འབྲུག་པའི་རྫོང་ཁ་རུ་སྐད་ཆ་ཚན་པ་གཅིག་གི་ནང་དུ་འདྲ་བའི་བྱ་ཚིག་གཉིས་མཉམ་དུ་སྦྱོར་སྲོལ་ཡོད་ཅིང་། དཔེར་ན། ང་ཡིས་ཁྱེད་ལ་བཤད་པ་ཡིན་ཞེས་པར། ང་གི་ཁྱེད་ལུ་ལབ་ལབ་པ་ཨིན་ཞེས་ཟེར་ལ། ཁྱེད་ཀྱི་གམ་དུ་བཏང་པ་ཡིན་ཞེས་པར།ཁྱེད་སྦེ་ས་བཏང་བཏང་པ་ཨིན་ཞེས་དང་། ང་ལ་གནངས་པ་ཡིན་ཞེས་པར་ང་ལུ་སྦྱིན་སྦྱིན་པ་ཨིན་ཞེས་དང་། ཐག་པ་འཐེན་ཞེས་པར་ཐག་པ་འཐེན་འཐེན་པ་ཞེས་སོགས་སུ་བརྗོད་པ་ཡིན་ཅིང་། དོན་དུ་འདི་ཉིད་བརྡ་རྙིང་གི་ཁྱད་ཆོས་དང་ཡོངས་སུ་མཐུན་པ་ཞིག་ཡིན་ཏེ། ལུང་དང་སྦྱར་ཏེ་ཅུང་ཞིག་གླེང་བར་བྱས་ན།

ཞོལ་རྡོ་རིང་བྱང་ངོས་ཀྱི་ཡི་གེ་ལས” དཀུ་རྒྱལ་གྱི་ཡི་གེའ་ལག་ན་འཆང་འཆང་བ་ཞིག་རབས་ཆད་དམ་བཀྱོན་བབ་ན་ཡང་། དངུལ་གྱི་ཡི་གེ་བླར་མ་བཞེས་པར་ཞེས་ཡི་གེ་ལག་ན་འཆང་ཞེས་མ་བྱུང་བར་ལག་ན་འཆང་འཆང་ཞེས་བྲིས་ཡོད་པ་འདི་ལགས་ཤིང་།

ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་རིང་ལས་ཀྱང་” ཉ་གྲི་བཙན་པོ་མྱི་ཡུལ་གྱྀ་རྗེར། ལྷ་རྀ་གྱང་དོར་གཤེགས་པ་ཚུན་ཆད། དྲྀ་གུམ་བཙན་པོ་ཕན་ཆད། གདུང་རབས་བདུན་གྱྀ་བར་དུ། ཕྱིང་བ་སྟག་རྩེ་ན་བཞུགས་བཞུགས་ཞེས་ཕྱིང་བ་སྟག་རྩེ་ན་བཞུགས་ཞེས་མ་བྱུང་བར་ཕྱིང་བ་སྟག་རྩེ་ན་བཞུགས་བཞུགས་ཞེས་སོགས་བྱུང་ངོ་། དེས་ན་དེ་ཡང་བཙན་པོའི་སྐབས་ནས་ཡོད་པའི་བོད་སྐད་ཀྱི་ཁྱད་ཆོས་ཤིག་ཏུ་བསམ་པར་བྱ་འོ།

གཞན།མདོ་མཛངས་བླུན་དུ་ཡང་ཅུང་ཟད་ཅིག་ངལ་གསོ་བའི་བར་དུ་སྲས་གསུམ་པོ་ཚལ་གྱི་ནང་དུ་དོང་དོང་བ་ལས་ཞེས་དང་། མི་ལ་རས་པའི་རྣམ་མགུར་དུ་ཡང་། བླ་མའི་བཀའ་ཤོག་ལྟར་བྱས་པའི་ཡི་གེ་ཡུམ་གྱིས་སྔར་ནས་མཛད་མཛད་པ་ཞིག་འདུག་པ་དེ་ལ་ཕྱག་རྟགས་སྐྱོན་རྒྱ་བྱས་ཏེ་ཞེས་ཡུམ་གྱི་སྔར་ནས་མཛད་པ་ཞེས་མ་བྱུང་བར་མཛད་མཛད་པ་ཞེས་འབྱུང་ཞིང་། ཡང་དེ་རུ། ཞབས་ནས་བཟུང་བཟུང་བ་དེ་ནི་གཟུགས་མེད་པའི་སྐད་གཅིག་གིས་ལན་འདི་སྐད་བཏབ་བོ་ཞེས་ཞབས་ནས་བཟུང་བ་ཞེས་མ་བྲིས་པར་ཞབས་ནས་བཟུང་བཟུང་བ་ཞེས་བྲིས་འདུག་པ་འདི་ལས། འབྲུག་པའི་རྫོང་ཁ་རུ་བྱ་ཚིག་གཅིག་འདྲ་ཟུང་རེ་མཉམ་དུ་སྤྱོད་སྲོལ་ཡོད་པ་དེ་ཡང་བོད་སྐད་ཀྱི་ཁྱད་ཆོས་དང་ཡོངས་སུ་མཐུན་པ་ཞིག་ཡིན་པར་མནོ་འོ།

རྩེ་ཆུ་གདུགས་དཀར་སྐྱབས་ཀྱིས།
༢༠༡༧ལོའི་ཟླ་༦་པའི་ཚེས་༡༦་ཉིན་བྲིས།