བོད་ས་མཐོའི་རྩྭ་ཐང་ངམ་སྤང་ཐང་སྤྱིའི་ངོས་ནས་བསམ་ཙམ་བྱས་ན། སྔོན་ཆད་བོད་ཀྱི་ས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་ ༧༠ ཙམ་ནི་རང་བྱུང་རྩྭ་ཐང་ཡིན་ཞིང་། དེ་ནི་ཕྱུགས་ལས་གཙོ་བོར་བྱེད་པའི་འབྲོག་པ་མང་ཚོགས་ཚོའི་དཔལ་འབྱོར་གྱི་རྨང་གཞི་ཡིན་པར་མ་ཟད། གཡག་ལུག་འབྲི་རྟ་ལ་སོགས་པའི་ཕྱུགས་ཟོག་ས་ཡ་བདུན་ཅུ་ཙམ་དང་། འབྲོག་པ་མང་ཚོགས་ས་ཡ་གཅིག་ལྷག་གི་གལ་འགངས་ཆེ་བའི་འཚོ་རྟེན་དང་ཡང་འབྲེལ་བ་ཟབ་མོ་ཆགས་ཡོད།

དུས་ཀྱི་འགྱུར་ལྡོག་གི་བབ་ལས་ས་མཐོའི་རང་བྱུང་གི་རྩྭ་ཐང་དེ་དག་ལ་འགྱུར་མེད་རྟག་བརྟན་ཐེར་ཟུག་གི་ཆ་རྐྱེན་དེ་ཙམ་མེད་ན་ཡང་། རྒྱ་ཆེའི་འབྲོག་པ་ཚོས་ནི་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ། ས་མཐོའི་རྩྭ་ཐང་ཐོག་གི་ཉམས་ཆག་འགྲོ་སྐྱེན་པའི་སྐྱེ་དངོས་ཀྱི་དངོས་ཡོད་གནས་ཚུལ་ལ་སྟབས་བསྟུན་དཔྱད་གཞིགས་ཀྱིས་རྒྱུས་ལོན་གཏིང་ཟབ་དང་ཚད་མཐོའི་ཉམས་མྱོང་བླངས་པ་བཅས་ལ་བརྟེན་ནས། རྩྭ་ཐང་དང་བགྲང་ཡས་ཕྱུགས་ཟོག  ཁོར་ཡུག་རྣམས་ལ་འགན་ལེན་འཚོ་སྐྱོང་གི་གོམས་སྲོལ་ལེགས་པོ་ཞིག་བསྐྲུན་ཡོད།

འབྲོག་པ་མང་ཚོགས་ཚོས་རྩྭ་ཐང་ནི་རང་གི་ཆེས་རྩ་ཆེའི་རྒྱུ་ནོར་གལ་གནད་ཅན་ཞིག་ཏུ་ངོས་འཛིན་བརྩི་སྲུང་བྱས་པའི་ཐོག་ཐུན་མོང་གིས་སྲུང་སྐྱོབ་དང་། ཐུན་མོང་གིས་གསོ་སྐྱོང་། ཐུན་མོང་གིས་མཉམ་སྤྱོད། ཐུན་མོང་གིས་ལེགས་བཅོས་བཅས་བྱེད་སྲོལ་ཡོད་པའི་ཁར། ས་མཐོའི་ཐང་ཆེན་ཐོག་གི་རྩྭ་ཆུ་རྣམས་དེང་དུས་ལྟར་དུ་ཕན་ཚུན་དབར་འཕྲོག་རྩོད་དང་བགོ་བཤའ་རྒྱག་པ་ལྟ་བུའི་རིགས་གཏན་ནས་མེད་པར། ནམ་དུས་དང་རྩྭ་ཁར་བསྟུན་གཞིགས་སྒོས་རང་རང་གི་དབྱར་དགུན་སོ་སོའི་གནས་སར་སྐྱས་སྤོ་བྱེད་པ་དང་། རྩྭ་ཐང་སྟེང་གི་སྐྱེ་དངོས་རྣམས་ལེགས་ལམ་ངང་འཚར་ལོངས་དང་རྒྱུན་འཁྱོངས་ཡོང་ཐབས་སུ་རྒྱ་ཆེའི་འབྲོག་པ་སྤྱི་སྒེར་གཉིས་ཀས་རང་ཤུགས་ཀྱིས་འགན་ཁུར་གཟབ་ནན་ལེན་པ་ནི་སྲོལ་རྒྱུན་གྱི་གོམས་གཤིས་ཧ་ཅང་རྨད་དུ་བྱུང་བ་ཞིག་ཡིན།

ལྟོས་བཅས་ཀྱིས་ཤུགས་རྐྱེན་ཟབ་ཅིང་ཕན་ནུས་ལྡན་པའི་གོམས་གཤིས་དེས་ནི་བོད་ས་མཐོའི་ཐང་ཆེན་ཐོག་ཏུ་གནས་སྡོད་བྱེད་པའི་རྒྱ་ཆེའི་འབྲོག་པ་ས་ཡ་གཅིག་ལྷག་གི་འཚོ་རྟེན་དང་། རྟ་གཡག་འབྲི་ལུག་ལ་སོགས་པའི་བགྲང་ཡས་ཕྱུགས་ཟོག་སྣ་ཚོགས་ས་ཡ་བདུན་ཅུ་ཙམ་གྱི་གཅེས་པའི་ཚེ་སྲོག  མཛེས་པའི་རང་བྱུང་ཁོར་ཡུག་བཅས་པ་སྲུང་སྐྱོབ་ཀྱི་ཆེད་དུ་ལེགས་སྐྱེས་བླ་མེད་ཅིག་ཕུལ་ཡོད་པ་ལེགས་མཚོན་ཐུབ་པ་ཙམ་མ་ཡིན་པར། དེ་ནི་སའི་གོ་ལ་རིལ་རིལ་འདིའི་ཆ་ཤས་སུ་གྱུར་པའི་བོད་མཐོ་སྒང་གི་ས་ཁམས་ཀྱི་གནས་སྟངས་ལ་སྐབས་བསྟུན་གྱི་ཉམས་མྱོང་གཏིང་ཟབ་ཅིག་དང་། རྣམ་དཔྱོད་ལྡན་པའི་འགྲོ་བ་མིའི་རིགས་ཀྱི་རང་འཚོའི་ཁེ་ལས་གཉེར་སྐྱོང་ཚད་ལྡན་ཞིག་ཀྱང་ཡིན་པ་ནི། དེང་གི་རྒྱལ་སྤྱིའི་ལས་རིགས་ཆེད་མཁས་ཅན་མང་པོས་ངོས་ལེན་དང་འབྲེལ་ཚད་མཐོའི་གདེང་འཇོག་ཆེན་པོ་གནང་ཡོད།

གཞན་ཚན་རིག་མཁས་ཅན་མང་པོ་ཞིག་གིས་འགྲེལ་བརྗོད་བྱས་དོན་ལ་ཡང་། བོད་ས་མཐོའི་ཐང་ཆེན་གྱིས་གླིང་ཆེན་ཨེ་ཤི་ཡའི་མཁའ་རླུང་གི་རྒྱུག་ཚད་དང་གནམ་གཤིས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱི་ཡོད་པ་མ་ཟད། བྱང་ཕྱོགས་ཀྱི་སའི་གོ་ལའི་ཕྱེད་ཙམ་གྱི་གནམ་གཤིས་ལ་ཡང་འགྱུར་ལྡོག་ཆེན་པོ་བསྐྱེད་ཀྱིན་ཡོད་སྟབས། བོད་ཀྱི་འབྲོག་པའི་སྔར་སྲོལ་གྱི་ལམ་ལུགས་དང་། བོད་ས་མཐོའི་རྩྭ་ཐང་ངམ་ཐང་ཆེན་ནི་འཛམ་གླིང་ནང་དུ་གཞི་རྒྱ་ཆེ་ལ་ཁྱད་ནུས་ལྡན་པའི་རྟེན་གཞི་དམིགས་བསལ་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད།

ལུང་བསྟན་འདྲ་བའི་ཚད་ཐིག་རང་བཞིན་ཅན་གྱི་ངོས་འཛིན་འདི་དག་དང་། ད་ལྟའི་བོད་ས་མཐོའི་རྩྭ་ཐང་ཁག་གི་ཉམས་རྒུད། དེང་གི་འབྲོག་པ་གྲོང་ཁྱེར་དུ་གཞིས་སྤོ་བ་རྣམས་ཀྱི་གནས་བབ་སྐྱོ་བོ་རྣམས་ལ་ཐད་ཀར་བསམ་ཙམ་རེ་བྱས་ནས་ཡོང་སྐབས། འཐག་ལེགས་ས་གདན་བཏིང་འདྲའི་དེ་སྔའི་བོད་མཐོ་སྒང་གི་རང་བྱུང་རྩྭ་ཐང་དག་དང་། དེ་དག་གི་དོན་གྱི་བདག་པོ་ལྷད་མེད་གཤིས་དྲང་ཅན་གྱི་འབྲོག་པ་མང་ཚོགས་རྣམས་ཁད་དང་ཤུགས་ཀྱིས་དྲན་ཡོང་།

ཁ་བ་མཚོ་ནང་དུ་སིམ་པ་ལྟར་ང་ཚོའི་མཐའ་ཡས་རྩྭ་ཐང་དང་དེའི་བདག་པོ་ཚོ་འདི་ལྟར་རིམ་བཞིན་མེད་བརླགས་སུ་གྱུར་ན། དོན་དངོས་སུ་བོད་མཐོ་སྒང་གི་ཁྱད་ནོར་གཙོ་བོ་ཞིག་རང་ཤུགས་ཀྱིས་མེད་པར་གྱུར་པ་ཡིན་ལ། དེར་གྱུར་པས་དེང་གི་རྫས་འགྱུར་དང་འཕྲུལ་རིགས་ཀྱི་ལས་སྣོན་སྣ་ཚོགས་ལ་བརྟེན་ནས། དེ་སྔའི་དྲི་མེད་དྭངས་གཙང་གི་མཁའ་དབུགས་ལྡན་པའི་ཁོར་ཡུག་ཉམས་དགའ་བ་དེ་དག་ཀྱང་འབག་བཙོག་ཅན་དུ་ངེས་འགྱུར་ཡོང་བར་རྒྱང་ཐག་རིང་བོ་མ་ཡིན་ནོ།།