན་པའི་མི་ཞིག་ལ་འབྲེལ་གཏུག་བྱེད་ནུས་པར་གྱུར། དེ་ལ་དྲིས་ཚེ་དེས་བཤད་རྒྱུར། ང་ལྷུ་ལག་དེ་བཟོ་མཁན་མིན་མོད། ཁྱོད་ཚོས་མཐུད་མཚམས་དེ་ཡོད་ས་ནས་ཕྱོགས་ཅིག་དང་རྨིད་ཅིག་གི་མཚམས་ཀྱི་གྱང་ངོས་ལ་ལྟོས་དང་། དེ་ན་རྟགས་འདྲ་བཏབ་ཡོད་ན་དེར་ལྟོས་དང་ཞེས་བཤད། ཀྲུང་གོ་བ་དག་གིས་དེ་ལྟར་བལྟས་པས་གྱང་ངོས་ཀྱི་སོ་ཕག་ཅིག་ལ་རྟགས་བཏབ་ཡོད་པ་བཀོག་དུས་ནང་ན་སྒམ་ཞིག་འདུག་པ་མཐོང་། སྒམ་ཁ་ཕྱེ་བ་ན་ལྷུ་ལག་ཅིག་བཞག་ཡོད། དེ་ནི་འཇར་མན་པས་སྣོན་མར་གྲ་སྒྲིག་བྱས་པ་ཞིག་ཡིན་འདུག་ཅིང་། ཉར་ཚགས་བྱས་པ་ཤིན་ཏུ་བཟང་བས་ད་སོ་མ་བཟོ་གྲྭ་ནས་འཁྱེར་ཡོང་བ་དང་མཚུངས། དེ་ནས་ཁོ་ཚོས་སྦུ་གུའི་མཐུད་མཚམས་དེ་བརྗེ་ཐུབ་པ་བྱུང་།

འཇར་མན་པས་བྱ་བ་ལས་པ་ལ་ལྟོས་དང་། ལོ་བཅུ་ཕྲག་མང་པོའི་རྗེས་ཀྱི་བྱ་བ་ལ་ཡང་དེ་ལྟ་བུའི་གཟབ་ནན་བྱས་ཡོད་པ་རེད། དེ་འཇར་མན་པས་བསྒྲུབས་པའི་བྱ་བ་རེད། མི་རིགས་གཞན་གྱིས་བསྒྲུབས་མི་ཐུབ་པའི་བྱ་བ་རེད། ངས་འདི་ནས་བཤད་འདོད་པ་ནི། འུ་ཚོས་དཔེར་བལྟ་ན་འདི་ལྟ་བུ་ལ་བལྟ་དགོས། ལྷག་པར་འུ་ཚོའི་མི་རིགས་འདི་ནི་ཅུང་ཟད་མགོ་ཡང་བའི་མི་རིགས་ཤིག་རེད། གཟབ་ནན་མ་ཡིན་པ་རྒྱུན་ཏུ་རིག་རྒྱུ་ཡོད། འདི་བོད་བཙན་པོའི་རྒྱལ་རབས་སྐབས་སུ་ཡང་ཅུང་ཟད་རེ་མཐོང་རྒྱུ་འདུག། ཁྱོད་ཚོས་ལྟོས་དང་སྐབས་དེར་བོད་དམག་ཕམ་སོང་བའི་དོན་དག་ཉུང་། ཕམ་སོང་བ་དེ་ཕལ་ཆེ་བ་མཚན་མོའི་དུས་སུ་ཡིན། དེ་ཅིའི་ཕྱིར་ཕམ་སོང་བ་རེད་ཟེར་ན། གཟབ་ནན་མ་ཡིན་པའི་རྟགས་རེད། རྒྱལ་ཁ་བླངས་རྗེས་ཆང་འཐུང་ཞིང་གླུ་བླངས། བྲོ་འཁྲབ། སོ་སྲུང་ཡང་མ་བྱས་པས། ཕ་རོལ་བོས་གློ་བུར་འཇབ་རྒོལ་བྱས་པས་ཕམ་སོང་བ་རེད། སྤྱིར་འུ་ཚོ་བོད་ནི་འཆར་ཡན་གྱི་མི་རིགས་ཤིག་ཡིན་པ་རེད། རྩ་བའི་ཆ་ནས་འབྲོག་པའི་མི་རིགས་རེད། འབྲོག་པའི་མི་རིགས་མང་ཆེ་ཤོས་འཆར་ཡན་གྱི་མི་རིགས་ཡིན་ཞིང་། འཆར་ཡན་གྱི་མི་རིགས་ལ་གཟབ་ནན་མ་ཡིན་པའི་ཆ་འདི་ཡོད།


བདུན་པ། ཁ་ལག་གོ་ལྡོག་པ།

ཁ་དང་ལག་པ་གོ་ལྡོག་པ་ཅེས་པ་འདི་ངས་བོད་ཀྱི་ལོ་རྒྱུས་དོན་རྐྱེན་གཅིག་གི་ངོས་ནས་བཤད། བོད་བཙན་པོའི་རྒྱལ་རབས་སྐབས་སུ་བློན་པོའི་ནང་དུ་བཀའ་ཡོ་འགལ་འཆོས་པ་བྱ་བ་ཞིག་འདུག ཡིན་པ་ནི་ཁྲིམས་དཔོན་རེད། དེས་ཁྲིམས་དང་འགལ་སོང་བ་དག་ལ་ཁྲིམས་ཐག་གཅོད་དགོས། ཐག་གཅོད་བྱེད་དུས། བཟང་ན་དགྲ་བོའི་བུ་ཡིན་ཡང་དེ་ལ་བྱ་དགའ་སྟེར་དགོས། ཉེས་ན་རང་གི་བུ་ཡིན་ཡང་སྨད།ཅེས་པ་ལྟར། དེ་ནི་བཀའ་ཡོ་འགལ་ཆོས་པ་ཡི་ལས་ཀ་རེད། དེང་སང་འུ་ཚོས་འདང་བརྒྱབ་ན་དེ་འདྲའི་ཁ་ལག་གོ་མཚུངས་བ་ཅུང་དཀའ་མོ་རེད། རང་གི་བུ་ཁྲིམས་ལ་སྦྱོར་རྒྱུ་དེ་སླ་མོ་ཞིག་མ་རེད།

སྔོན་ཆད་ཡིན་ན་དེ་དང་ནང་བཞིན་དུ་བསྒྲུབས་པ་རེད། སྤྱིར་བློན་པོའི་ནང་ན་གུང་བློན་ཆེ་འབྲིང་ཆུང་། ནང་བློན་ཆེ་འབྲིང་ཆུང་གསུམ། བཀའ་ཡོ་འགལ་ཆོས་པ་ཆེ་འབྲིང་ཆུང་གསུམ་བཅས་བསྡོམས་པས་དགུ་ཡོད་ལ། དེ་ལས་གུང་བློན་གྱི་ལས་ཀ་ནི་ཕོ་དང་འདྲ་བར་ཕྱི་རྒྱ་རླབས་ཀྱིས་གཅོད། ནང་བློན་གྱིས་བུད་མེད་མཛངས་མ་ལྟར་ཚིས་བྱེད་ཅེས་འབྱུང་བའི་ལུང་འདྲེན་འདི་དག་ནི་རབ་ཏུ་གཙོ། བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་གཙོ་བོ་ཏག་ཏག་ཡིན། གུང་བློན་གྱི་ལས་ནི་ཁྱིམ་ཚང་ཞིག་ལ་དཔེ་བཞག་ན། ཁྱིམ་ཚང་དེའི་ཁྱོ་ག་ལྟར་ཕྱིའི་དོན་དག་མང་པོ་ཐག་གཅོད་བྱེད་དགོས། ནང་བློན་ནི་ཁྱིམ་ཚང་དེའི་ཆུང་མ་ལྟར་དུ་ནང་གི་ཚིས་བྱེད་པ་སྟེ་ཁྱིམ་ཚང་ནང་ལ་བདག་སྐྱོང་བྱེད་པ་རེད། བཀའ་ཡོ་འགལ་ཆོས་པའི་ལས་ནི། ལེགས་པོ་བྱུང་ན་དགྲའི་བུ་ཡིན་ཀྱང་དེ་ལ་བྱ་དགའ་སྟེར་བ་དང་། ཉེས་པར་གྱུར་ན་རང་གི་བུ་ཡིན་ཀྱང་ཁྲིམས་ལ་སྦྱོར་དགོས་པ་རེད། དེ་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་མི་ཡི་བྱ་བ་སྒྲུབ་སྟངས་རེད། དེང་སང་འུ་ཚོས་འདང་བརྒྱབ་ན། ད་དཀའ་མོ་རེད། དགྲ་བོའི་བུས་ལས་ཀ་ཡག་པོ་ཞིག་ལས་ན། དེ་ལ་བྱ་དགའ་སྟེར་རྒྱུ་མ་རེད། བསམ་གཟས་ནས་སྟེར་རྒྱུ་མ་རེད། དེ་ལས་རང་གི་ངོ་ཤེས་དང་གཉེན་ཉེ་ཞིག་གིས་བྱ་བ་ཆུང་ཆུང་ཞིག་ལས་མ་བསྒྲུབས་ཀྱང་ཀུན་ལ་ཆེར་བསྒྲགས་ཏེ་བྱ་དགའ་སྟེར་སྲིད་པ་རེད། རང་གི་ངོ་ཤེས་དང་གཉེན་ཉེ་ཞིག་གིས་སྐྱོན་ཆ་བཟོས་ཡོད་ན་དེ་གསང་རྒྱུ་རེད། དེང་སང་གི་བྱ་བ་སྒྲུབ་སྟངས་དེ་རེད།

བོད་གཅིག་པུའི་ལས་ཕྱོགས་དེ་རེད་ཟེར་མིན། དེང་སང་སྤྱིའི་ཆ་ནས་དེ་ལྟར་བྱེད་བཞིན་འདུག་མོད། ངོ་མར་བཤད་ན་དམིགས་ཀྱིས་བོད་པས་དེ་ལྟར་བྱེད་པ་རེད། དེས་ན་ངས་འདི་ནས་དཔེ་ཞིག་འཇོག བོད་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་ཁབ་ཐོག་མར་འཛུགས་པའི་སྐབས་དེར། བོད་སྤྱི་ཡི་རྒྱལ་བོ་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་ཁབ་གསར་དུ་འཛུགས་དུས། ཚང་མ་གསར་དུ་འཛུགས་དགོས་པ་རེད། དེའི་སྐབས་སུ་ལས་ཀ་ཧ་ཅང་མང་བ་རེད། ལས་ཀ་དེ་དག་གི་ཁྲོད་ཀྱི་དང་པོ་སྲིད་འཛིན་གྱི་ས་ཁོངས་བགོ་རྒྱུ་དེ་ཡིན། དེ་ནི་བྱ་བ་ཧ་ཅང་དཀའ་མོ་ཞིག་ཡིན་པ་རེད། དེ་དཀའ་བ་དེ་འུ་ཚོས་གཅན་ཚ་དང་དཔའ་ལུང་གཉིས་ལས་ཀྱང་ཤེས་ཐུབ། གཅན་ཚ་སྔོན་ཆད་གང་གི་མངའ་འོག་ཏུ་ཡོད་པ་ཡང་མི་ཤེས་མོད། གཞུག་ཏུ་贵德厅མངའ་འོག་ཏུ་ཡོད་པ་རེད། གཅན་ཚ་ལ་ཁྲི་ཀ་འོག་མ་བྱ་བ་རེད། དེའི་སྔོན་ལ་གཅན་ཚ་ཟེར་ན་གཅན་ཚ་ཉིན་དང་གཅན་ཚ་སྲིབ་ལ་བྱ་བ་རེད།  དེའི་གཞུག་ནས་གཅན་ཚ་ཉིན་ལ་གཅན་ཚ་མི་ཟེར་བར་དཔའ་ལུང་ཟེར་ཞིང་། གཅན་ཚ་སྲིབ་སྟེ་སྔོན་དུ་ཁྲི་ཀ་བྱ་བ་དེར་གཅན་ཚ་ཟེར་བཞིན་འདུག དོན་ངོ་མར་གཅན་ཚའི་ཆེ་ཕྱོགས་དེ་དཔའ་ལུང་ཡིན་པ་རེད། མི་གྲངས་ཀྱང་དེ་མང་བ་རེད། ས་རྒྱ་ཡང་ངས་གསལ་བ་ཞིག་མི་ཤེས་མོད་དེ་ཆེ་ན་ཐང་། དེ་འདྲ་ཞིག་རེད།

དེ་ཅིའི་ཕྱིར་དུ་དེ་འདྲ་མང་བོ་ཞིག་འགྱུར་སོང་བ་རེད་ཟེར་ན། ཆབ་སྲིད་པ་ལ་མཚོན་ན་སྲིད་འཛིན་ས་ཁོངས་བགོ་རྒྱུ་དེ་ནི་དོན་དག་ཧ་ཅང་གལ་ཆེན་ཞིག་ཡིན་པས་རེད། དེ་བས་བོད་བཙན་པོའི་རྒྱལ་རབས་སྐབས་སུ་ས་ཁོངས་བགོ་བའི་སྐབས་སུ་ཡང་དོན་དག་འདི་བྱུང་བ་རེད། ཇི་ལྟར་བགོ་དགོས་པ་མ་ཤེས་པ་རེད། སྐབས་དེའི་བློན་པོ་དབང་ཆེན་གཉིས་ཏེ་མགར་སྟོང་བཙན་ཡུལ་བཟུང་དང་ད་རྒྱལ་མང་པོ་རྗེ་གཉིས་ཀྱིས་ཇི་ལྟར་བགོ་དགོས་པར་མ་ཤེས་པར། མི་མང་པོ་ལ་དྲིས། ཐ་ན་བྱིས་པ་ཚུན་ཆད་ལ་ཡང་དྲིས་པ་རེད། དེ་ལ་འདི་ལྟ་བུའི་རྒྱུ་མཚན་ཞིག་ཡོད་དེ། ལྷག་པར་རྒོད་གཡུང་གི་སྡེ་འབྱེད་རྒྱུ་ཤིན་ཏུ་དཀའ་བ་རེད། རྒོད་ཅེས་པ་ནི་རྒོད་པོ་ཡི་རྒོད་དང་། གཡུང་ཞེས་པ་ནི་གཡུང་མོ་ཡི་གཡུང་རེད། དེ་ལ་རྒོད་ནི་དམག་སྡེ་དང་། གཡུང་ནི་སོ་ནམ་པ་རེད། དེ་ལྟར་ཡིན་དུས་ཚང་མ་དམག་ལ་དགའ་བས། ང་ཚོ་ཅིའི་ཕྱིར་དམག་གྲལ་དུ་མ་བཞག་པར་སོ་ནམ་བྱེད་མཁན་དུ་བཞག་པ་རེད། ང་ཚོ་ཡང་དམག་ལ་འགྲོ་རྒྱུ་ཞེས་བཤད་མཁན་མེད་ངེས་པ་མ་རེད། དེ་བས་ལྷག་པར་ཡང་རྒོད་གཡུང་གི་དབྱེ་བ་འབྱེད་རྒྱུ་དཀའ་བ་རེད།

རུ་ལྔ་དང་། རྒོད་གཡུང་གི་སྡེ། སྟོང་སྡེ་དྲུག་ཅུ་རེ་གཅིག་བགོ་བའི་སྐབས་སུ་ས་མཚམས་གསལ་བོ་བྱེད་དགོས་པ་སོགས་ཤིན་ཏུ་དཀའ་མོ་རེད། དེ་ནས་བློན་པོ་མགར་དང་ད་རྒྱལ་མང་པོ་རྗེ་གཉིས་དེང་སང་གི་སྐད་ཆ་ལྟར་ན་ཡུལ་དངོས་བརྟག་དཔྱད་ལ་སོང་ནས། འདི་ཇི་ལྟར་བགོས་ན་བཟང་བའི་སྐོར་ཞིབ་འཇུག་མང་པོ་བྱས་པ་རེད། སྔོན་ཆད་ཤོག་བུ་མེད་པས་བྱང་བུའི་སྟེང་དུ་འཆར་གཞི་དང་ཡིག་ཆ་བྲིས་པ་རེད། བྱང་བུ་ཤིན་ཏུ་མང་པ་མཛོ་ཁལ་ལོངས་པ་ཅིག་བྲིས་པ་རེད། འོན་ཀྱང་ད་དུང་ཡང་ཁོད་བཤམས་མ་ཐུབ། དེ་ནས་ཁོང་གཉིས་ཀྱིས་མི་མང་ལ་མི་རིག་རྒོད་སུ་ཡོད་སྐོར་འདྲི་གཅོད་བྱས་པས། འཕན་ཡུལ་དུ་བྱིས་པ་རིག་རྒོད་ཅིག་ཡོད་པའི་སྐད་ཆ་ཐོས། དེ་བཙལ་དུ་སོང་དུས་བྱིས་པ་ཞིག་ལ་འཕྲད། ཕར་ན་ན་ཆེན་པོ་ཞིག་འདུག་པས་བྱིས་པ་དེ་ལ་ལམ་དྲིས་པ་རེད། བྱིས་པ་དེས་བཤད་རྒྱུར་བྲེལ་ན་མཐའ་སྐོར་ནས་སོང་། དལ་ན་གཞུང་ཆོད་ལ་སོང་ཟེར། ༼གཏམ་རྒྱུད་འདི་ཕར་བསྲེས་མང་སྟེ་བྱིས་པ་དེ་ད་རྒྱལ་མང་པོ་རྗེ་ཡིན་ཟེར་མོད། དོན་ལ་ད་རྒྱལ་མང་པོ་རྗེའི་མཛངས་པའི་ཚད་ཅིག་འདིར་བསྲེས་པ་ཡིན་སྙམ་པས་འདི་ལྟར་བཤད་པ་ཡིན་ཟེར༽བློན་པོ་གཉིས་ཀྱིས་བྱིས་པས་བཤད་པ་འཆུགས་སོང་ངེས། ཡིན་པ་ནི་བྲེལ་ན་གཞུང་ཆོད། དལ་ན་མཐའ་སྐོར་ཞེས་པ་ཡིན་ངེས་ཞེས་ཏེ། གཞུང་གཏུབ་ནས་སོང་བས། འདམ་ལ་ཟུག་སྟེ་ཕྱིར་ཚུར་ཁར་ཐོན་དུས་ས་ཡང་རུབ་ཡོད་ཚོད་རེད།

ཚུར་ལ་ཐོན་དུས་བྱིས་པ་དེས་ཁོ་གཉིས་ཁྲིད་ནས་རང་ཁྱིམ་དུ་ཕྱིན་པ་རེད། ཕ་མ་སོགས་མི་འདུག་པས་དྲིས་པས། ཨ་ཕ་གཏམ་འཚོལ་དུ་སོང་། ཨ་མ་མིག་བཙལ་དུ་སོང་ཟེར། ཅུང་ཙམ་འགོར་རྗེས་ཨ་ཕས་ཆང་ཞིག་ཁྱེར་ནས་སླེབས་བྱུང་། ཨ་མས་སྒྲོན་མེ་ཞིག་བཟུང་ནས་སླེབས་བྱུང་། ནང་དོན་ནི་ཆང་འཐུང་ཚེ་སྐད་ཆ་ཇེ་མང་དུ་འགྲོ་བ་དང་། སྒྲོན་མེ་ཡོད་ཚེ་མིག་གིས་མཐོང་བའི་དོན་རེད། བློན་པོ་གཉིས་ཀྱིས་བྱིས་པ་རིག་རྒོད་ཅིག་ཡིན་པ་ཤེས་ནས་དེ་ལ་ཡོང་དོན་བཤད་མོད། བྱིས་པ་དེས་ཀྱང་ཁོད་མ་ཐེབས།

མུ་མཐུད་དུ་རྩད་བཅད་པས། མཆིམས་མང་བཞེར་ངན་པ་བྱ་བའི་མི་རིག་རྒོད་ཅིག་ཡོད་མོད། དྲང་མོར་མི་བཤད་པའང་སྲིད་པས་བཀོད་པ་འཐེན་དགོས་པ་རེད་ཅེས་དམངས་ཚོགས་ཀྱི་ངག་ལས་ཐོས། ད་རྒྱལ་མང་བོ་རྗེས་ཤ་སྐམ་ཚ་སྦྱངས་བྱས་པ་བཟུང་ཞིང་བློན་པོ་ཡིན་པ་གསང་ནས་མཆིམས་མང་བཞེར་དང་མཉམ་དུ་ཁ་བརྡ་བྱེད་ཞོར་དུ་ཤ་སྐམ་ཟོས་པ་རེད། བར་སྐབས་ཤིག་ལ་མཆིམས་མང་བཤེར་ཁ་སྐོམ་ནས་ཆང་ཞིག་ཡོད་ན་ཅི་མ་རུང་ཞེས་པའི་སྐད་ཆ་ངག་ལས་ཤོར། ད་རྒྱལ་མང་པོ་རྗེས་ཆང་ལོགས་ཤིག་ཏུ་སྦས་ཡོད་པ་ཁྱེར་ནས་ཡོང་སྟེ་ཁོ་ལ་བླུད། ཁོས་ཆང་འཐུང་བས་ཅུང་ཟད་བཟི་བའི་སྐབས་དང་བསྟུན་ནས་ཁོད་ཅི་ལྟར་བཤམས་ན་འགྲིག་ཅེས་སྐད་ཆ་དྲིས་པས། ཁོས་སྦ་གསང་མེད་པར་ཁ་ནས་ཤོར། དེ་ནས་རྒྱལ་མང་པོ་རྗེ་ཕྱིར་ཡོང་སྟེ་བློན་པོ་མགར་ལ་ཇི་བཞིན་བཤད་པས། རུ་ལྔ། ཡུལ་ཆེན་ལྔ། ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཅེས་པའི་དབྱེ་མཚམས་གསལ་བོར་བགོས་པ་རེད།

བོད་ཀྱི་སྲིད་འཛིན་གྱི་སྒྲིག་གཞི་དེ་བློན་པོ་མགར་དང་ད་རྒྱལ་མང་པོ་རྗེ་གཉིས་ཀྱིས་དེ་ལྟར་དུ་བཟོས་པ་རེད། ངས་འདི་ནས་བཤད་འདོད་པ་ནི་ཁ་དང་ལག་པ་གཉིས་གོ་མཚུངས་དགོས་པ་དེ་ཡིན། བློན་ཆེན་དེ་གཉིས་ཀྱིས་དངོས་སུ་བརྟག་དཔྱད་སོགས་མ་བྱས་པར་མི་རེ་འགའ་ཚབ་ཏུ་མངགས་ཏེ་མཇུག་ཏུ་རང་གིས་བཟོས་པའི་ཁུལ་བྱས་ཀྱང་ཆོག་ལ་སྒེར་གཅོད་བྱས་ཀྱང་ཆོག་པ་རེད། འོན་ཀྱང་ཁོང་གཉིས་ཀྱིས་དེ་ལྟར་མ་བྱས་པར་ཁ་དང་ལག་པ་གོ་མཚུངས་ཀྱིས་བྱ་བ་བསྒྲུབས་པ་རེད། འུ་ཚོའི་མེས་པ་གོང་མ་དག་འདི་ལྟ་བུ་ཞིག་རེད། སྐྱེས་ཆེན་དག་གི་བྱ་བ་སྒྲུབ་ཐབས་འདི་འདྲ་ཞིག་རེད། འདི་ལྟ་བུའི་བྱ་བ་སྒྲུབ་ཕྱོགས་ནི་དེང་སང་གི་འུ་ཚོ་ལ་མཚོན་ན་ཧ་ཅང་དཀའ་རྒྱུ་རེད།


བརྒྱད་པ། རང་འཁྲིའི་ལས་ཀ་ངོ་མ་ཤེས་པ།

རང་ཉིད་ལ་བབས་པའི་ལས་ཀ་ཞིག་ཡོད་པ་དེ་གང་ཡིན་པ་ངོས་མ་ཟིན་པ། དཔེར་ན་སློབ་མ་ཞིག་ཡིན་ན་སློབ་གྲྭ་ལ་ཡོང་བའི་ལས་ཀ་གཙོ་བོ་ནི་སློབ་སྦྱོང་ཡིན། སློབ་སྦྱོང་ལས་ལྷག་པའི་ལས་ཀ་གཅིག་ཀྱང་མེད། ངས་རང་གི་འཛིན་གྲྭ་མཐར་ཕྱིན་སོང་བ་དེ་ལ་ཐོག་དང་བོར་འཛིན་གྲྭའི་ཚོགས་འདུར་གཏམ་བཤད་བྱེད་དུས་ཀྱི་གཏམ་བཤད་ཀྱི་ཁ་ཡིག་ནི ༼ ཁྱོད་ཚོ་སློབ་གྲྭར་ཡོང་བ་སྒྲིག་ལམ་བརྩི་བའི་ཕྱིར་དུ་མིན ༽ཞེས་པ་དེ་ཡིན། ཁྱོད་ཚོར་སློབ་གྲྭར་ཡོང་བ་ནི་སྒྲིག་ལམ་བརྩི་རུ་ཡོང་བ་མ་རེད། དེ་ངོས་ཟིན་དགོས་པ་རེད། ཡིན་པ་ནི་སློབ་སྦྱོང་བྱེད་དུ་ཡོང་བ་རེད། མི་འགའ་རེས་སྒྲིག་ལམ་བརྩི་ཡང་སློབ་སྦྱོང་གཏན་ནས་མི་བྱེད་པ་ཡང་ཡོད། དེ་ནི་དམིགས་ཡུལ་འཆུག་སོང་བ་རེད།

སློབ་མ་ཞིག་ཡིན་ན་སློབ་གྲྭར་ཡོང་བ་ནི་སློབ་སྦྱོང་བྱེད་པའི་ཆེད་དུ་ཡིན་པ་དེ་ཤེས་དགོས། སློབ་སྦྱོང་དང་སྒྲིག་ལམ་གཉིས་ཀྱི་བར་ན་འབྲེལ་བ་ཞིག་ཡོད་པ་དེ་ཚང་མས་ཤེས་པ་རེད། ངས་འདི་ནས་ལོགས་སུ་མི་བཤད། རང་གི་འགན་ལ་བབས་པའི་ལས་ཀ་དེ་ཐབས་ཤེས་ཡོད་རྒུ་རྩལ་དུ་སྤྲུགས་ནས་བསྒྲུབ་རྒྱུ་དེ་ནི་རང་འཁྲིའི་ལས་ཀ་ངོས་ཟིན་པ་རེད། ཁྱོད་དགེ་རྒན་ཞིག་ཡིན་ན་ལས་ཀ་གཙོ་བོ་སློབ་ཁྲིད་རེད། དེང་སང་འདི་དཀའ་མོ་ཞིག་ཏུ་འགྱུར་བཞིན་འདུག སློབ་གྲྭ་མང་པོའི་ནང་དུ་དགེ་རྒན་གྱི་ལས་ཀ་ནི་ཞིབ་འཇུག་ལྟ་བུ་ཞིག་ཏུ་ཆགས་འདུག ཡིན་པ་ནི་དགེ་རྒན་ཞིག་ཡིན་ན་ལས་ཀ་གཙོ་བོ་ནི་སློབ་ཁྲིད་བྱེད་རྒྱུ་དེ་རེད། སློབ་ཁྲིད་ནུས་སོང་ན་རིག་གཞུང་ཞིབ་འཇུག་ཅུང་ཟད་འཐུས་ཤོར་དུ་སོང་ཡང་མི་སྐྱོན་སྙམ། དེ་ངོ་མ་ཡིན།

རང་གི་ཕྲག་ལ་བབས་པའི་ལས་ཀ་གཙོ་བོ་གང་ཡིན་པ་དེ་ཤེས་དགོས་པ་བོད་བཙན་པོའི་སྐབས་སུ་ཧ་ཅང་གསལ་བོ་རེད། དེ་ནི་མོ་བཙུན་གཞིས་ལ་འདུག་པས་བུ་ཁྱོའི་ལས་བྱེད། དཔའ་བོ་གཡུལ་དུ་འཐབ་པས་ཕ་མེས་ཀྱི་སྲིད་འཛིན། ཞེས་པའི་སྐད་ཆ་དེས་གསལ་བོར་བསྟན་ཡོད། བོད་བཙན་པོའི་སྐབས་སུ་ཁྱོད་སྐྱེས་མ་ཞིག་ཡིན་ན་རང་གིས་ལས་ཀ་ཡོད་ལ། སྐྱེས་པ་ལ་ཡང་རང་གི་ལས་ཀ་ཡོད་པ་རེད། དེ་ཧ་ཅང་གསལ་བོ་རེད། དེང་སང་འདི་ལ་བལྟས་ཏེ་ཕོ་མོ་འདྲ་མཉམ་མ་རེད་ཅེས་བཤད་མཁན་ཡོད་ཀྱང་སྲིད་མོད། འདི་འགན་ཁུར་རེད། འདྲ་མཉམ་གྱི་དོན་དག་མ་རེད། ཕོ་མོ་སོ་སོ་ལ་རང་གི་འགན་ཁུར་ཡོད་པ་རེད། དེ་འགྲུབ་སོང་ན་འདྲ་མཉམ་རེད། མ་འགྲུབ་ན་འདྲ་མཉམ་མ་རེད། ཕོ་མོ་འདྲ་མཉམ་མཐར་ཐུག་ནས་བཤད་ན་དེ་རེད།

སྔོན་མར་ཡང་རང་རང་གི་འགན་ཁུར་རང་རང་གིས་བསྒྲུབ་དགོས་ཞེས་བཤད་ཡོད་པ་རེད། འདིའི་ནང་གི་འགན་ཁུར་ཤིན་ཏུ་ལྕི་བ་རེད། བུད་མེད་ལ་མཚོན་ན་མོ་བཙུན་གཞིས་ལ་འདུག་པས་བུ་ཁྱོ་ཡི་ལས་བྱེད་ཅེས་ན། བུད་མེད་ཀྱིས་གཞིས་སུ་བསྡད་དེ་བུ་དང་ཁྱོ་གའི་ལས་ཀ་གཅིག་ལྕོགས་སུ་ལས་དགོས་ཞེས་པ་སྟེ། ཞིང་འདེབས་པ་དང་ཕྲུ་སློག་པ་སོགས་ཚང་མ་ལས་དགོས་སོང་བ་རེད། གལ་ཏེ་དེ་སྐྱིད་པོ་རེད། སྐྱེས་པ་དག་གི་ལས་ཀ་ཡང་གི་ཟེར་ན། ཚིག་གཞུག་མ་ལ་ཉོན། དཔའ་བོ་གཡུལ་དུ་འཐབ་པས་ཕ་མེས་ཀྱི་སྲོལ་འཛིན་ཞེས་པ་སྟེ། སྐྱེས་པ་རྣམས་སྲོག་དང་བསྡོས་ཏེ་གཡུལ་དུ་ཞུགས་དགོས་ཞེས་པ་རེད། དེ་བས་བོད་བཙན་པོའི་རྒྱལ་རབས་སྐབས་སུ་སྐྱེས་པ་དང་བུད་མེད་སོགས་ཀྱི་འགན་འཁྲི་དེ་སོ་སོར་གསལ་བོ་བྱས་ཡོད།

རང་གིས་ལས་ཀ་རང་གིས་བསྒྲུབ་དགོས་པའི་དཔེ་ལ་ད་དུང་འདི་ལྟར་བྲིས་ཡོད་དེ། གཞན་ཡང་དཔོན་བདུན་ལ་ཡུལ་དཔོན་གྱིས་ལས་སུ་ཡུལ་ཆུང་ཁྲིམས་ཀྱིས་འཚོ། དམག་དཔོན་གྱི་ལས་སུ་དགྲ་འདུལ། ཆིབས་དཔོན་གྱིས་གཤེགས་པའི་བཤུལ་འཚོལ། རྔན་དཔོན་གྱིས་འབྲུ་དང་གསེར་དངུལ་གྱི་གཉེར་བྱེད། དྲང་དཔོན་གྱིས་ཞལ་ལྕེ་གཅོད་ཅེས་པ་སྟེ། དཔེར་ན། ཆིབས་དཔོན་ལྟ་བུ་ལ་མཚོན་ན། རྒྱལ་པོ་གང་ལ་ཕེབས་དགོས་ན་ཡང་སྔོན་ལ་ཕྱིན་ནས་དེའི་འགྲོ་ལམ་སོགས་ལ་བརྟག་སྟེ་ཁྲིགས་སེར་འཇོག་དགོས་ཅེས་པའི་དོན་རེད། ཁྱོད་ཚོས་ལྟོས་དང་། ལས་འགན་གསལ་བོ་ཡིན་པ་རེད།

དེང་སང་རང་རང་གི་ལས་འགན་གཙོ་བོ་གང་ཡིན་པ་དེ་ངོས་ཟིན་དགོས། འུ་ཚོས་སྤྱི་ཚོགས་ཀྱི་སྐོར་མང་པོ་བཤད་ན་མི་ཤེས་པ་རེད། ལྷག་པར་ངས་སྤྱི་ཚོགས་ཀྱི་སྐོར་མང་པོ་མི་ཤེས། འོན་ཀྱང་ངས་སློབ་གྲྭའི་སྐོར་ཤེས་པ་རེད། སློབ་གྲྭའི་ནང་ནས་དགེ་རྒན་གྱི་ལས་ཀ་གཙོ་བོ་སློབ་ཁྲིད་རེད། སློབ་མའི་ལས་ཀ་གཙོ་བོ་སློབ་གཉེར་རེད། བྱ་བ་འདི་འཁྱོངས་སོང་ན་འུ་ཚོས་སྤྱི་ཚོགས་ལ་ཁ་ཡ་མ་བྱས་ན་ཆོག། སྤྱི་ཚོགས་ཀྱིས་འུ་ཚོར་བལྟས་ཏེ་བསྡད་ཡོད་པ་རེད། གང་ཞིག་མ་འགྲིག་ན་ཁོ་ཚོས་ཐད་ཀར་བཤད་ངེས་རེད། དཔེར་ན་ཁྱོད་སློབ་མཐར་ཕྱིན་རྗེས་ཕྲད་ཀྱི་སྦྱོར་ཚུལ་ཙམ་ཡང་མ་ཤེས་ན་ཐད་ཀར་ཁྱོད་ཀྱི་བརྡ་སྤྲོད་དགེ་རྒན་ནས་བཟུང་སྟེ་ལེ་བདའ་བྱེད་ངེས་རེད། དེ་བས་སློབ་མ་དང་དགེ་རྒན་སོ་སོས་རང་གི་འགན་ཁུར་གཙོ་བོ་འགྲུབ་ཏུ་འཇུག་དགོས། འདི་ལྟར་འགན་ཁུར་འགྲུབ་ཏུ་འཇུག་དགོས་ཞེས་བཤད་དུས། ང་རང་གིས་དེ་དག་ཚང་མ་འགྲུབ་ཡོད་ཅེས་པའི་དོན་མ་ཡིན་པར་འདི་འུ་ཚོ་ཚང་མས་ཤེས་དགོས་ཞེས་པའི་དོན་དེ་ཡིན་ནོ། །


དགུ་བ། ཉེ་རྒྱང་གི་ཕུགས་མི་མཐོང་བ།

ཉེ་རྒྱང་གི་ཕུགས་མི་མཐོང་བ་ཞེས་པ་འདི་ངས་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་དོན་དག་གཅིག་གི་ངོས་ནས་བཤད། དོན་དག་ལོ་རྒྱུས་སྦྱོང་བར་དགའ་མཁན་ཚང་མས་ཕལ་ཆེར་རིག་ཡོད་པ་རེད། སྔོན་མ་བོད་ཀྱིས་རྒྱའི་མཁར་མང་པོ་འཕྲོག་པའི་སྐབས་སུ། མཁར་ཚང་མ་བླངས་ནས་ཝེ་ཀྲིག་མཁར་ལ་སླེབས་དུས་ཝེ་ཀྲིག་ལེན་མ་ཐུབ་མ་སོང་། སྐབས་དེར་བོད་ཀྱི་དམག་དཔུང་གིས་ཕུགས་རིང་བའི་བསམ་བློ་ཞིག་བཏང་བ་རེད། དེ་ནི་མཁར་དེའི་སྒོ་སྲུང་གི་དཔོན་པོ་ལ་བུད་མེད་ཅིག་བག་མར་བྱིན་པ་རེད། ཕྱིས་སུ་བུད་མེད་དེས་བུ་གཉིས་བཙས་པ་རེད། མོས་ཆུང་དུས་ནས་བུ་གཉིས་ལ་ཁྱོད་གཉིས་བོད་ཡིན་པ་རེད། ཕར་ཕྱོགས་ན་ཡོད་པ་དེ་རེད། སྤྱིར་བོད་ཀྱི་མངའ་ཁོངས་རྒྱ་ཆེ་བ་ཡིན་མོད་མཁར་འདིས་གེགས་བྱས་ཏེ་ལུས་ཡོད་པ་རེད་ཅེས་རྒྱུན་ཏུ་བཤད་པ་རེད།

ལོ་ཉི་ཤུ་ཐམ་པའི་རྗེས་སུ། མཚན་མོ་ཞིག་ལ་བོད་ཀྱི་བུ་ཕྲུག་དེ་གཉིས་ཀྱིས་ལྐོག་ཏུ་མཁར་སྒོ་ཕྱེས་པ་རེད། དེའི་སྐབས་ཀྱི་གསང་འཕྲིན་སོགས་ཅི་ལྟར་བཏང་བ་དེ་ད་རུང་ཤེས་ཀྱིན་མི་འདུག གང་ལྟར་ཁོང་གཉིས་ཀྱིས་མཁར་སྒོ་ཕྱེས་རྗེས་བོད་དམག་མཁར་ནང་དུ་བླུགས་ནས་ཝེ་ཀྲིག་མཁར་བླངས། དོན་དག་འདི་ནི་སྤྱི་ལོ780ཡས་མས་ཤིག་ལ་བྱུང་བ་རེད། འདི་ནི་བོད་ཀྱི་གནའ་གཏམ་ཞིག་མ་ཡིན་པར་ཐང་ཡིག་རྙིང་མའི་གླེགས་བམ་བརྒྱ་དང་བདུན་ཅུ་དོན་བཞིའི་ནང་ཡོད། འདི་ནི་ཐང་གི་དུས་མཇུག་གི་བློན་པོ་ལི་ཏོ་ཡུའུ་李德裕༼787ནས850བར།༽དང་བོད་ཀྱི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཡིན། དེང་གི་རྒྱའི་ལོ་རྒྱུས་སྨྲ་བ་དག་གིས་འདི་ལ་ཐུ་བྷོད་དམག་གི་རྟ་བོ་ཆེའི་འཐབ་ཇུས་ཞེས་བསྔགས་བཞིན་ཡོད། (木马计)

རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་དུས་མཇུག་ལ་བོད་ནི་ཤིན་ཏུ་སྟོབས་ཆེན་ཡིན་དེ་ཡང་དཔའ་ངར་གཅིག་པུར་བརྟེན་པ་མ་ཡིན་པར་མིག་རྒྱང་ལ་ཡང་བརྟེན་ཡོད་པ་རེད། ལོ་ཉི་ཤུའི་རྗེས་ནས་མཁར་འདི་ལེན་པའི་མིག་རྒྱང་དང་འཆར་གཞི་འཐེན་ནས་མཐར་ལེགས་འགྲུབ་བྱུང་བ་རེད། དོན་དག་འདི་ལས་ཤེས་ཐུབ་པ་ནི་འུ་ཚོའི་ད་ལྟའི་བོད་དང་བོད་བཙན་པོའི་སྐབས་ཀྱི་མི་གཉིས་ཀྱི་བར་ན་ཁྱད་པར་ཆེན་པོ་ཡོད་པ་ཤེས་ཐུབ། དེང་སྐབས་འུ་ཚོས་ལོ་ཉི་ཤུའི་གཞུག་གི་བྱ་བ་ལ་རང་སྟེང་ནས་འཆར་གཞི་བཟོ་བཞིན་ཨེ་ཡོད་ཟེར་ན། ང་ལ་མཚོན་ན་མེད། ངས་ལོ་ཉི་ཤུའི་གཞུག་ཏུ་དོན་དག་འདི་འདྲ་ཞིག་འགྲུབ་ཏུ་འཇུག་པ་དང་། ཕུགས་བསམ་ཅི་འདྲ་ཞིག་མངོན་འགྱུར་བྱེད་དགོས་པ་ལ་འཆར་གཞི་བཟོ་བཞིན་མེད། འོན་ཀྱང་བོད་བཙན་པོའི་རྒྱལ་རབས་སྐབས་སུ་དེ་ལྟར་འཆར་གཞི་བཟོས་ཏེ་འཆར་གཞི་ཡོད་པའི་སྒོ་ནས་གཡུལ་འགྱེད་བྱེད་པ་དང་། མིག་རྒྱང་རིང་པོའི་སྒོ་ནས་ཆབ་སྲིད་ཀྱི་བྱ་བ་ལས་བཞིན་འདུག།

མིག་རྒྱང་རིང་བ་རྡོ་རིང་གི་ངོས་སུ་ཡང་གསལ། རྡོ་རིང་ངོས་སུ་གནད་འགག་གི་སྐད་ཆ་གཅིག་ཡོད། དེ་ནི་ས་ས་མལ། རྡོ་རྡོ་མལ། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཅེས་པ་དེ་ཡིན། དེ་ནི་མིག་རྒྱང་རིང་བའི་དོན་དག་ཅིག་རེད། འུ་ཚོ་དེང་སང་གིས་མི་ཡིས་དེ་ལྟ་བུ་དྲན་ཐུབ་པ་མ་རེད། རྡོ་རིང་ངོས་སུ་བརྐོ་རྒྱུ་མི་དྲན་ལ་སྐད་ཆ་དེ་འདྲ་ཞིག་ཀྱང་དྲན་ཐུབ་ནི་མ་རེད། འོན་ཏེ་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་རྒྱལ་བོ་དང་བློན་པོ་དག་གིས་ལོ་སྟོང་ཕྲག་གི་རྗེས་ཀྱི་དོན་དག་ལ་ཡང་འདང་བརྒྱབ་ཏེ་རྡོ་རིང་གི་ངོས་སུ་བརྐོས་པ་རེད། དེ་རང་དགར་བརྐོས་པ་ཞིག་མ་ཡིན་པར་མིག་རྒྱང་རིང་བའི་རྟགས་རེད།

འུ་ཚོ་ལ་དེ་ལྟ་བུའི་མིག་རྒྱང་རིང་བོ་དཀའ་ན་ཡང་། སློབ་མ་ཞིག་ལ་མཚོན་ན་ལོ་བཞི་དང་ལོ་ལྔའི་མིག་རྒྱང་དགོས་ངེས་རེད། རྒྱ་བོད་དབྱིན་གསུམ་སོགས་ཀྱི་ཆུ་ཚད་ཅི་འདྲ་བ་ཞིག་གི་ཚད་སླེབས་སུ་འཇུག་པ་སོགས་ཀྱི་འཆར་གཞི་ཞིག་མ་མཐར་དགོས་པ་རེད། གལ་ཏེ་ཁྱོད་ཚོས་ང་ལ། ཁྱོད་ཚོ་སློབ་མ་ཡིན་དུས་ཀྱང་འདི་ལྟར་འཆར་གཞི་བཟོས་ནས་ཡོང་བ་ཨེ་ཡིན་ཟེར་ན་མིན་ཏེ། གོང་ནས་བཤད་ཟིན་པ་ལྟར་ང་ཚོའི་སྐབས་དེར་འཆར་གཞི་ཡོད་ཚད་གོང་རིམ་ནས་བཟོས་ཚར་ཡོད་པ་རེད། སློབ་མཐར་ཕྱིན་རྗེས་ལས་གནས་གང་དུ་སོང་ནས་བྱ་བ་ཞུགས་འདོད་ན་ཡང་དེ་ལ་དཀའ་ངལ་ཅི་ཡང་མེད། ང་ཚོའི་མིག་རྒྱང་ཡང་དེ་བཞིན་ཐུང་། འོན་ཀྱང་དེང་སང་ཡིན་ན་འཛམ་གླིང་ཇེ་ཆུང་དུ་འགྱུར་བཞིན་ཡོད་ཅེས་པ་དེ་རེད། འཛམ་གླིང་ཇེ་ཆུང་ཡིན་ན་འུ་ཚོའི་མིག་རྒྱང་ཡང་ཇེ་རིང་དུ་གཏོང་དགོས་པ་རེད། དེ་ལྟར་མ་བྱས་ན་འུ་ཚོ་རྗེས་ལུས་ཐེབས་ངེས་རེད།

ད་རུང་ཉུང་ཉུང་རེ་བཤད་རྒྱུ་འདུག་མོད་དུས་ཚོད་ཀྱི་དབང་གིས་མཇུག་བསྡུ་དགོས་བྱུང་སོང་། མཇུག་ཏུ་ཞུ་རྒྱུ་ཞིག་ལ་ངས་བཤད་པ་འདི་དག་ནི་རིག་གཞུང་འཆད་ཁྲིད་མ་རེད། དེ་ངས་ནུས་པ་ཞིག་ཀྱང་མ་རེད། ཁ་བརྡ་ཙམ་པོ་རེད། ཁ་བརྡ་འདི་སེམས་ལ་འཛིན་བདེ་བ་དང་འདིས་ཁྱེད་ཅག་ལ་རྔོ་ཅུང་ཟད་རེ་ཐོགས་སོང་ན་འགྲིག་སྙམ་སྟེ་ས་བཅད་དུ་བགོས་ནས་རིམ་པར་བཤད་པ་ཡིན། ཡ་དེ་ནས་དེ་རིང་གི་དོན་ཚན་དགུ་རུ་བཅད་པའི་ཁ་བརྡ་ད་ལྟ་མཇུག་རྫོགས་པ་ཡིན། མཇུག་མཐར་ཁྱེད་དགེ་སློབ་རྣམ་པའི་སྐུ་ཚེའི་རྒྱལ་མཚན་བརྟན་ཅིང་བྱ་བ་ཐམས་ཅད་ཡར་རྒྱས་སུ་འགྲོ་ཐུབ་པའི་སྨོན་ལམ་འདེབས།

(འདི་ནི་དགེ་རྒན་གུར་མགོན་ལགས་ཀྱིས༢༠༡༧ལོའི་ཟླ༡༢པའི་ཚེས༧ཉིན་མཚོ་སྔོན་མི་རིགས་སློབ་ཆེན་དུ་གསུང་བཤད་གནང་བའི་སྒྲ་ཕབ་ལ་ཉན་ནས་ཕྲན་སློབ་བུ་ཕག་མོ་ཚེ་རིང་གིས་ཡི་གེར་བཀོད་པའོ།། )

ཀུན་ལ་ཕན་པའི་རྒྱུར་གྱུར་ཅིག །

                                                                    

2018ལོའི་སྤྱི་ལུགས་གནམ་ལོ་གསར་ཚེས་ལ།