ད་རེས་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར་<<དད་པའི་ལོ་ཐོག་རྒྱས་བྱེད་དངོས་གྲུབ་ཀྱི་ཆར་འབེབས>> ཞེས་པའི་གནའ་དཔེ་དེ་ལ་ཚར་གཅིག་བལྟས་གྲུབ་ཅིང་། བལྟས་རྗེས་བདག་ལ་ཆེད་དུ་བརྗོད་པར་བྱ་བ་འདི་ཡོད་དེ།

རྣམ་ཐར་དེ་ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་”གངས་ཅན་གཙུག་ལག་ཕྲེང་བ་”ཞེས་པའི་དེབ་ཕྲེང་དེའི་ཁོངས་སུ་གཏོགས་ཤིང་། ད་ཕན་ཁོ་བོས་དེབ་འདི་བརྩིས་པའི་དེབ་ཕྲེང་དེའི་ཁོངས་དེབ་གསུམ་བཞི་ཙམ་ལ་བལྟས་མྱོང་ཞིང་། དེབ་དེ་དག་གི་རྒྱུ་སྤུས་སོགས་ནི་དེབ་གཞན་ལས་ཏོག་ཏུ་ཐོན་པ་ཞིག་ནི་ཡེ་མིན་མོད། ཕྱིའི་རྣམ་པ་མཛེས་ཤིང་སྲབ་པས། ལྟ་འདོད་ཀྱི་ཡིད་མི་གཞོམ་པ་ཞིག་ལགས་པ་ནི་དེབ་ཕྲེང་འདིའི་ཁྱད་ཆོས་ཡིན་ནམ་བསམ། ཡིན་ཡང་པར་ལ་ཡང་ཡི་གེ་ཆད་པ་དང་ལྷག་མ་འདུག་པ། ཤོག་ངོས་ལ་བཟླས་སྐྱོན་ཡོད་པ་སོགས་ཀྱི་གནད་དོན་རེ་འདུག་མོད། དེ་ཉིད་དོན་ཕྲན་བུའི་རིས་སུ་འདུག་པས། དེ་དག་བསྐྱུར་ཏེ་ཆེད་དུ་བརྗོད་པའི་སྟེང་དུ་བབས་ན།

དེབ་འདིའི་རྩོམ་སྒྲིག་པས་རྣམ་ཐར་འདི་ཉིད་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ལམ་འཇིགས་མེད་གྲགས་པ་མཆོག་གིས་མཛད་པར་རློམ་སྟེ་ཚུལ་དེ་ལྟར་བྲིས་འདུག་མོད། དེ་ནི་ཅུང་ཟད་འཁྲུལ་བའི་སྐྱོན་དུ་འདུག་སྟེ། རྣམ་ཐར་གྱི་ཤོག་ངོས། ༥༠བར། དེའི་དོན་མཁས་གྲུབ་ཆེན་པོ་འཇིགས་མེད་གྲགས་པས། སྐྱེ་དགུ་མཛེས་པར་བྱེད་པའི་མགུལ་རྒྱན་དུ། ཕན་བདེ་མ་ལུས་ཀུན་གྱི་འབྱུང་གནས་ནི་ཞེས་སོགས་འབྱུང་ཞིང་།

ཡང་ངོས། ༢༡༡པར། བོ་དོང་ཆོས་རྗེ་ཕྱོགས་ལས་པར་རྒྱལ་བའི་ཞལ་སྔ་ནས་འདིར་ཕེབས། དགུན་ཆོས་ཐོག་ཏུ་སྤྱོད་འཇུག་གསུངས། ཞེས་དང་།ཡང་ངོས་དེའི་ཞོལ་དུ། དེ་དང་ཉེ་བའི་ཕུན་ཚོགས་བཅོ་བརྒྱད་གྱི་ཚུལ་གྱི་<<སྐྱེ་དགུ་མཛེས་པར་བྱེད་པའི་མགུལ་རྒྱན>>ཞེས་བྱ་བ། ཆོས་ཀྱི་རྒྱལ་པོའི་རྣམ་ཐར་མདོར་བསྡུས་པ་འདིའི་བརྩམ་པ་མཐར་ཕྱིན་པར་མཛད་པར་གདའ། ཞེས་འབྱུང་བའི་ལུང་སྔ་ཕྱི་གཉིས་ལ་བསམ་ན། བོ་དོང་པཎ་ཆེན་རང་ནས་ཀྱང་ཆོས་རྒྱལ་གྱི་རྣམ་ཐར་མདོ་བསྡུས་ཤིག་མཛད་ཡོད་པ་གསལ་མོད། རྣམ་ཐར་དེ་ཉིད་ཀྱི་མཚན་སོགས་ནི་<<དད་པའི་ལོ་ཐོག་རྒྱས་བྱེད་>>མིན་པར་<<སྐྱེ་དགུ་མཛེས་པར་བྱེད་པའི་མགུལ་རྒྱན>>ཞེས་འབྱུང་བ་དང་། མཁས་གྲུབ་ཆེན་པོ་འཇིགས་མེད་གྲགས་པ་ཞེས་གུས་ཚིག་སྦྱོར་སྲོལ། ལུང་འདྲེན་སྟངས། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། རྣམ་ཐར་རང་གི་མཇུག་སྟེ།ངོས། ༢༩༩བར། “ཉེ་བའི་ཕུན་སུམ་ཚོགས་པ་བཅོ་བརྒྱད་ཀྱི་ཚུལ་གྱི་རྣམ་པར་ཐར་བ་རིན་པོ་ཆེའི་འཕྲེང་བ་སྐྱེ་དགུ་མཛེས་པར་བྱེད་པའི་མགུལ་རྒྱན་ཞེས་བྱ་བ། ཆོས་ཀྱི་རྒྱལ་པོ་ཆེན་པོ་དེའི་དཔྱོད་རླབས་སྣ་རེ་ཙམ་ལ་འང་ངོ་མཚར་བསམ་གྱིས་མི་ཁྱབ་པའི་སྣང་བ་ཐོབ་ནས། ཤཱཀྱའི་དགེ་སློང་མང་དུ་ཐོས་པ་འཇིགས་མེད་གྲགས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཆེད་དུ་བརྗོད་པ་མཛད་པ་སོར་བཞག་ལ་བཀོད། གཞན་ཡང་སྐུ་ཆེ་བའི་ཡོན་ཏན་བརྗོད་པའི་སྐབས་སྔོན་གྱི་ཡིག་ཚངས་ཁུངས་བཙུན་པ་རྟོགས་པ་དང་བློ་གྲོས་ཀྱི་སྣང་བ་ཐོབ་པ་རྣམས་ཀྱི་མཛད་པ་གཞིར་བྱས་ཤིང་། བར་དུ་དོན་གཉིས་བྱ་བ་མཐར་ཕྱིན་པ་མཛད་པའི་ཚུལ་རྣམས་གཙུག་ལག་ཁང་ཆེན་མོ་དང་། ཐུགས་དམ་མཐོང་གྲོལ་ཆེན་མོའི་དཀར་ཆག་གཙོ་བྱས། དེར་མ་ཆུད་པ་ཅུང་ཟད་ནོར་འཁྲུལ་བྱུང་བ་རྣམས་སྔོན་གྱི་གྱིམ་ཚེ་ཡིད་བརྟན་དུ་རུང་བ་རྣམས་ལ་ལེགས་པར་བརྟགས་ཤིང་དཔྱད་ནས་འཐད་ལྡན་དུ་བསྒྲིགས་”ཞེས་གསལ་བོར་འབྱུང་བ་ལས། འདི་ཉིད་བོ་དོང་པཎ་ཆེན་གྱིས་མཛད་པ་ཞིག་མིན་པར་ཡུ་བུ་ཅག་གིས་ཚིག་ཐག་བཅད་དེ་སྨྲས་ཆོག་པ་ཞིག་ཏུ་འདུག དེ་ལྟ་མོད། གནའ་དཔེ་འདི་འདྲའི་རིན་ཐང་ཅན་དག་གི་རྩོམ་སྒྲིག་པ་ཁོང་ཅག་ནི་ཤེས་ཡོན་དང་ལོ་ཚོད་སོགས་གང་གི་ཐད་ནས་ཀྱང་ཅུང་ཟད་གཞན་ལས་ཏོག་ཏུ་ཐོན་པ་སྨྲས་མེད་ལགས་པས། འདིར་ཁོ་བོ་ལྟ་བུ་ལོ་ཚོད་དང་ཐོས་པ་སོགས་གང་གི་ཐད་ནས་ཆུང་ངུར་འདུག་པ་ཞིག་གིས་ཁོང་ཅག་ལྟ་བུས་མཛད་པའི་གཞན་ཕན་གྱི་ལས་ལ་སྐྱོན་འདི་ལྟ་བུ་འདུག་གོ་སོགས་བརྗོད་པ་ནི་འོས་མིན་པ་ལྟ་བུ་ཞིག་ཏུ་འདུག་མོད། ངས་ནི་གཞན་ལ་གང་བྱུང་དུ་ཁ་ཟེར་བ་ལྟ་བུ་མིན་པར། གནས་ཚུལ་དངོས་དྲང་བོར་བརྗོད་པ་ལགས་སོ།

རྩེ་ཆུ་གདུགས་དཀར་སྐྱབས་ཀྱིས།
༢༠༡༦•༣•༠༤ཉིན་བྲིས་སོ།