གཅིག

རྒྱ་གར་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར«སངས་རྒྱས»ཞེས་པ་འདི་ནི། སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་ཚེའི་བྱུང་བ་བརྗོད་པ་ཞིག་སྟེ། དེ་ཡང་ཐེག་པ་ཆེན་པོ་ལྟར་བསམ་གྱིས་མི་ཁྱབ་པའི་ལུགས་སུ་མ་བརྗོད་པར་རང་ཅག་སྐྱེ་བོ་ཐ་མལ་བའི་ངོར་ཇི་ལྟར་སྣང་བའི་བྱུང་རབས་ལ་གཞིར་བཟུང་ནས་བཟོས་པ་ཞིག་རེད། འདིའི་འཁྲབ་གཞུང་འབྲི་སྐབས། བརྙན་འཕྲིན་ཟློས་གར་གསར་བཟོའི་དགོས་མཁོ་ལ་དམིགས་ཏེ། མཛད་རྣམ་གྱི་ཆ་ཤས་རྣམས་སུ་འཕྲི་སྣོན་ཅུང་ཟད་བགྱིས་ཡོད་པ་ལྟ་ཅི་སྨོས་ཀྱང་། གཞི་རྩའི་ཆ་ནས་གཏམ་རྒྱུད་ཀྱི་བྱུང་རིམ་རྣམས་མདོ་སྡེ་ཚད་ལྡན་དག་དང་མཐུན་པར་མ་ཟད། དེང་གི་བྱུང་རབས་སྨྲ་པ་ཚོས་ཞིབ་འཇུག་བགྱིས་པའི་གྲུབ་དོན་དང་ཡང་ཐག་ཉེ་བས། འདི་ནི་སྟོན་པའི་མཛད་རྣམ་མཚན་ཉིད་ཚང་བ་བརྗོད་བྱར་བཟུང་བའི་བརྙན་འཕྲིན་ཟློས་གར་ཞིག་ཏུ་བརྩིས་ན་ཆོག་པར་མཐོང་ངོ་། །

ལེའུ་ང་བཞིའི་བདག་ཉིད་ཅན་གྱི་བརྙན་འཕྲིན་ཟློས་གར་འདི་ནི། མི་སྣ་གཙོ་བོ་རྒྱལ་སྲས་དོན་གྲུབ་མཆོག་ཐོག་མར་སྐུ་བལྟམས་པ་དང་། ཁྱེའུའི་དུས་སུ་ཡུམ་འདས་པ། མ་མ་སྐྱེ་དགུའི་བདག་མོས་གསོ་སྐྱོང་གནང་བ། རིག་པའི་གནས་བཅོ་བརྒྱད་ལ་བསླབས་པ། ཤཱཀྱའི་རིགས་སྲས་རྣམས་ལས་ཤེས་རྩལ་གྱིས་རྣམ་པར་རྒྱལ་བ། གྲགས་འཛིན་མ་ཁབ་ཏུ་བཞེས་ཤིང་སྲས་འཁྲུངས་པ། ཡབ་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་བཀག་ཀྱང་མ་ཁོག་པར་རབ་ཏུ་བྱུང་ནས་དཀའ་ཐུབ་སྤྱད་པ། དཀའ་ཐུབ་ལས་བཞེངས་ནས་འོ་ཐུག་གསོལ་བ། གནས་མཆོག་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་པ། གང་ཟག་རིགས་སོ་སོ་ལ་ཐུགས་བརྩེ་བ་ཆེན་པོས་ཟབ་རྒྱས་ཀྱི་གདམས་པ་བསྩལ་པ། སྐུ་མྱ་ངན་ལས་འདས་པ་བཅས་ཀྱི་བྱུང་རིམ་མཐར་ཆགས་སུ་གསལ་བ་ཞིག་རེད་འདུག

དེ་ཡང་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་དུ། རི་བོ་ཧི་མ་ལའི་ཉེ་འགྲམ། རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས། ཡུལ་སེར་སྐྱའི་གྲོང་ཁྱེར་དུ་འཁྲུངས་པའི་རྒྱལ་སྲས་དོན་གྲུབ་ཅེས་འབོད་པ་ཁོང་ལ། ལྷན་སྐྱེས་ནས་ཁྱད་པར་འཕགས་པའི་ཤེས་རབ་ཅིག་མངའ་བས། རང་གི་མཐོང་ཐོས་ཀྱི་ཡུལ་དུ་སོན་པའི་ཆོས་ཀུན་གྱི་དེ་ཉིད་ཤེས་འདོད་ཀྱི་འདུན་པ་དྲགས་པོས་རྒྱུན་དུ་དྲི་བ་སྣ་ཚོགས་འདྲི་བར་བྱེད། ཁོང་གིས། ག་ལེ་ག་ལེར་འཇིག་རྟེན་འདིའི་ཕུན་ཚོགས་རེ་རེས་སྡུག་བསྔལ་མི་འདྲ་བ་རེ་རེ་འདྲེན་ངེས་པ་དང་བྲོས་ཀྱང་ཐར་ས་མེད་པའི་མི་ཚེའི་སྡུག་བསྔལ་རེ་རེ་གཟིགས་ཤིང་མྱངས་པས། ཡང་སྙིང་འདི་དག་ཐམས་ཅད་ཅིའི་ཕྱིར་བྱུང་ངམ་ཞེས་པའི་དྲི་བ་དེ་རང་དང་གཞན་ལ་ཡང་ཡང་དྲིས་སོ། །

ཁོང་གིས་ཞིབ་ཏུ་བརྟག་ཅིང་དཔྱད་དུས། སྐྱེ་རྒ་ན་འཆིའི་ལྕགས་སྒྲོག་གིས་བཅིངས་ཤིང་། དགའ་སྐྱོ་ཆགས་སྡང་གི་ཐག་པས་བསྡམས་པའི་སྐྱེ་བོ་རྣམས་ལ་དོན་གྱི་རང་དབང་ཅུང་ཟད་ཀྱང་མེད་པ་དང་། སྟོབས་འབྱོར། མངའ་ཐང་། དགྲ་གཉེན། བརྩེ་དུང་། རྒྱལ་ཕམ་སོགས་ནི་མི་རྣམས་ཀྱིས་རང་གིས་རང་ལ་བཟོས་པའི་སྒྱུ་མའི་རྩེད་ར་ཆེན་པོ་ཞིག་ཡིན་པ་ཡུན་གྱིས་གཟིགས་པས། ས་སྟེང་གི་སྐྱེ་བོ་དྲེགས་ཞན་བར་མ་ཐམས་ཅད་རྩེད་ར་དེའི་གྲུ་ཟུར་རེ་རེ་ན་སྐབས་རེར་དགའ་བ་དང་། སྐབས་རེར་དགོད་པ་དང་། སྐབས་རེར་ངུ་བ་དང་། སྐབས་རེར་གཡེང་བ་དང་། སྐབས་རེར་འགྱོད་པ་དང་། སྐབས་རེར་སུན་པ་དང་། སྐབས་རེར་སྤྲོ་བ་དང་། སྐབས་རེར་འཇིགས་པ་སོགས་མ་ངེས་པའི་སེམས་དང་སེམས་ལས་བྱུང་བ་དག་གི་དབང་དུ་སོང་ནས་འཆི་བ་ལ་སྒུག་བཞིན་པའི་ངང་ཚུལ་དེར་ལྷག་ཏུ་ཐེ་ཚོམ་པར་གྱུར། གྱུར་ནས་ཀྱང་སྐད་ཅིག་རེ་རེ་ལྟར་འཛད་ཀྱིན་པའི་རང་གི་མི་ཚེ་ཐུང་ཐུང་དེ་ཁོང་ཅག་ལྟར་སྒྱུ་མའི་ཀློང་ན་སྒྱུ་མ་བརྩེས་ནས་བཞུགས་འདོད་གཏན་ནས་མ་བྱུང་བར། སྒྱུ་མའི་དྲ་བ་ཆེན་པོ་འདིའི་ཕ་རོལ་ན་ཅི་ཞིག་ཡོད་དམ། བདེ་སྡུག་ཀུན་གྱི་འབྱུང་རྩ་གང་དུ་ཡོད་དམ། ཚེ་སྲོག་གི་དོན་གྱི་རང་བཞིན་ཅི་ཞིག་ཡིན་ནམ། བདག་དང་ཆོས་ཀྱི་དེ་ཉིད་ཅི་ཞིག་ཡིན་ནམ་སོགས་རྟག་ཏུ་ཡིད་ལ་བྱས་ཏེ་དུས་འདས།

ནམ་ཞིག་དགུང་གྲངས་ཉེར་དགུར་སོན་པའི་ལོ་དེའི་ཟླ་འོད་འཕྲོས་པའི་མཚན་མོ་ཞིག་ལ། ཁོང་ཉིད་ཡབ་ཡུམ་བཙུན་མོ་སྲས་དང་བཅས་པར་གྱེས་ཏེ་རྟ་མཆོག་རྔོག་ལྡན་ལ་བཅིབས་ནས་དྲི་བ་དེ་དག་གི་ལན་འཚོལ་དུ་ཕེབས་སོང་། ཕེབས་ནས་ཀྱང་ལྟ་བ་སྣ་ཚོགས་པའི་ཀྱག་ཀྱོག་གི་ལམ་ཕྲན་མང་པོ་བརྒྱུད་མཐར། ཡུལ་རྡོ་རྗེ་གདན་དུ་ལྗོན་ཤིང་ཆེན་པོ་ཞིག་གི་དྲུང་དུ་སེམས་ཀྱི་དེ་ཉིད་ཕྱིན་ཅི་མ་ལོག་པར་གཟིགས་ཤིང་། ཡང་དག་པར་རྫོགས་པའི་འབྲས་བུ་བླ་ན་མེད་པ་མངོན་དུ་བྱས།

དེའི་རྗེས་སུ་སླར་ཡང་མུན་པའི་འོབས་ན་གནས་པའི་སྐྱེ་བོ་རྣམས་དབུགས་དབྱུང་བའི་སླད་དུ། ཞབས་ཀྱི་མེ་ཏོག་ག་ས་གང་དུ་བཀོད་དེ། བྱམས་བརྩེ་དང་ཤེས་རབ་སྙིང་པོར་བྱས་པའི་གསུང་གི་བདུད་རྩི་གང་ལ་གང་འཚམ་དུ་བསྩལ་པ་བཅས་ནི་བརྙན་འཕྲིན་ཟློས་གར་འདིའི་བརྗོད་བྱ་ཡིན་འདུག་པས། སོ་སོས་ག་ལེར་མྱང་བར་འཚལ།

གཉིས།

ད་ཆ་འཛམ་གླིང་ཤར་ནུབ་ཀུན་ཏུ། སྐྱེ་བོ་མཐའ་དག་ཕྱིའི་ཟང་ཟིང་གི་འདུ་བྱེད་སྣ་ཚོགས་རྩོལ་སྒྲུབ་ཀྱི་ཀློང་ན་གྲོག་མ་བཞིན་འདུར་བའི་གོམ་འགྲོས་སྔར་ལས་ཀྱང་ཇེ་མགྱོགས་སུ་སོང་བའི་ཤུགས་ཀྱིས། བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་ལ། མི་དང་མིའི་བར་ལའང་ཁེ་ཕན་དང་། སྒེར་སེམས། འགྲན་རྩོད་སོགས་ཀྱི་རྩིག་པ་ཇེ་མཐོར་སོང་སྟེ། ཕན་ཚུན་བར་དོན་དམ་པའི་མཛའ་བརྩེ་དང་། སེམས་ཁུར། གདུང་སེམས་སོགས་ནི་ཁད་དང་ཁད་ཀྱིས་སྲབ་ཏུ་ཕྱིན་པས། འཕྲུལ་ལས་དར་བའི་རྩེ་མོར་སོན་ཞིང་ཕྱིའི་ཕུན་ཚོགས་ཆེས་ཆེར་རྒྱས་པའི་ལུང་པ་རྣམས་སུའང་མི་ཕལ་མོ་ཆེ་ནི་ཁེར་རྐྱང་དང་། རེ་དོགས། ཡིད་གཉིས། ཞུམ་སྣང་། ངལ་དུབ་བཅས་ཀྱིས་གཙེས་ཏེ། སེམས་ལ་ཁེན་ས་མེད་པར་སྙིང་ཁོང་སྟོང་ལྷང་ངེར་འཚོ་དགོས་པའི་ཚད་དུ་ཡོད་པར་ཐོས། དུས་དང་གནས་སྐབས་འདི་འདྲ་ཞིག་ལ། ལོ་ངོ་ཉིས་སྟོང་སྔོན་ལ་བྱོན་པའི་ཤར་ཕྱོགས་པའི་སྐྱེས་ཆེན་དམ་པ་གང་དེའི་སྐུ་ཚེའི་འོད་སྣང་དང་། གསུང་གི་བདུད་རྩིར་ལེགས་པར་རོལ་ན། དེས་ཁྱེད་ལ་སྔ་ན་མེད་པའི་ཞི་ལྷོད་དང་སྤོབས་གདེང་གི་དཔལ་ཞིག་བསྩལ་གནང་ཡང་སྲིད་དོ། །

ཁྱད་པར་རང་རེ་གངས་ཅན་པ་ལ་མཚོན་ན། མི་གྲངས་སྤྱིའི་བརྒྱ་ཆའི་མང་ཤོས་ནི་སྟོན་པ་བུ་རམ་ཤིང་པའི་རིང་ལུགས་ལ་བཅོས་མིན་གྱི་དད་པ་བྱེད་མཁན་ཡིན་པས། སྟོན་པའི་མཛད་རྣམ་ལེགས་པོ་འདིར་ཅིས་ཀྱང་མཇལ་རིགས། མ་གཞི་སུ་ཞིག་ཆོས་ལ་དད་མིན་དང་ཆོས་ལུགས་གང་ལ་དད་མིན་སོགས་ནི་གང་ཟག་སྒེར་སོ་སོའི་རང་དབང་ཡིན་པ་ལྟ་ཅི་སྨོས་ཏེ། བོད་མི་ཕལ་མོ་ཆེ་ནང་ཆོས་ལ་རྩེ་གཅིག་ཏུ་དད་ཀྱང་། རང་ཉིད་གང་ལ་དད་པའི་ཆོས་དང་། ཆོས་དེ་གསུང་བ་པོའི་མཛད་རྣམ་རགས་ཙམ་ཡང་མི་ཤེས་པ་དེ་ནི་བློ་ཕམ་སྐྱེ་གཞི་ཆེན་པོ་ཞིག་ཡིན་པ་རེད། དེས་ན་སངས་རྒྱས་ཀྱི་སྐྱེས་རབས་དང་། རྣམ་ཐར། ལོ་རྒྱུས་སོགས་ཀྱི་གླེགས་བམ་ཆེན་པོ་དེ་དག་བཀླག་མི་ནུས་ཚེ། བརྙན་འཕྲིན་ཟློས་གར་འདི་ལ་ཞིབ་ཏུ་ཐེངས་ཤིག་གཟིགས་དང་། ཁྱེད་ཉིད་གང་ལ་དད་པའི་ཐུབ་པ་མཆོག་དེའི་ལེགས་མཛད་བཀྲ་ཤིས་ཀྱི་རི་མོ་རགས་ཙམ་ཞིག་མིག་དང་ཡིད་ལ་འཆར་ནུས་པར་འགྱུར་ངེས་སོ། །

གསུམ།

བརྙན་འཕྲིན་ཟློས་གར་འདིའི་རིན་ཐང་གལ་ཆེ་ཤོས་གཞན་ཞིག་ནི། འདི་ལས་གནའ་བོའི་རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་དང་། ཆོས་ལུགས་དད་མོས། སྲིད་དོན་གྱི་གནས་སྟངས། སྤྱི་ཚོགས་ཀྱི་ཁྱད་ཆོས། རིན་ཐང་ལྟ་ཚུལ། འཇིག་རྟེན་ལྟ་ཚུལ་སོགས་མཐོང་ཐུབ་པ་དེ་ཡིན། ནམ་རྒྱུན་རྒྱ་ནག་གི་གནའ་བོའི་རྒྱལ་རབས་སྣ་ཚོགས་ཀྱི་བརྙན་འཕྲིན་ཟློས་གར་དང་། གློག་བརྙན་སོགས་མིག་དང་རྣ་བར་ཡོངས་སུ་གོམས་པའི་འུ་ཅག་ལ་མཚོན་ན། སུའི་བསམ་འདུན་རྒྱལ་པོའི་ཐུགས་ལ་མི་འགྲོ་ན་དེའི་སྲོག་སྐད་ཅིག་ཉིད་ལ་འཕྲོག་འགྲོ་བ་དང་། གྲོས་ལ་དབང་བའི་བློན་ཚོགས་ཐམས་ཅད་ཀྱང་རྒྱལ་པོའི་མདུན་སར་འཇིགས་སྣང་གིས་མིག་ཟུང་ཀེམ་ཀེམ་གཡོ་བཞིན་སྡོད་དགོས་པ་དང་། ཕོ་བྲང་ནང་གི་རྩོད་རྙོག་ཐམས་ཅད་མི་མངོན་པའི་སྒྱུ་འཕྲུལ་གྱི་ཚུལ་དུ་གནས་པ་ལས་མཐོང་ཡུལ་དུ་གཏན་ནས་མངོན་པར་མི་བྱེད་པ་དང་། འབྱོར་ཕྱུག་དབང་ཐང་ནི་སྐྱེ་བོ་ཀུན་གྱི་དོན་དུ་གཉེར་བྱ་ཡིན་འོས་པ་ལྟ་བུའི་མཐོང་ཚུལ་དང་བག་ཆགས་ཤིག་བགོས་ཡོད་པ་རེད།

འོན་ཀྱང་བརྙན་འཕྲིན་ཟློས་གར་འདིའི་ནང་མངོན་པའི་གནའ་བོའི་རྒྱ་གར་གྱི་གནས་ཚུལ་ནི་དེ་དང་ཡོངས་སུ་མི་འདྲ་བ་ཞིག་སྟེ། གྲོས་ཀྱི་སྟེང་ཤཱཀྱའི་དཔོན་རིགས་རྣམས་ཀྱིས་རྒྱལ་པོ་ཟས་གཙང་གི་བསམ་ཚུལ་ལ་མངོན་སུམ་དུ་རྒོལ་བའི་གནས་ཚུལ་རྒྱུན་ལྡན་ཡིན་པ་དང་། ལྷས་བྱིན་གྱི་ཡབ་ཡུམ་གཉིས་ཀས་རྒྱལ་པོ་ཟས་གཙང་གི་རེ་འདུན་ལ་ལྡོག་པའི་སྦྱོར་བ་སྣ་ཚོགས་བརྩམས་ཀྱང་སྲོག་མི་འཕྲོག་པར་མ་ཟད། ནང་མིའི་འགལ་ཟླ་ནི་ནང་མིའི་མཛའ་སེམས་ཀྱི་ངོས་ནས་མ་གཏོགས་ཞི་ཐབས་གཞན་མེད་པའི་ངང་ཚུལ་ཞིག་ཀྱང་རང་བཞིན་གྱིས་བསྟན་འདུག ལྷག་པར་རྒྱལ་སྲས་གཉིས་ཀས་རྩལ་འགྲན་བཞིན་པའི་སྐབས། རྒྱལ་པོ་ཟས་གཙང་ཡབ་ཡུམ་གཉིས་ཀ་རྒྱལ་བུ་དོན་གྲུབ་ཀྱི་ཕྱོགས་དང་། ལྷས་བྱིན་གྱི་ཡབ་ཡུམ་གཉིས་ཀ་སྲས་ལྷས་བྱིན་གྱི་ཕྱོགས་སུ་མངོན་གསལ་དུ་འབུད་པའི་ངང་ཚུལ་སོགས་རྒྱུན་ལྡན་ལས་ཀྱང་རྒྱུན་ལྡན་ཞིག་ཡིན་པ་དེ་ལྟ་བུ་ནི། རྒྱ་ནག་གི་རྒྱལ་རབས་རྣམས་སུ་རྩ་བ་ནས་མཐོང་དུ་མེད་པའི་ལྟད་མོ་དང་བ་འདྲེན་པ་ཞིག་རེད། དེ་བཞིན་ཡུལ་དེའི་སྐྱེ་འཆིའི་ལྟ་བ་དང་། རིག་བྱེད་ཀྱི་ལུང་། མཆོད་སྦྱིན་གྱི་ཆོ་ག འཇིག་རྟེན་བྱེད་པོ། དཀའ་ཐུབ་པ། སྒྲིབ་སྦྱོང་བ་སོགས་ཟབ་ས་ཕྲ་སའི་ལྟད་མོ་དག་ནི་དེ་ལས་ཀྱང་བསམ་གཞིགས་སྣ་ཚོགས་འདྲེན་པའི་ཕོ་ཉ་ལྟ་བུར་གྱུར་སོང་།

ལར་གནའ་བོའི་རྒྱ་གར་དུའང་གཉའ་ནོན་དང་། གདུག་རྩུབ། གཡུལ་འཁྲུག བཙན་འཛུལ། སྒེར་གཅོད་སོགས་མི་འདུག་ཟེར་བ་གཏན་ནས་ག་ལ་ཡིན་ཏེ། འདིའི་ནང་དུའང་རིགས་རྒྱུད་དབྱེ་འབྱེད་དང་། བུད་མེད་ལ་བརྙས་བཅོས། ཉམ་ཆུང་ལ་གཉའ་གནོན་སོགས་ཀྱི་གནས་ཚུལ་མང་དུ་གསལ་བ་ལྟ་བུའོ། ། འོན་ཏེ་སྐབས་དེའི་རྒྱ་གར་གྱི་རྒྱལ་ཁབ་བཅུ་དྲུག་གི་གནས་སྟངས་དང་། ཤཱཀྱའི་དཔོན་རིགས་ཕན་ཚུན་བར་གྱི་གནས་སྟངས་དང་། རྒྱལ་བློན་བར་གྱི་འབྲེལ་བ། རྒྱལ་སྲིད་དང་མདུན་ན་འདོན་བར་གྱི་འབྲེལ་བ། ཆོས་དང་སྲིད་དོན་བར་གྱི་འབྲེལ་བ་སོགས་ཕྱོགས་ཟུར་སོ་སོ་ནས་བལྟས་ཚེ། རྒྱལ་པོའི་དབང་ཆ་ཚད་ཅན་ཡིན་པ་དང་། དབང་ཤུགས་ཀྱི་གོང་ན་དད་མོས་ཡོད་པ། དཔའ་མཛངས་ཀྱི་སྙིང་སྟོབས་བླ་རུ་བསྔགས་པ། ཤེས་རིག་བློ་སྦྱོང་གཙིགས་ཆེར་འཛིན་པ། ཆོས་རིག་གྲུབ་མཐའ་སྣ་མང་ཡོད་པ། ཆོས་རིག་གྲུབ་མཐའ་ཁག་གིས་ཀྱང་རྩོད་པའི་རིགས་པ་ལ་བརྟེན་ནས་གནས་ལུགས་བརྡར་ཤ་གཅོད་པ་མ་གཏོགས། ལེགས་ཉེས་ཐམས་ཅད་གོང་མས་བླ་ནས་ཆིག་ཆོད་དུ་ཁ་ཚོན་མི་གཅོད་པ་དང་དམག་ཤུགས་ཀྱིས་ཐག་མི་གཅོད་པ་བཅས་ཀྱི་ཟ་ཟུར་ནས་སྤྱི་མཐུན་ལམ་ལུགས་དང་། རང་སྲིད་རང་སྐྱོང་། ལྟ་བ་མཉམ་གནས་སོགས་ཀྱི་རྟགས་མཚན་མང་པོ་ཞིག་རིམ་པར་མཇལ་ཡོང་བས། ལོ་ངོ་ལྔ་སྟོང་གི་ཤེས་རིག་ལོ་རྒྱུས་ཡོད་པར་སྐད་པའི་གནའ་བོའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ལ་ལར་བལྟོས་ན། གནའ་བོའི་རྒྱ་གར་ནི་དོན་དམ་པའི་དཔལ་ཡོན་གྱི་འབྱུང་ཁུངས་ཤིག་ཡིན་པའི་བདེན་པ་གསལ་ལེར་རྟོགས་ཐུབ།

དེ་བཞིན་གྲོང་ཁྱེར་དང་ཕོ་བྲང་གི་བཟོ་བཀོད། ཁང་པའི་ནང་གི་སྒྲིག་ཆས་སྣ་ཚོགས། ཡུལ་སྲོལ་ཆོ་ག གཞས་དང་ཞབས་བྲོ། རོལ་མོའི་བྱེ་བྲག་དུ་མ། གྱོན་ཆས་དང་རྒྱན་ཆ་སོགས་ནི་ཇི་ཙམ་བལྟས་ཤིང་ཉན་ན་དེ་ཙམ་ཡིད་དུ་འོང་ཞིང་རྣ་བར་འཇེབས་པར་སྣང་སྟེ། གཅིག་བྱས་ན་ཡོད་ཚད་རང་ཅག་དང་ཐག་ཉེ་བས་ཡིན་ཀྱང་སྲིད། གང་ལྟར་བརྙན་འཕྲིན་ཟློས་གར་འདིར་བལྟས་རྗེས། ང་ཚོའི་སེམས་ལ“ཧི་མ་ལ་ཡའི་ཕར་ཚུར”གྱི་ཤེས་རིག་དང་། གོམས་སྲོལ། རིན་ཐང་ལྟ་བ་སོགས་ནི་ཇི་འདྲའི་ཐག་ཉེ་ཨང་སྙམ་པའི་དྲན་ཚོར་ཞིག་དབང་མེད་དུ་སྐྱེ་ཡོང་བར་སྙམ་མོ། །

 

«སངས་རྒྱས»ཞེས་པའི་བརྙན་འཕྲིན་ཟློས་གར་དེ་བོད་སྐད་དུ་བསྒྱུར་བའི་ལས་གཞི་མགོ་བཙུགས་ཡོད་པས། ངོ་སྤྲོད་འདི་འདྲ་ཞིག་ཅིས་ཀྱང་འབྲི་རོགས་ཞེས་གྲོགས་པོ་རྭ་ཤེས་རབ་ཀྱིས་བསྐུལ་མ་བྱས་པ་བཞིན། ཕྱི་ལོ2017ལོའི་ཟླ6ཚེས13ཉིན། སྒོ་ཤེས་རབ་ཀྱིས་དད་གུས་ཆེན་པོས་བྲིས་པ་དགེའོ། །