བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་བརྩམས་ཆོས་ཡིན་མིན་ནི་རྩོམ་པ་པོ་བོད་ཡིན་མིན་དང་འབྲེལ་བ་ཆེར་མེད་དེ།རྩ་བའི་རྩ་བ་བོད་མི་མང་གིས་ཀློག་ཐུབ་མིན་དེ་ཡིན།བོད་མིས་ཀློག་མི་ཐུབ་པ་དང་ཀློག་པའི་སྐལ་བ་མེད་པ་ཞིག་ཡིན་ན་བོད་ཀྱི་རྩོམ་རིགས་སུ་འཇོག་ག་ལ་རུང་།གལ་སྲིད་བོད་ལ་རང་གི་སྐད་དང་སྒོས་སུ་ཡི་གེ་མེད་ན་ནི།ཡི་གེ་གཞན་གྱི་བརྩམས་ཆོས་དག་གིས་ཚབ་མི་བྱེད་རང་བྱེད་ཡིན་ལ།དེའང་འུ་ཐུག་ཐབས་ཟད་ཀྱི་བྱ་ཐབས་ཙམ་དུ་ཟད་ཀྱི་དེ་ལས་ལྷག་པའི་སྙིང་པོ་གང་ཡང་མ་མཆིས།ཡིན་ཀྱང་བོད་ནི་དེ་ལྟ་གཞི་ནས་མ་ཡིན་པར།རང་གི་སྐད་དང་ཡི་གེ་ཡོད་པ་མ་ཟད་དེ་ལས་བརྩམས་པའི་སྒྱུ་རྩལ་བགྲང་གིས་མི་ལངས་པ་ཡོད་བཞིན་དུ།གཞན་རིགས་ཀྱི་ཡི་གེས་བརྩམས་པ་ལ་བོད་རང་གི་བརྩམས་ཆོས་སུ་འཇོག་དོན་གང་ནས་ཡོད་དེ་བོད་རང་གི་རང་བཞིན་དང་ཆོས་ཉིད་དུ་མ་གྲུབ་པའི་ཕྱིར།རང་སྡེའི་གཞུང་ལུགས་སྨྲ་བ་དག་གིས་རང་གཞན་མི་འདྲ་བའི་ཁྱད་པར་དང་ཁྱད་ཆོས་ཡོད་པ་རྣམས་སྐབས་བབས་སོར་བཞག་བྱེད་པའང་ཐང་གི་རྡོ་དེ་རུམ་གྱི་བྲོ་ལ་བརྗེ་བའི་ངང་ཚུལ་དང་ཡང་དག་མཚུངས།

རང་ཚུགས་དང་ཨུ་ཚུགས་ཤིག་དགོས་ཟེར་ན་འདིར་དགོས་ཏེ།རང་རྟོགས་དང་རང་དབང་ཞིག་དགོས་ཟེར་ནའང་འདི་ལས་གཞན་ན་འཚོལ་རྒྱུ་ཅི་ཡང་མེད།

མིང་གི་གྲགས་པ་རྒྱས་ཙམ་དང་།ཐོབ་ཀྱི་གོ་ས་སྙེག་ཕྱིར་རམ།དགོས་ཀྱི་ཆོ་ལོ་སྩོལ་ཆེད་དུ།མི་སུ་ལའང་རིགས་ཀྱི་ཞེན་པ་དཀར་པོ་ཏོག་ཙམ་ཡོད་ཀྱང་རུང་།ཐབས་ཀྱི་དམ་པ་རྩ་ནས་དབྱུང་དེ་གཞན་སྐད་ཆ་མ་ཆོ་རིགས་ཀྱིས་རང་གི་རིན་ཐང་མཐོན་པོ་རི་རབ་ཀྱི་ཚུལ་དུ་ངོམ་རྒྱུ་ཟེར་ན།རང་ཉིད་སྤྲེལ་ལད་དང་འཁྲུལ་སྣང་ལ་འཇུག་པ་ལས་ཡང་སྙིང་གཞན་ཞིག་མི་འདུག་སྙམ།གཞན་གྱི་དྲག་པོའི་དཔུང་གིས་མ་དེད་ནའང་རང་གི་ཁྱི་རྔ་གཡུག་བཞིན་ཞུམ་ཞུམ་གྱིས་འགྲོ་བ་ནི་ཇི་འདྲའི་རང་ཚོད་མི་ཟིན་པའི་ཡ་ང་བའི་གནས་སྟངས་མཚར་པོ་ཞིག་རེད་ཨང་།

སྤྱིར་ན་སྒྱུ་རྩལ་གྱིས་ནི་མི་རིགས་གང་དེའི་ནང་སེམས་ཀྱི་འཚོ་བ་དང་ཤེས་རིག་གི་སྙིང་སྟོབས་ཐད་ཀར་མཚོན་ཞིང་།སྐད་དང་ཡི་གེ་ནི་དེ་དག་མཚོན་བྱེད་ཀྱི་ཆེས་ལེགས་ཤིང་བློས་ཐུབ་ཀྱི་གདགས་གཞི་ཉག་གཅིག་ཡིན་པས།སྐད་ཆ་གཞན་ལ་བརྟེན་དེ་མི་རིགས་རང་གི་བསམ་བློ་རྣལ་མ་དང་བརྩེ་དུང་དྭངས་མ་མཚོན་ཐུབ་ཟེར་ན་དེ་ནི་ཁྱོན་ནས་སྐད་ཆའི་ཆོས་ཉིད་དང་གཞི་ནས་འགལ་ཡོད་དེ།

•གཅིག་ཏུ།སྐད་ཡིག་གི་བདག་པོས་ཀློག་མི་ཤེས་ཤིང་དོན་མི་གོ།

•གཉིས་སུ་རང་གི་ཐུན་མིན་དུ་ཆགས་པའི་རིག་པའི་གནས་ཀྱི་ཁྱད་ཆོས་མེད་པར་འགྲོ་བ།

•གསུམ་དུ་མི་རིགས་གང་དེའི་བླ་སྲོག་ལ་ཐིམ་པའི་སྒྱུ་རྩལ་མྱོང་རོལ་དང་མཛེས་དཔྱོད་ཀྱི་སེམས་ཁམས་དག་རྩ་མེད་དུ་བཟོས་ཡོད་པས་ཡིན་ལ།ད་དུང་ཁ་སྣོན་ཅིག་དགོས་ན།མི་སེར་སྤེལ་བའི་ལམ་ལུགས་ལ་དཔུང་གྲོགས་བྱས་པ་ཙམ་ལས་རིན་ཐང་གཞན་ཅི་ཡང་ཡོད་པ་མ་ཡིན་ནོ།།

2018-1-10