སྤྱི་ཚོགས་ཁྲོད་སློབ་གྲྭའི་སློབ་གསོའི་སྐོར་གྱི་གླེང་སློང་ལ་བསམ་གཞིགས་རེ་བྱེད་དུས།  ང་རང་ཉིད་ཡིན་ནའང་སྤྱི་ཚོགས་ཁྲོད་ཀྱི་མི་མང་པོ་ཞིག་གིས་སློབ་གསོ་ཡི་དགེ་མཚན་ཐད་ལ་གོ་བ་ལེན་སྟངས་དང་ངོས་འཛིན་བྱེད་སྟངས་ནོར་འདུག་བསམ་གྱིན་ཡོད། མི་ལ་ལའི་བསམ་བློར་སློབ་གསོ་ཡིས་མི་གཞན་བཀོལ་སྤྱོད་བྱེད་རྒྱུའི་གཞི་རྩ་ངེས་ཅན་ཞིག་མཁོ་སྤྲོད་བྱས་ཏེ། ནམ་ཡིན་ཡང་མི་མང་གི་སྒང་ནས་ཁེ་བཟང་ལེན་ཐུབ་པར་མ་ཟད། དུས་རྟག་ཏུ་ཤེས་ཡོན་མེད་པ་དག་ལ་རྡོག་བརྫིས་གཏོང་ཐུབ་པའི་ནུས་པ་ངེས་ཅན་ཤིག་ཡོད་པར་མངོན། ཡང་མི་ལ་ལས། སློབ་གསོ་ཡིས་ཡ་རབས་སྤྱོད་བཟང་གི་གཤིས་ཀའི་ཐོག་ལ་སྦྱོང་བརྡར་དང་གོ་རྟོགས་སྤྲོད་རྒྱུ་ལས་དམིགས་ཡུལ་གཞན་སྒྲུབ་བྱེད་ཀྱི་ཡོ་ཆས་ཤིག་གཏན་ནས་མིན་པར་ངོས་འཛིན་བྱེད་ཀྱིན་ཡོད།

      འོན་ཀྱང་ང་ལ་མཚོན་ན། སློབ་གསོ་ཡིས་གང་ཟག་སྒེར་གྱི་མི་ཚེ་དང་སྤྱི་ཚོགས་གཉིས་ཀ་ལ་གཞོགས་འདེགས་སྒྲུབ་ཐུབ་པའི་ནུས་ཤུགས་ཡོད་དེ། གཅིག་ནས་འགྲོ་བ་མིའི་བདེ་སྐྱིད་བསྐྲུན་རྒྱུའི་ཐད་ལ་མཐུན་རྐྱེན་སྒྲུབ་སྟེ། མིའི་བསམ་བློའི་དཔལ་ཡོན་ཡར་རྒྱས་གཏོང་ཆེད་ནུས་ཤུགས་ཚད་ངེས་ཅན་ཞིག་འདོན་ཐུབ་པར་ཡིད་ཆེས་བྱེད་ཀྱིན་ཡོད།  གཉིས་ནས་ཤེས་ཡོན་གྱིས་ངེས་པར་དུ་མི་ཞིག་གི་མི་ཚེའི་ནང་བཅངས་པའི་དམིགས་ཡུལ་དེ་ལུགས་མཐུན་ངང་མངོན་སུམ་དུ་བསྒྲུབ་ཆེད། སྐབས་ཐོག་ཏུ་ཡོད་བཞིན་པའི་སློབ་གསོ་སྤྲོད་སའི་ཁོར་ཡུག་དང་སློབ་གསོ་མཁོ་སྤྲོད་བྱེད་སའི་མཐུན་རྐྱེན་དེ་དག་མུ་མཐུད་དུ་ཡར་རྒྱས་དང་ཇེ་ལེགས་སུ་བཏང་སྟེ། གང་ཟག་སྒེར་གྱི་དམིགས་ཡུལ་དེ་དག་ལུགས་མཐུན་ངང་སྒྲུབ་ཐུབ་པའི་ཐད་ནུས་པ་ངེས་ཅན་ཞིག་ཐོན་ཐུབ་པའི་ནུས་ཤུགས་ཡོད། གཞན་ཡང་སློབ་གསོ་ཡིས་མིའི་རིག་རྩལ་ལའང་སྦྱོར་བརྡར་སྤྲད་དེ། བློ་རིག་གསལ་དུ་གཏོང་བ་དང་། ཤེས་རྟོགས་ཡར་རྒྱས་སུ་གཏོང་བ། དོན་ཐོག་འཁེལ་བའི་བསམ་གཞིགས་གཏོང་ཐུབ་པའི་ནུས་ཤུགས་ཀྱང་ཡོད།

       སྤྱིར་འགྲོ་བ་མིའི་བསམ་བློའི་འཆར་སྣང་སྟེ། ཕྲག་དོག་དང་ཕྱོགས་ཞེན། རིག་གཞུང་ག་གེ་མོ་ཞིག་དང་འཚར་ལོངས་བྱུང་སའི་ཁོར་ཡུག་ངེས་ཅན་ཞིག་གི་ཤུགས་རྐྱེན་སོགས་ཀྱིས་དབང་བསྒྱུར་བྱས་ཡོད་པས། བསམ་གཞིག་གཏིང་ཟབ་མོ་ཞིག་དང་སྒོས་སུ་འགྲོ་བ་མི་སྤྱི་ལ་ཕན་པའི་བསམ་བློ་ཕུགས་རྒྱང་རིང་བ་ཞིིག་གཏོང་ཐུབ་རྒྱུ་དེ་ལས་ཁག་པོ་ཞིག་ཡིན་སྟབས། ངས་སྐབས་རེར་སློབ་གསོ་ཡིས་ང་ཚོའི་དམིགས་ཡུལ་སྒྲུབ་ཐུབ་མིན་ཐད་ལའང་དོགས་འདྲི་བྱེད་ཀྱིན་ཡོད།  ང་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་ཅན་དང་མཁས་དབང་ཡིན་ཟེར་མཁན་མང་ཆེ་ཤོས་ཤིག་གིས་ཚན་རིག་དང་རིག་པའི་གཞུང་ལུགས་དང་མཐུན་པའི་བསམ་གཞིག་བྱེད་ཀྱིན་མེད་པར་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་དང་། ཚགས་པར་ཁག སློབ་གྲྭའི་འཛིན་ཁང་ནང་། གྲོས་མོལ་བྱེད་སའི་གླེང་སྟེགས་ཐོག ཐ་ན་ཆོས་བཤད་སའི་སྡིངས་ཆ་སོགས་ནས་ཀྱང་དངོས་ཡོད་གནས་ཚུལ་དང་ཕྱོགས་ཞེན་མེད་པའི་དྲང་བདེན་གྱི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱིན་མེད། དེར་བརྟེན་ངས་བསམས་ན། མི་ཞིག་རྨོངས་གཉིད་དང་དཀྲོག་གཏམ་གྱི་འདམ་གཞུང་ནས་སྐྱོབ་རྒྱུ་དེ་ནི་སློབ་གསོ་ཡི་དམིགས་ཡུལ་གཙོ་བོར་ཆགས་ཏེ། ངེས་པར་དུ་མི་ཞིག་གིས་གནད་དོན་ལ་དབྱེ་ཞིབ་ཞིབ་མོ་བྱེད་སྟངས་དང་། དངོས་མིན་ནས་དངོས་ཡོད་བཀར་སྟངས། རྫུན་ནས་དྲང་བདེན་དབྱེ་སྟངས། རྟོག་བཅོས་སོགས་ནས་དངོས་ཡོད་རྒྱུ་མཚན་ལེན་ཆེད་ནུས་པ་འདོན་དགོས་འདུག

       དེར་བརྟེན་སློབ་གསོ་ཡི་ལས་འགན་ནི། མིས་གནད་དོན་ལ་བསམ་ཞིབ་ནན་མོ་བྱེད་སྟངས་དང་དཀྲོག་གཏམ་ནས་དྲང་བདེན་དབྱེ་འབྱེད་བྱེད་སྟངས་བསླབ་རྒྱུ་དེ་ཡིན། འོན་ཀྱང་སློབ་གསོ་ཡིས་མིའི་རྣམ་དཔྱོད་ཀྱི་ནུས་ཤུགས་ལ་བཀག་འགོག་བྱས་པ་ཡིན་ན། དེ་ནི་སྤྱི་ཚོགས་ཀྱི་འཇིགས་སྐུལ་དྲག་པོ་དེ་ཡིན་ལ། དེ་ལས་འཇིགས་སུ་རུང་བ་དང་སྤྱི་ཚོགས་ཁྲོད་ཀྱི་ནག་ཉེས་ཆེ་ཤོས་དེ་ནི། མི་ཞིག་ལ་ཤེས་ཡོན་ཡོད་ཀྱང་ཚུལ་ཁྲིམས་མེད་པ་དེའོ།།

      ང་ལ་མཚོན་ན་འདས་གྲོངས་སུ་ཕྱིན་པའི་ཡུག་ལྗིན•ཀྲེལ་མའེ་རྗི་(Eugene Talmadge)ནི་འཇོར་ཇ་མངའ་སྡེ། ཐ་ན་ཨ་རིའི་རྒྱལ་ཡོངས་ནང་ནས་ཤེས་ཡོན་ཅན་ཞིག་ཡིན་པར་མ་ཟད། ཁོས་མཐོ་རིམ་སློབ་གྲྭ་དང་སློབ་གྲྭ་ཆེན་མོའི་ཆེ་མཐོང་ཚོགས་པའི་ལྡེ་མིག (Phi Beta Kappa) ཅིག་ཀྱང་བཏགས་འདུག སྤྱིར་ཁོང་གི་སློབ་སྦྱོང་དང་ཤེས་ཡོན་གྱི་ཚད་གཞི་ལ་གཞིགས་ན། ཁོང་ནི་བསམ་བློ་རྒྱ་ཆེན་པོ་དང་གཏིང་ཟབ་མོ་གཏོང་ཐུབ་མཁན་ཞིག་ཡིན་དགོས་མོད། འོན་ཀྱང་ཁོང་གིས་ང་(མི་རིགས་ནག་པོ)ནི་འགྲོ་བ་མི་རིགས་ཀྱི་ནང་ནས་མིའི་ཚད་རིམ་དམའ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པས། ང་ཚོས་མི་འདི་འདྲའི་རིགས་ལ་ཤེས་ཡོན་ཅན་ཞེས་ངོས་འཛིན་བྱེད་དགོས་སམ།

      སློབ་གསོ་གཅིག་པུས་འདང་གིན་མེད་པ་ང་ཚོས་ངེས་པར་དུ་ཤེས་དགོས། ལྷད་མེད་ཀྱི་སློབ་གསོའི་དམིགས་ཡུལ་ནི་སློབ་གསོ་དང་ཀུན་སྤྱོད་གཉིས་ལྡན་ཡོད་མཁན་ཞིག་ཏུ་ཆགས་རྒྱུ་དེ་ཡིན་ལ། དེ་འདྲའི་སློབ་གསོས་ང་ཚོ་ལ་སྐབས་བབས་ཀྱི་གནད་དོན་ཐོག་ལ་དོ་སྣང་སྤྲོད་དགོས་པའི་ནུས་པ་སྟེར་ཐུབ་པར་མ་ཟད། དོ་སྣང་སྤྲོད་དགོས་པའི་དམིགས་ཡུལ་ཀྱང་འགྲོ་བ་མི་རིགས་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་དང་རིན་ཐང་ཡོད་པ་ཞིག་ཡིན། དེར་བརྟེན་རྒྱ་ཆེ་བའི་སློབ་གསོས་མི་ལ་འགྲོ་བ་མི་རིགས་ཡོངས་ལ་གོ་རྟོགས་རིམ་བཞིན་ཁྱབ་སྤེལ་གཏོང་བར་མ་ཟད། ད་དུང་མི་རིགས་གཞན་གྱི་སྤྱི་ཚོགས་ཀྱི་འཚོ་བའི་ཉམས་མྱོང་ཐོག་ལའང་གོ་རྟོགས་སྤྲོད་ཐུབ།

      གལ་སྲིད་ང་ཚོས་གཟབ་ནན་མ་བྱས་ཚེ། ང་ཚོའི་སློབ་གྲྭ་ཆེན་མོ་ནས་སྐྱེད་བསྲིང་བྱས་པའི་སློབ་མ་དག་ནི། བསམ་བློ་གུ་དོག་ཅིང་རིག་པའི་གཞུང་ལུགས་དང་འགལ་ཏེ། མ་རབས་ཀྱི་ཀུན་སྤྱོད་དང་གཡོ་སྒྱུ་ལྡན་པའི་དཀྲོག་གཏམ་སྤེལ་མཁན་ཞིག་ཏུ་ཆགས་སྲིད་པས། འགྲོ་བ་མི་རིགས་ཚོ། གཟབ་གཟབ་བྱོས། དགེ་རྒན་ཚོ་གཟབ་གཟབ་གནོངས།

 

མར་ཁྲིནལུའུ་ཐུརཁིན(Martin Luther King)གྱིས་སྤྱི་ལོ་༡༩༤༧ ལོར་གསུངས། མ་ཡིག་དངོས་ལ་གཟིགས་ན་གཤམ་དུ་དྲ་འབྲེལ་བྱོས།
https://www.drmartinlutherkingjr.com/thepurposeofeducation.htm