ང་རང་སློབ་ཆུང་གི་སྒོ་ཐེམ་ལ་གོམ་པ་སྤོས་ནས་ཅུང་མ་འགོར་བའི་དུས་ཚོད་དེ་འདྲ་ཞིག་ལ། དེ་སྔོན་མཐོང་རྒྱུ་ཕར་ཞོག གོ་མྱོང་ཡང་མེད་པ་སྐུད་པ་དམར་པོ་ཞིག་སྐེ་ལ་འདོགས་རྒྱུ་རག་སོང་། དེ་ནི་མི་ཚེའི་ནང་སྐེ་ལ་སྲུང་མདུད་ཅིག་བཏགས་པ་ཐོག་མ་དེ་ཡིན། དགའ་སྣང་ཞིག་དང་བཅས་སྲུང་མདུད་དེ་བཏགས་ནས་སློབ་གྲྭར་སོང་བར། བསམ་ཡུལ་ལས་འདས་པ་ཞིག་ལ། སྲུང་མདུད་དེས་ང་ལ་འགྲམ་ལྕག་ཚ་ཐག་ཆོད་ཅིག་རག་སོང་།

ཕ་མ་གཉིས་ཀྱིས་བཤད་སྟངས་བྱས་ན། རྩ་ཆེན་པོ་ཞེ་དྲག་ཡིན་པ་དང་། ཐ་ན་སྲུང་མདུད་ནང་ལ་རྡུལ་ཆགས་ཀྱི་མ་རེད། ཤིག་བརྒྱབ་ཀྱི་མ་རེད་སོགས་བཤད་ཀྱི་འདུག་པ་དེར་ཡ་མཚན་པོ་ཞེ་དྲགས་བྱུང་། ཡིན་ནའང་། ངའི་སྲུང་མདུད་དེ་ནི་དུས་ཚོད་ཐུང་ངུ་ཞིག་གི་ནང་ལ་འདོགས་རྒྱུའི་སྐལ་བ་རྫོགས་སོང་། ས་དྲེག་ཚི་དྲེག་ཆགས་ཀྱི་ཡོད་མེད་ལ་བལྟ་དགོས་བསམ་ཀྱང་བལྟ་ལོང་བྱུང་མ་སོང་། ཤིག་དང་སྲོ་མ་བརྒྱབ་ཀྱི་ཡོད་མེད་ལའང་བལྟ་ལོང་སྒུག་ལོང་རག་མ་སོང་། ངས་ད་དུང་ཡང་། ལོ་སུམ་ཅུ་ཙམ་གོང་གི་སྲུང་མདུད་དེ་མིག་ལ་འཆར་འོང་གིན་འདུག དགེ་རྒན་དེའི་ངོ་གདོང་ཡང་ཡིད་ལ་དྲན་འོང་གི་འདུག ངའི་སྲུང་མདུད་དེས་ཉེས་པ་གང་བསགས་པ་ཡིན་ནམ།

རྗེས་ལ་ལོ་རྒྱུས་ཡིག་ཆ་དེ་ཚོའི་ནང་ནས་གསལ་རྟོགས་བྱུང་བ་ལྟར་ན། དེ་ནི་ཕྱི་ལོ་ ༡༩༨༠ ལོའི་ཧོར་ཟླ་ ༩ ཚེས་ ༢༢ ཏེ་ལྷ་བབ་དུས་ཆེན་གྱི་ཉིན་དེར། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་རེབ་གོང་ལ་ཆིབས་བསྒྱུར་བསྐྱངས་པ་དེ་སྐབས་མཇལ་ཁ་ཐོབ་པ་དང་མཉམ་དུ་རག་པ་ཞིག་རེད་འདུག

པཎ་ཆེན་རིན་པོ་ཆེ་ཕེབས་ཀྱི་ཡོད་པའི་གསར་འགྱུར་དེས། མི་རྒན་པ་ཚོ་འུར་འདྲ་ཞིག་ལངས་བཅུག་སོང་། ད་སྐྱིད་ཀྱི་ཉི་མ་ཤར་རྒྱུ་རེད་ཟེར་ནས་སྡོད་ཀྱི་འདུག ཡིན་ནའང་། ཁོང་ཚོས་ཕན་ཚུན་ལ་གླེང་མོལ་སྐབས་དགའ་སྣང་དེ་སྐད་ཆ་ཤབ་བེ་ཤུབ་བེ་འདྲ་ཞིག་བྱས་ནས་བཤད་ཀྱི་འདུག དེར་བལྟས་ན། ཁོང་ཚོར་ཞེད་སྣང་གཞན་ཞིག་ཀྱང་ཡོད་པ་འདྲ། པཎ་ཆེན་རིན་པོ་ཆེ་ཟེར་ན་སུ་རེད་ཅེས་དྲིས་པ་ཡིན་ན། རྗེས་ལ་ཧ་གོ་གི་རེད་ཅེས་པ་ཙམ་ལས་ཁོང་ཚོར་ཡང་གསལ་པོ་ཞིག་བཤད་རྒྱུ་མི་འདུག གཅིག་བྱས་ན་གསལ་པོ་ཞིག་བཤད་རྒྱུར་ཁོང་ཚོ་སྐྲག་གི་ཡོད་པ་འདྲ།

པཎ་ཆེན་རིན་པོ་ཆེ་རེབ་གོང་ལ་ཕེབས་སྐབས་དེར་ཕྱིར་དྲན་བྱས་པ་ཡིན་ན། ཉིན་དེ་ནི་གནམ་གཤིས་དེ་ཙམ་མི་དྭངས་པ་ཞིག་རེད། མི་ཚོགས་ཀྱི་འཚང་ཁ་ཆེན་པོ་འདུག ངའི་མི་ཚེའི་ནང་མི་ཚོགས་ཀྱི་འཚང་ཁ་ཆེ་ཤོས་ཤིག་མཐོང་བ་ཐོག་མ་ནི་དེ་ཡིན། ཉིན་རྒྱབ་ལ་ཡིན་པ་ཡོད། རླངས་འཁོར་ལྗང་མདོག་ཅིག་གི་སྟེང་ནས་གོས་ལ་སེར་པོ་གྱོན་པའི་མི་ཆེན་པོ་ཞིག་གིས་ལག་པ་ཡང་སེར་ཡར་བཀྱགས་ཏེ་མང་ཚོགས་ལ་ལག་བརྡ་བྱེད་བཞིན་ཕེབས་སོང་། རླངས་འཁོར་དེ་ང་ཚོ་བང་བསྒྲིགས་ནས་སྡོད་ས་དེར་སླེབས་སྐབས། མི་དེ་གསལ་པོ་མཐོང་གི་འདུག རླངས་འཁོར་སྟེང་གི་མི་ཆེན་པོ་དེ་གདོང་པ་ལ་འཛུམ་མདངས་དང་བཅས་ཏེ་ཕེབས་སོང་། ཡིན་ནའང་། ངའི་གཡས་གཡོན་ན་ཡོད་པའི་ཕ་མ་གཉིས་དང་། ད་དུང་མི་མང་པོ་ཡོད་པའི་ནང་གི་རྒན་པ་མང་ཆེ་བ་ངུ་གི་འདུག དེ་དུས། མི་གཅིག་དགའ་ནས་སླེབས་པ་ལ། མི་མང་པོ་སྡུག་ནས་ངུས་སོང་བསམ་པ་ཞིག་བྱུང་། ཕྱིར་ཁྱིམ་ལ་སླེབས་ནས་ཨ་མ་ལ། མི་དེ་ཞེ་སྣང་ཚ་བོ་ཞིག་ཡིན་པ་འདྲ་འདུག མི་དེ་འཁྲིས་ལ་སླེབས་ན་མི་རྒན་པ་ཚང་མ་སྐྲག་ནས་ངུ་གི་འདུག མི་སུ་རེད་ཅེས་དྲིས་པར། ཡང་ཨ་མ་ངུས་སོང་།

ཨ་མ་ངུ་བ་ལ་ཁག་མི་འདུག མོ་རང་གིས་ང་ལ་འགྲེལ་བཤད་འདི་འདྲ་ཞིག་བརྒྱབ་སོང་། མོ་རང་གི་པ་ལགས་དང་མོ་རང་གི་གཅེན་པོ་ཆེ་བ་དང་འབྲིང་བ་བཅས་མི་གསུམ་གྱི་སྐེ་ལ་ཐགས་པ་བསྐོན་ནས་བཙོན་ལ་འཁྲིད་པ་ནས་ཕྱིར་ཡོང་རྒྱུ་མེད་སོང་བ་དེ་ཚོ་དེ་རིང་ཡོད་ན། ཁོང་ཚང་གི་ཞལ་མཇལ་ཐུབ་ཡོད་པ་རེད། གསུང་ཐོས་ཐུབ་ཡོད་པ་རེད་ཟེར་བཞིན་ཡུན་རིང་ཙམ་བར་ངུས་སོང་། དེ་དུས་ང་ལོ་ན་དགུ་ལྷག་ཙམ་རེད། སེམས་ནང་ལ། དེ་རིང་གི་མི་ཆེན་པོ་དེ་ནི་ཡང་སྙིང་སུ་ཡིན་ནམ། པཎ་ཆེན་རིན་པོ་ཆེ་ཡིན་ནམ། ཡང་ན། ཨ་མའི་བཤད་པ་ལྟར་མི་མང་གི་སྐེ་ལ་ཐགས་པ་བསྐོན་ནས་འཁྲིད་མཁན་དེ་ཡིན་ནམ་སྙམ་པ་ལས། གཞན་གྱི་གསལ་ཁ་གང་ཡང་མ་བྱུང་།

ཉིན་གཉིས་པ་ཡིན་ནམ་ག་དུས་ཡིན་ད་ལྟ་དྲན་གྱི་མི་འདུག་སྟེ། ཉིན་དང་པོ་ལས་མང་བའི་མི་ཚོགས་ཁྲོད་དེར་འཁྲིད་སོང་། ཉིན་གཉིས་པའི་མི་ཚོགས་ནི་ཉིན་དང་པོའི་མི་ཚོགས་ལས་མང་བ་འདུག ཁ་སང་གི་མི་ཆེན་པོ་དེ་ཁྲི་མཐོན་པོ་ཞིག་གི་སྟེང་ནས་མར་འཁོར་དེ། ཅིག་འདོན་གི་འདུག མི་རྒན་པ་ཚོ་ནི་མིག་ལ་མཆི་ཞག་འཁོར་ནས་ད་དུང་ཡང་ངུས་སྡོད་ཀྱི་འདུག ངའི་སེམས་ལ་མི་ཆེན་པོ་དེས་མི་རྒན་པ་ཚོར་སྡུག་ཅག་ཅིག་ནི་བཤད་ཀྱིན་ཡོད་ས་རེད་སྙམ་ནས་ཨ་མའི་གདོང་པ་ལ་ཡང་ཡང་བལྟས་བསྡད། ཨ་མ་དང་ད་དུང་དེའི་གཡས་གཡོན་གྱི་ཕ་མ་མང་པོ་ཞིག་ཀྱང་དེ་ལྟར་རེད། ཕྱི་དྲོ་ཙམ་ལ། ཨ་མས་ད་ནི་ཆོས་སྐད་ཅིག་རྣ་བས་གོ་སོང་བ་རེད། ཐུགས་རྗེ་ཅན། མ་སེམས་ཅན་ཐམས་ཅད་ཀྱི་མགོ་ལ་སྡུག་ཅིག་མི་ཡོང་བའི་སྨོན་ལམ། ཤི་བོ་དེ་ཚོར་ལམ་སྣ་རེ་སྟོན་པའི་སྨོན་ལམ་སོགས་མང་པོ་ཞིག་སྐྱོར་ནས་ཡང་ངུས་སོང་། གང་ལྟར། ཉི་མ་དེར་ངའི་ཨ་མ་ལགས་ངུས་ངུས་པར་བསྡད་སོང་།

ངའི་ཨ་མ་ལགས་ནི་ཡིག་རྨོངས་པ་ཞིག་ཡིན། ད་ལྟ་ངས་དེ་ཡག་པོ་བྱུང་འདུག་བསམ་གྱི་ཡོད། ངའི་ཨ་མ་ཡིག་རྨོངས་པ་ཞིག་ཡིན་པ་འདི་ཡག་པོ་བྱུང་འདུག་བསམ་པ་དེ་ལོ་ཤས་ཀྱི་གོང་ཙམ་ནས་རྒྱུན་དུ་སེམས་ནང་འཁོར་གྱི་འདུག དེ་ནི་འདི་འདྲ་རེད། ལོ་གཅིག་དང་ཕྱེད་ལྷག་གི་གོང་དེར། བཀའ་ཟུར་ཞེ་པོ་བློ་བཟང་དར་རྒྱས་ལགས་ཀྱིས་བརྩམས་པ་༼མི་ཚེ་རིང་པོར་སྐྱིད་གསུམ་སྡུག་གསུམ། དཔྱིད་ཉི་རིང་པོར་དྲོད་གསུམ་གྲང་གསུམ༽ཞེས་པའི་དེབ་དེ་བཀླགས་པ་ཡིན། དེའི་ནང་། དགོན་པའི་ནང་གི་བླ་མ་གྲྭ་པ་དང་། སྡེ་བའི་ནང་གི་མི་སྣ་དྲག་གྲས་རིགས་འཛིན་བཟུང་བྱས་ཚུལ། བཙོན་ལ་འཁྲིད་སྲོལ། བཙོན་ནས་སྡུག་ལས་སྣ་དགུ་བཏང་སྟངས། ལྟོགས་སྐོམ་མྱངས་བཅུག་ནས་འཆི་ལམ་དུ་བརྫངས་པའི་གནས་སྟངས་དེ་ཚོ་གློག་བརྙན་བཞིན་མིག་ལ་འཆར་འོང་བ་ཞིག་བྲིས་འདུག་པ་དེས། ཨ་མ་ལགས་ཀྱི་པ་ལགས་དང་གཅེན་པོ་གཉིས་ཀ་སྐེ་ལ་ཐགས་པ་བསྐོན་ནས་ག་ཤེད་ཅིག་ལ་འཁྲིད་ནས་ཕྱིར་ཡོང་རྒྱུ་མེད་པ་ཆགས་པ་དེ། ཚུལ་གང་འདྲ་ཞིག་གི་འོག་ནས་བྱུང་བ་ཡིན་པ་དེ་གསལ་གསལ་ཐིང་ཐིང་འདྲ་པོ་ཞིག་ཤེས་རྟོགས་བྱུང་སྟབས། སེམས་ནང་ལ། ཨ་མའི་སེམས་ཀྱི་སྡུག་བསྔལ་དེར་ཁག་མི་འདུག་བསམ་པ་བྱུང་ལ། དེ་དང་མཉམ་དུ་དེབ་དེའི་ནང་གི་གནས་སྟངས་འདི་ཚོ་ཨ་མས་ཧ་གོ་བ་ཡིན་ན། སྡུག་བསྔལ་གྱི་སྒང་ལ་སྡུག་བསྔལ་རེད་འདུག་ཨང་བསམ་པ་ཡང་ཡང་བྱུང་།

གང་ལྟར་ཉིན་གཉིས་པ་ཡིན་ནམ། གསུམ་པ་གང་ཡིན་ད་ཆ་དྲན་ཡུལ་ན་མི་འདུག་སྟེ། མི་ཚོགས་གཤར་སྒྲིག་གི་ཁྲོད་ནས། མཚམས་རེར་གནམ་སྔོན་པོ་དེ་མཐོང་ལ། མཚམས་རེར་གང་ཡང་མི་མཐོང་བའི་མུ་ཞིག་ནས། ཕ་རྒན་གྱིས་ཡར་བཀྱགས་སོང་། ད་ཁོང་གི་ཞལ་ལ་གསལ་པོ་མཇལ་དགོས་པ་རེད་ལྟོས་ཨ་ཟེར། དེ་གར་གྲྭ་པ་ཁ་ཤས་འདུག་པ་དེ་ཚོས་ཀྱང་ཁོང་གི་ཞལ་ལ་ལྟོས། ཁོང་གི་ཞལ་ལ་ལྟོས་ཟེར་གྱི་འདུག ཁོང་ཚོས་བཤད་པ་ལྟར་བལྟས་པ་ཡིན། དྲང་མོར་བཤད་ན། ཁོང་གི་མགོ་ན་ཞྭ་མི་འདུག རླངས་འཁོར་སྟེང་ནས་ཐེངས་དང་པོར་མཐོང་བའི་མི་ཆེན་པོ་དེ་རླངས་འཁོང་སྟེང་ན་ཡོད་པ་དེ་ལས་ཀྱང་ལྡབ་ཁ་ཤས་ཀྱིས་ཆེ་བ་ཡོད་པ་ཞིག་མཐོང་སོང་། རྗེས་ལ་ཤེས་དུས། དེ་དུས་མ་གོ་བ་རེད་མ་གཏོགས། ཁོང་གི་ཞལ་ལ་ཡག་པོ་ཞིག་མཇལ་དགོས་རེད་ཟེར་བ་ཡིན་འདུག ཨ་མདོའི་སྐད་ལ་ཁོང་གི་ཞྭ་དང་ཁོང་གི་ཞལ་ཟེར་བ་གཉིས་ཁ་ནས་བཤད་སྐབས་སྒྲ་གདངས་འདྲ་པོ་ཡོད་པ་དེས་འཁྲུལ་བཅུག་པ་དེ་ཡང་རྗེས་ལ་གཞི་ནས་ཤེས་རྟོགས་བྱུང་།

སྐུད་པ་དམར་པོའི་སྲུང་མདུད་དེ་ཡང་དེ་དུས་རག་སོང་། པཎ་ཆེན་རིན་པོ་ཆེའི་སྲུང་མདུད་རག་ས་དེ་ནི་ས་ཆ་གཞན་པ་ཞིག་མ་རེད། དེ་སྔོན་ང་རང་རུས་པ་དང་བལ་འཚོང་དུ་འགྲོ་ས་ཞིག་ཡོད་པའི་གྱང་ར་དེའི་མར་ཙམ་དེར་རེད། ཡིན་རྒྱུ་ནི་རོང་པོ་དགོན་པའི་ཚོགས་ཆེན་འདུ་ཁང་གི་ཁྱམས་ར་དེ་རེད།

དེ་དུས་སྲུང་མདུད་དེ་བཏགས་ནས་སློབ་གྲྭར་འགྲོ་མཁན་ང་གཅིག་པོ་མ་རེད། ཡིན་ནའང་། འགྲམ་ལྕག་རག་མཁན་དེ་ང་གཅིག་པོ་ཆགས་སོང་། ད་ཆ་བསམས་ན། ངས་ནི་སྲུང་མདུད་དེ་ལྭ་བའི་འོག་ལ་མ་བཅུག་པར་སུས་བལྟས་ནའང་མཐོང་བ་ཞིག་བྱས་ནས་སོང་བ་དེས་རེད། དྲང་མོར་བཤད་ན། དེ་དུས་ཀྱི་ང་ལ་མཚོན་ན། སྐེ་ཡི་སྲུང་མདུད་དེ་འགེབས་བྱེད་ཀྱི་སྟོད་ཐུང་ཞིག་ཧ་ལམ་ཡོད་རྒྱུ་མ་རེད། ད་ལྟ་དྲན་པ་བྱས་ན། དེ་དུས་ནི་མི་རྒན་པའི་སྟོད་ཐུང་རྙིང་སོང་ཞིག་ལ་ཐི་གུ་ཞིག་བཅིངས་ནས་སློབ་གྲྭར་འགྲོ་གི་ཡོད་པའི་སྐབས་རེད།

དགེ་རྒན་དར་རྒྱས་ཟེར་བ་ཞིག་ཡོད་པ་དེས། ཏང་གི་སློབ་གྲྭའི་ནང་ལ་མི་ངན་རིགས་བཞིའི་སྲུང་མདུད་བཏགས་ནས་ཡོང་ཆོག་གི་མ་རེད་ཟེར་ནས་འགྲམ་ལྕག་ཟེར་ན་མིག་ནས་མེ་སྟག་འཕྲོ་བ་ཞིག་གཞུས་སོང་། ཉི་མ་ཁ་ཤས་ལ་རྣ་ནང་ནས་ཝང་ཝང་ཟེར་བ་ཞིག་གཞུས་སོང་། སྲུང་མདུད་རག་པའི་དགའ་སྣང་དེ་ཡང་དེ་མུར་ཡལ་འགྲོ་བ་ཞིག་བྱུང་། ཐ་ན་གཞན་གྱི་སྐེ་ཡི་སྲུང་མདུད་མཐོང་ནའང་རང་གི་འགྲམ་པ་ཚ་བའི་སྣང་བ་ཡང་བྱུང་། ངའི་སྲུང་མདུད་དེ་སྐེ་ནས་བཅད་སོང་། དགེ་རྒན་དར་རྒྱས་ཀྱིས་བཅད་སོང་། དེ་ནས་ང་ལ་སྐུད་པ་དམར་པོའི་སྲུང་མདུད་དེ་འདྲ་མ་རག་པར་ལོ་ངོ་མང་པོ་ཞིག་འདས། མི་ངན་རིགས་བཞིའི་སྲུང་མདུད་དེ་ང་ལ་པཎ་ཆེན་རིན་པོ་ཆེས་གནང་བ་རེད། དེ་ནི་པཎ་ཆེན་རིན་པོ་ཆེས་གནང་བའི་སྲུང་མདུད་ཐོག་མ་རེད་ལ། མཐའ་མ་དེ་ཡང་ཆགས་སོང་།

པཎ་ཆེན་རིན་པོ་ཆེས་གནང་བའི་སྲུང་མདུད་དེས་ང་ལ་འགྲམ་ལྕག་ཚ་སྦིར་སྦིར་ཞིག་རག་བཅུག་བྱུང་ལ། ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༡ ཚེས་ ༢༨ ཞོགས་པར་པཎ་ཆེན་རིན་པོ་ཆེ་གཙང་བཀྲ་ཤིས་ལྷུན་པོ་ནས་སྐུ་གཤེགས་པའི་གསར་འགྱུར་དེས་ཀྱང་འགྲམ་ལྕག་ཚ་ཐག་ཆོད་ཅིག་རག་བཅུག་སོང་། ཉིན་དེའི་ཉིན་གུང་ཙམ་ལ་རེད། ཕལ་ཆེར་ཉིན་དེ་ནི་རེས་གཟའ་ཉི་མར་འཁེལ་ཡོད་པ་ཡོད། ངས་གསར་འགྱུར་དེ་རླུང་འཕྲིན་ལས་ཐོས་བྱུང་། ཉིན་གུང་རྒྱབ་ལ་སློབ་གྲྭར་འགྲོ་དགོས་སྟབས། སློབ་གྲྭར་འབྱོར་བ་དང་དེར་ངའི་ཞང་པོ་ཞིག་ཡོད་པ་ཁོང་གི་སར་ནམ་རྒྱུན་བཞིན་དགོང་ཟས་བཟའ་བར་སོང་བ་ཡིན། དགོང་ཟས་ནི་ང་རང་དགའ་ཤོས་ཀྱི་ཤ་རྡོག་བཙོས་རེད་འདུག

ངའི་ཞང་པོ་དེས། ལྕགས་ཐབ་འགྲམ་ན་མེར་བསྲོ་བཞིན་བསྡད་འདུག ཕ་མ་གཉིས་བདེ་མོ་རེད་དམ་ཞེས་དྲིས་སོང་བར། བདེ་འཚམས་རེད་ཅེས་ལན་ཕུལ་བ་ཡིན། དེ་མུར་ངས་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་སོང་བ་རེད་ཟེར་གི་འདུག་ཅེས་འགྲེལ་བཤད་རྒྱག་མགོ་བཙུགས་པར། ཞང་པོ་ལམ་སེང་རླུང་ལངས་ནས། ཅི་ཡིན་འདི་ཡིན་མེད་པར་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་སོང་། ད་དུང་ལྕགས་ཐབ་ནང་རྡོ་སོལ་འཇོག་བྱེད་ལྕགས་ཀྱི་སྐམ་པ་དེ་ལག་པར་བཟུང་ནས། གཞུ་གྲབས་བྱེད་སྐབས་ང་ལམ་སང་སྒོ་ཕྱིར་བྲོས་མོད་ཀྱང་། ལམ་ཐག་རིང་ཙམ་བར་རྗེས་འདེད་བཏང་ནས་སླེབས་བྱུང་། གང་ལྟར་ཉིན་དེར་ཤ་རྡོག་བཙོས་དེ་བཟའ་རྒྱུ་ཕར་ཟད། དགོང་ཟས་དེའང་ནང་ནས་འཁྱེར་ཡོང་བའི་བག་ལེབ་སྐམ་བཟའ་བྱས་ནས་སྡོད་དགོས་པ་ཆགས་སོང་།
ལོ་ཤས་གོང་ཙམ་ལ། དགེ་རྒན་དར་རྒྱས་ཀྱི་ཕ་ཡུལ་གཅིག་པ་ཞིག་ལ་ཐུག་སོང་བ་དེར། དགེ་རྒན་དར་རྒྱས་ཀྱི་སྐོར་དྲིས་པ་ཡིན། ད་ནི་རྒས་འདུག་ཟེར། ཏང་ལ་བློ་དཀར་བ་ཞིག་ཡིན་པ་ཡོད་ཅེས་དྲིས་པ་ཡིན། ཁྱིམ་གྱི་མཆོད་ཁང་ནང་ན་མའོ་ཀྲུའུ་ཞིའི་པར་ཆེན་པོ་ཞིག་བཤམས་ཡོད་སྐོར་ལབ་སོང་། ཡིན་རྒྱུ་མ་རེད་ཅེས་ནན་འདྲི་ཞུས་པ་ཡིན། ཁ་ནང་ལ་ཟ་རྒྱུ་འཐུང་རྒྱུ་རག་འཇུག་མཁན་རྒད་པོ་དྲིན་ཅན་འདི་ཡིན་ཟེར་གྱི་འདུག་ལབ་སོང་།