བསྒྲུབས་ཚར་བའི་དོན་དག་རེ་རེ་བསམ་གཞིག་བཏང་ཡོང་དུས་ལེགས་འགྲུབ་ཏུ་བཏང་ནས་རྒྱལ་ཁ་བླངས་བཞག་པ་ཞིག་བགྲང་རྒྱུ་མེད་ཡང་། ཕམ་ཁ་ཁོ་ནས་དབང་ཏུ་གྱུར་ནས་ཐེར་ཟིག་ཏུ་བསྡད་བཞག་པ་ཞིག་ཀྱང་མེད་མོད། ཡོད་ཚད་སྔ་ཆད་གཞུག་ལུས་ལྟར་བྱ་བ་རེ་རེ་འགོ་བརྩམ་ཞིང་མཇུག་མ་བསྡུས་པར་གས་ཆག་འམ་འཐུས་ཤོར་སུ་བྱས་པ་མང་ལ། དོན་དེ་ནི་ང་དང་ང་ལྟ་བུའི་དགེ་རྒན་ཨ་གསར་ཅན་དག་གི་ཁྱད་ཆོས་ཤིག་ཡིན་པར་སྣང་སྟེ། དེའི་རྒྱུ་ལས་མི་རང་གི་འཇོན་ནུས་མང་བོ་ཞིག་བག་ལ་འཁུམ་པར་བྱས་ཡོད།

ལོ་ངོ་གཉིས་ཙམ་གྱི་རིང་ལ་གཞི་རིམ་གྱི་སློབ་ཆུང་དང་མཐོ་འབྲིང་ཞིག་དུ་དགེ་མིང་ཙམ་ཁུར་མུས་ཡིན་མོད། ད་ལྟ་ཕྱིར་བསམ་གཞིག་ཅིག་བཏང་ན་རང་གིས་ཞིབ་ཚགས་མ་ཐོན་ས་དང་དུས་ལྟར་དུ་སློབ་མར་ལྟ་སྐྱོང་འཐུས་ཤོར་སུ་སོང་བ་ཡོད་སྲིད་ལ། གཞན་གྱི་དགེ་རྒན་བཞིན་སློབ་གཙོ་དང་འགོ་ཁྲིད་སོགས་ཀྱི་སྔུན་ནས་རང་གི་རྩིས་ཐང་དེ་དོར་ནས་ངོ་དགའ་སྤྲེལ་ལད་དེ་བྱེད་མ་མྱོང་པར་དམིགས་པ་རྩེ་གཅིག་གིས་མིག་མདུན་གྱི་སློབ་བུ་ཚོར་ཅི་ཕན་གྱི་ལས་ཁོ་ན་བསྒྲུབ་པ་ཡིན། དགེ་གྲོགས་བཟང་པོ་རེ་འཕྲད་དུས་རང་གི་བྱ་བ་དེའང་མུ་མཐུད་དུ་བསྒྲུབ་འདོད་སྐྱེས་ཤིང་རང་ཉིད་དགེ་རྒན་ཅིག་ཡིན་པའང་ང་རྒྱལ་སྐྱེ་མྱོང་མོད། སློབ་ར་སོ་སོ་ནི་མི་ཚོགས་ཀྱིས་གང་བའི་བཟོ་གྲྭ་ལྟ་བུ་ཡིན་པས་དེའི་ནང་དུ་དགེ་རྒན་འང་འདྲ་མིན་སྣ་ཚོགས་ཤིག་ཡོད་སྲིད་པས། སྐབས་རེར་ངས་གང་ལ་སློབ་སྦྱོང་དང་རྗེས་སུ་ཡི་རང་བྱེད་དགོས་པ་དངོས་གནས་ཤེས་ཀྱིན་མི་འདུག དེ་བཞིན་སློབ་མ་ཚོར་འང་སློབ་གསོ་ག་འདྲ་གཏོང་དགོས་པ་དེ་བས་ཤེས་ཐུབ་མི་འདུག རང་གིས་སློབ་གསོར་བཟུང་བས་བྱེད་ཐབས་དེ་ཁོ་ན་བཀོལ་ན་སློབ་གྲྭ་དང་ནང་མི་ཕན་ཚུན་གྱི་མིས་ང་ལ་སྡང་མིག་སོགས་བགྲད་ནས་ཅིག་གླེང་ཡོང་ཞིང་། གཞན་ལ་བསྟུན་ནའང་སློབ་མ་ཚོ་ནི་ལྕགས་དྲ་ཁོ་ནས་ནང་དུ་བཞག་ནས་རང་ཉིད་ཀྱིས་དཔོན་ཚུགས་མངོན་དགོས་པ་དེ་ཡིན།

དེ་ལྟར་ཕར་བསྟུན་ཚུར་བསྟུན་བྱས་ནས་ལོ་ངོ་གཉིས་འགོར་དུས་ངས་སློབ་ཁྲིད་བྱས་ནས་ཆད་པ་དང་རྗེས་ལུས་སོགས་གང་ཡང་ཁུར་མ་མྱོང་མོད། དེའི་ནང་དུ་ཁྲིད་ནོར་བྱས་པ་དང་ཁ་མ་གསལ་བ་ནི་དག་དག་ཡོད་སྲིད་པ་ཡིན་མོད་དེ་ལས་ཀྱང་ད་ལྟ་འཕང་སེམས་ཀྱི་དོན་དག་གསུམ་སྐྱེས་ཡོང་སྟེ། དང་པོ་ནི་སློབ་ཆུང་ལོ་རིམ་དང་པོའི་སྐབས་དེར་ས་གནས་ལས་མིན་པས་སློབ་མ་རིག་ཡག་ཅིག་གཟའ་མཇུག་ནས་ཚུར་སློབ་གྲྭར་མ་ཡོང་བ་དེ་ཡིན། རང་གིས་རྒྱུས་ལོན་བྱས་པ་ལྟར་ན་དེའི་ཕ་མ་གཉིས་ནི་ང་ཚོའི་ས་ཆར་ཡོང་ནས་ལས་ཀ་སྒྲུབ་མཁན་གྱི་རིགས་སུ་གཏོགས་ལ་སློབ་མ་དེའང་ངེད་ཀྱི་སྡེ་བའི་སློབ་མ་ཞིག་གི་ཚབ་ཏུ་བཙོང་ནས་སློབ་ཞུགས་བྱས་པ་ཡིན་ལ། ཏག་ཏག་གཟའ་མཇུག་མ་སླེབས་གོང་གི་ཉིན་གསུམ་བཞི་ཞིག་ལ་ཕ་མ་གཉིས་ཀྱིས་གཉེན་འཐོར་བྱས་ནས་མས་བུ་ཁྲིད་དེ་ངེད་ཀྱི་ཡུལ་ཤོག་དང་ཁ་གྱེས་ནས་ཁོ་ཚོའི་ཕ་ཡུལ་དུ་བུད་སོང་ཞིང་། དུས་དེ་ནས་བཟུང་ངའི་སློབ་བུ་ཁོང་མིག་གིས་མཐོང་མ་ཐུབ་མོད་རྣམ་རིག་དང་པྲ་ཚག་གི་རྣམ་པ་དེ་དག་དག་མེ་ལོང་ལ་བལྟས་པ་བཞིན་ཤར་ཡོང་ཞིང་དུས་དེ་ནས་བཟུང་ཁོ་ཕལ་ཆེར་སློབ་གྲྭ་ཞེས་པའི་སྒོ་ཐེམ་དེ་བསྙེག་མེད་པ་འདྲ་བས། ལན་རེ་རེར་རང་ཉིད་ལ་སེར་སྣ་འདྲིས་བའི་ཚོར་བ་སྐྱུར་མོ་རེ་བྱུང་ཡོང་།

དོན་དག་གཉིས་པ་ནི་སྔར་བཞིན་སློབ་ཆུང་ལོ་རིམ་དང་པོ་མཇུག་རྫོགས་ཁར་དགུན་གནང་གཏོང་ཁ་དག་དག་གྱི་ཉིན་དེར་སློབ་གྲྭས་ང་ལ་སྒོར་མོ་ཉིས་བརྒྱ་ལྷག་གི་བྱ་དགའ་ཅིག་བྱིན་ནས་ངའི་སྒོར་མོ་དེ་སྟོད་ལྭའི་གློ་ཁུག་ནང་བཅུག་ཏེ་སློབ་མ་ཚོ་དང་མཉམ་དུ་རྩེད་མོ་རྩེས་མཐར་སྒོར་མོ་དེ་རྒྱུན་དུ་གཟའ་མཇུག་ལ་ཁྱིམ་བདག་བསུ་མཁན་མེད་པས་བུ་མོ་ཆུང་ཆུང་ཅིག་ཡོད་པ་དེས་ཁྱེར་སོང་བ་ཤེས། ཡིན་ཡང་། ཡིད་སྐྱོ་བ་ཅིག་ལ་ངའི་སྒོར་མོ་དེ་ཚུར་བླངས་བ་ལས་ཁོ་མོ་ལ་བཟང་ངན་གྱི་ཚིག་གཅིག་ཀྱང་མ་བཤད་པ་དེ་ཡིན། ད་ལྟ་བསམ་བློ་ཅིག་བཏང་ཡོང་དུས་སྐབས་དེར་སློབ་གསོ་གཏོང་མ་ཐུབ་པ་དེ་ནི་དངོས་གནས་འགྱོད་པ་ཅིག་སྐྱེས་ཡོང་ལ་ངས་ཁོ་ལ་སློབ་གསོ་གཏོང་བའི་དམིགས་ཡུལ་དེའང་ཁོ་མོས་མི་ཚེ་ནི་གསར་དུ་སྐྱེས་བའི་སྡོང་ཕྲུག་བཞིན་ཡིན་པས་མ་འོངས་པར་ལམ་ཁ་དེར་མི་ཞུགས་པའི་བླང་བྱ་འདོན་དགོས་པ་ཡིན་མོད། སྙིང་ཉེ་བའི་སློབ་མ་དག་ནི་བདག་སེམས་ཀྱི་འདང་རྩིས་ཆེ་བའི་ནོར་བུ་རེ་རེ་ཡིན་པས་སྐབས་དེར་སློབ་གསོ་གཏོང་རྒྱུ་ནི་ཧ་ཅང་གི་ལས་སླ་མོ་ཞིག་མིན་པས་ཅི་བྱ་གཏོལ་མེད་དུ་གྱུར་སོང་།

དོན་དག་གསུམ་པ་ནི་ད་ལོར་མཐོ་གཅིག་གི་འཛིན་བདག་དུ་སྐོས་ཤིང་སློབ་མ་གསར་བ་དག་ཡོང་ནས་དམག་རྩལ་སྦྱོང་མ་ཚར་གོང་གི་གཟའ་མཇུག་ལ་སློབ་མ་གཅིག་ཕྱིར་ཡུལ་དུ་ལོག་པ་དེ་ཡིན། ངས་ཁོ་ལ་ཁ་པར་ཐེངས་མང་བོ་བཏང་མོད་མི་ཉན་ལ་ཁོའི་ཨ་ཕས་བཤད་ན་སློབ་གྲྭ་འགྲོ་འདོད་མེད་པས་ཡིན་ཟེར། ཡིན་ན་འང་། ངས་རེ་བ་ནི་སློབ་གྲྭ་འདི་ནས་སློབ་སྦྱོང་མི་མཐུད་དུ་བྱས་ན་བསམ་པ་དང་གལ་ཏེ་སློབ་གྲྭ་འདི་ནས་སློབ་སྦྱོང་བྱ་འདོད་མེད་ན་ཡང་ས་ཆ་གཞན་གྱི་སློབ་གྲྭ་ཞིག་འགྲིམ་ན་བཟང་རབ་ལབ། འོན་ཏེ། སྤྱིར་སློབ་མ་ཅིག་ལ་མཚོན་ན་སློབ་གྲྭ་འགྲོ་བ་དང་དེའི་ནང་ནས་ཡང་ཕྱིར་འབུད་པ་ནི་ད་ལྟའི་དུས་འདིར་རྒྱུན་ལྡན་ལྟར་ཆགས་ཡོད་མོད། བོད་མི་རིགས་ཀྱི་ངོས་ནས་གླེང་ན་ཡང་སློབ་མ་དག་སློབ་གྲྭ་འགྲོ་འདོད་མིན་ཅི་རིགས་ཤིག་ཡོད་ལ་དེ་ནི་ཕྱི་ནང་གི་རྒྱུ་རྐྱེན་དུ་མ་ཡོད་སྲིད་ཡང་ཕྱི་ཚུལ་ནས་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཤིག་ཏུ་ངོས་འཛིན། དེ་ལྟ་བུའི་སློབ་གསོ་ཐབས་ཆག་ཤིག་གི་སྣང་ཚུལ་དང་མི་གྲངས་ཉུང་བའི་མགོ་ལོག་གི་གནས་བབ་ངོས་ནས་སློབ་མ་གཅིག་གི་ཡི་གེ་དོར་བ་ནི་བློ་ཁོག་དྲང་མོར་ཕྱེ་ནས་སྐད་ཆ་བཤད་ན་གྱོང་གུད་ཆེན་མོ་ཅིག་ཡིན་ལ། ལྷག་ཏུ་རིག་གནས་ཀྱི་དུས་རབས་དེར་མང་བོ་ཞིག་རྗེས་ལུས་སུ་ཐེབས་བཞིན་པའི་མགོ་ལོག་ས་གནས་ཀྱི་སློབ་མ་ཚོས་ཅིག་འཁྱོངས་སོང་ན་མགོ་ལོག་དང་མཚོ་སྔོན་གྱི་སློབ་གསོ་འང་གོང་འཕེལ་བཏང་བ་ཡིན་མོད། དོན་གྱིས་འཕང་སེམས་དེ་ནི་ནུས་པ་ཉམས་པའི་གང་ཟག་ཅིག་གི་ཚོར་བ་ཙམ་ལས་གང་ཡང་མ་འདས་སྙམ་མོ།

2018/1/17ནུབ་མོ།