ལྷ་སའི་མེ་ཏོག་ལྡུམ་རའི་མན་ཆོད་ན་གོ་འཇོའི་ཨ་མཆོད་ཀྱི་སྐུ་ཡོན་ལ་སྐད་གྲགས་ཡོད་རེད། ལོས་ཡིན། གོ་འཇོ་རུ་བས་“འབྲུ་རེ་ལ་མིང་རེ་བཏགས། ཕྲེང་རེ་ལ་མགོ་རེ་གཡུགས”❶ཏེ་བཀའ་འགྱུར་པོད་ཆེན་གཉིས་རེ་ཉིན་རེར་བཀླགས་ཀྱི་ཡོད་ལ། གཟུངས་བསྡུས་ཨེ་ཝཾ་གཉིས་རེ་ཉིན་རེར་བརྒྱབ་ཀྱི་ཡོད། མ་ཟད་བཀའ་ཐང་དག་ཚར་ལྔ་རེ་ཡང་དགུན་ཉི་རེ་ལ་བཏོན་འགྲོ། ད་ཚོད་ཁྱོད་ཀྱིས་ཁ་བྲག་ཕུག་ཙམ་ཞིག་གདངས་ནས་ཡོད་སེམས་ཐག་ཡིན། ཁག་མེད། ཧ་ལས་དགོས་ས་རེད་མོད།

འོན་ཏེ། ཁོ་ཚོས་བོད་ཡིག་མི་ཤེས། ཁོ་ཚོ་ནི་ཡིག་རྨོངས་བ་ཤ་སྟག་ཡིན། ཁོ་ཚོས་ཐ་ན་རང་གི་སྐྱེས་མིང་འབྲུ་བཞི་མ་དེའི་ནང་དོན་ཙམ་ཡང་མི་གོ་ལ་འབྲི་ཡང་མི་ཤེས། ངས་བསྙོན་འཛུགས་པ་གཏན་ནས་མིན། སྔོན་ཆད་གོ་འཇོ་རུ་བའི་གྲྭ་པ་ཞིག་གིས་རང་མིང་འགྲེལ་ནས་གད་མོ་སློང་རབ་ཡོད་རེད་ལ། ངའི་ཆོས་གྲོགས་ཤིག་གིས་ཀྱང་རང་མིང་འབྲི་མ་ཤེས་ནས་སྤྱི་བདེ་མི་སྣ་ཞིག་གིས་ང་ཚོར་ཁ་ཏ་སློོབ་གསོ་ཡང་བཏང་མྱོང་། ད་བདེན་རྟོག་ཨེ་ཐལ། ད་དུང་ཡིད་མ་ཆེས་ན་གོ་འཇོ་རུ་བར་རྒྱུགས་ཤིག་ལེན་དུ་ཨེ་འགྲོ། རུས་དྲུད་སེམས་ཐག་མིན་རེ།

དེ་ཡང་མེ་ལེན་རྩ་བ་ཤིང་དང་། ཆུ་ལེན་རྩ་བ་ཆབ་ལ་ཐུག་ས་དེ་གོ་འཇོའི་དགོན་སྡེ་དག་གི་ཡིག་གྲྭ་གཉེར་སྟངས་ཀྱིས་གོ་འཇོ་རུ་བའི་གྲྭ་པ་དག་གིས་བོད་ཡིག་མི་ཤེས་པའི་གནམ་རྒན་འདི་རྡིབ་དགོས་ཐུག་པ་རེད། ཁོ་ཚོས་གྲྭ་ཆུང་དག་ལ་བོད་ཡིག་སློབ་སྟངས་དེ་སྐུ་དྲག་ཚོས་ནེ་ཙོ་གཉོར་སྟངས་དང་གཅིག་པ་གཅིག་རྐྱང་ཡིན། “ཀ་གྱིས། ཁ་གྱིས། ག་གྱིས། འོ་ཡ་ད། སུ་མགྱོགས་ན་དེ་ཨང་དང་པོ་ཡིན”ཞེས་ལག་ཏུ་རྟ་ལྕག་ཅིག་བཟུང་ནས་དེད་རྐྱང་བྱེད་པ་ལས། ཀ་ཡི་དོན་ཅི་ཡིན། ཁ་ཇི་ལྟར་བཀོལ། ག་གང་ལྟར་སྡེབ་སོགས་གཏན་ནས་མི་ཁྲིད།

དེ་ལྟར་གྲྭ་ཕྲུག་ཚོས་ལོ་ངོ་དྲུག་བདུན་བརྒྱད་དགུ། ཐ་ན་མཐའ་མེད་པའི་❷བར་དུ་འཕོང་ཤ་མ་ཟད་ཀྱི་བར་དུ་ལྕག་ཚན་ཉོས་ཉོས་ནས། ཞི་ཁྲོ། ཕུར་པ། ཚེ་ཆོག བཀའ་ཐང་། དུས་འཁོར་སོགས་ལ་ཁ་བྱང་བཏང་བཏང་རྗེས་ད་གཟོད་“སྐུ་ཡོན་ལ་སྐད་གྲགས་ཡོད་པའི་ཡིག་རྨོངས་པ”ཞིག་གི་གོ་འཕང་ཐོབ་སོང་བ་རེད། ཅི་འདྲ་གི གྲུབ་འབྲས་ཆེན་པོ་ཐོབ་སོང་ཟིག་ཨེ་སྙམ་གི ཀུ་རེ་ཡིན། ད་ལྟ་ཁྱོད་ལ་ཤས་མི་བཟོད་པའི་ཕངས་སེམས་སྐྱེ་བཞིན་ཡོད་ཁོ་ཐག་ཡིན། དེས་ན། “བྱིས་པ་ནི་མ་འོངས་པའི་རེ་བ་ཡིན”ཞེས་པའི་འཛམ་བུ་གླིང་གི་སྤྱི་སྐད་འདི་གོ་འཇོ་རུ་བའི་དགོན་པ་དག་ལ་མཚོན་ན་ཟུར་ཟ་དང་འཕྱ་སྨོད་ཀྱི་སྟིང་ཚིག་ཅིག་ལས་གང་ཡང་མ་ཡིན།

ངས་འདི་ལྟར་ཤོད་དུས། གོ་འཇོ་རུ་བའི་“མཁས་པ”དག་གིས་ཞལ་རས་རྫ་རི་སྨུག་པོ་ལ་ཆར་སྤྲིན་འཁྲིགས་པ་ནང་བཞིན་གནང་སྟེ། “ཡ། ཤོག་དང་བོད་ཡིག་ཤེས་ས་ཨེ་འདུག་བལྟ་ཆོག དུས་འཁོར་མཉམ་འདོན་བྱེད་དམ་ཤྲཱི་དྲི་མེད་མཉམ་འདོན་བྱེད་ཅེས”གསུང་རྒྱུ་རེད། གང་ན་གང་ན། ངས་ནི་ཚོད་ལྟ་ཙམ་ཡང་མི་ཕོད། ཡིན་ཡང་ངས་མུ་མཐུད་དེ་ཁོང་ཚོས་བོད་ཡིག་མི་ཤེས་པའི་ལུང་དང་རིགས་པ་ཆར་འབེབས་འབེབས་བྱེད་རྒྱུ་ཡིན།

འདི་ལྟར། ཁོང་ཚོས་བོད་ཡིག་མི་ཤེས་ཏེ། ཐ་ན་བོད་ཡིག་གི་ལེགས་བཤད་ཚིག་བཞི་གཅིག་ཙམ་གྱི་ནང་དོན་ཡང་མི་གོ་བའི་ཕྱིར། ཐ་ན་བོད་ཡིག་གི་འཕྲིན་ཡིག་ཚད་ལྡན་ཙམ་ཞིག་ཀྱང་འབྲི་མི་ཤེས་པའི་ཕྱིར་ལ་སོགས་པའོ།། མ་ཉེས་ཁ་ཡོག་རེད་ཅེས་དཔུང་པ་འཕུར་སྲིད་མོད། ཉེས་འཛུགས་བྱས་པ་གཏན་ནས་མིན། སྔོན་ཆད་གོ་འཇོ་རུ་བའི་གྲྭ་པ་ཞིག་གིས། “གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན།།” ཞེས་པའི་ཆགས་མེད་བདེ་སྨོན་གྱི་ཚིག་དེ་འགྲེལ་ནས་སྐད་གྲགས་བཞག་མྱོང་བ་མིན་ནམ།

ཤ་ཚ་བའི་གཏམ་ལ་སྙན་མོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། འཇིག་རྟེན་གནའ་མིའི་གཏམ་དཔེ་རེད། ཁ་ཡག་དང་ངོས་དགའ། ཡར་བྱུག་❸དང་སྤྲེལ་ལད་ཁོ་ནའི་སྨུག་པ་རབ་ཏུ་འཐིབས་པའི་ལྡིང་ཁང་དུ་སྣང་བ་སྦྲིད་འཐོམ་མེར་དུད་ནག་བཞེས་པའི་གླུ་མ་ནང་བཞིན་བཞུགས་པའི་གོ་འཇོ་རུ་བའི་སྐྱབས་གནས། བླ་མ། སྤྲུལ་སྐུ། མཁན་པོ། དགེ་བསྐོས། གཉེར་པ་རྣམ་པས་ཀྱང་དེ་རིང་ཅུང་ཟད་བཟོད་བསྲན་གནང་ནས་གསན་ཤོག་ཨ་མ་གཏོགས་ངས་དྲང་གཏམ་ལབ་རྒྱུ་ཡིན།

དགོན་སྡེ་བྱ་སྐྱག་ཙམ་རེ་སྨར་ཆུའི་ཕུ་མདའ་གཉིས་ལ་སྤྲང་པོའི་ལྟག་ཁུང་ལ་སྲོ་མ་ཇི་བཞིན་འཚང་ཐུབ་སོང་བ་ཙམ་གྱིས། བསྟན་པ་བསྐྱངས་བཞག་པ་མིན་ལ། འགྲོ་དོན་འགྲུབ་སོང་བ་ནི་དེ་བས་ཀྱང་མིན། བློ་ལུས་ངག་ཡིད་གསུམ་མདུན་དུ་ཕུལ་ནས། ཚེ་འདི་ཕྱི་གཉིས་ཀའི་མདུན་ལམ་ལ་ཁྱེད་དགོངས་ཞེས་བློ་གཏད་ལིང་བསྐྱུར་གྱིས་བྱིས་པ་མེ་ཏོག་འདྲ་བ་རྐྱང་རྐྱང་དགོན་པར་བསྐྱལ་ཡོང་དུས། འགན་ཞིག་ཁུར་དགོས་རྒྱུ་མ་རེད་དམ། ཤ་སྐལ་གྲོ་ལོག་ཙམ་ཞིག་གི་ལོན་ཐབས་རེ་དང་། སྔགས་ཆོག་བོན་གྱེར་ཙམ་ཞིག་གི་ཤེས་ཐབས་རེ་བསླབས་ཏེ། དལ་འབྱོར་གྱི་མི་ཚེ་དོན་ལྡན་དུ་བཏང་བཞག་ཡོད་གསུང་དགོས་ན། ཤ་ཚ་མོ་ཁྱིམ་བདག་རྨོངས་དད་ཅན་དག་གིས་ནི་“ལེགས་སོ་ལེགས་སོ།། དེ་དེ་བཞིན་ནོ་དེ་དེ་བཞིན་ནོ”ཞེས་དགའ་མགུ་ཡི་རང་འགྲོ་རྒྱུ་ཐག་ཆོད་རེད་མོད། ཁ་ཚུར་སྐོར་དུས་རང་སེམས་ལ་ངོ་ཚ་མི་ཡོང་ངམ། རེ་བ་དང་རྨི་ལམ་གྱིས་ཁེངས་པའི་བྱིས་དུས་གསེར་ནག་འདྲ་བ་འཕྲོ་བརླག་ཏུ་བཏང་བར་ངོ་གནོང་མི་ཡོང་ངམ། བོད་ཀྱི་བརྡ་དང་ཡི་གེས་སྲོག་ཤིང་བྱས་པའི་བསྟན་པ་ཉམ་ཆུང་འདི་ལ་ཤ་ཚ་མི་ཡོང་ངམ།

ཡ་རེད། ད་དེ་ཙམ་བྱེད། དེ་རིང་ངས་ཧ་ཅང་གོ་བདེ་བའི་བརྗོད་བྱ་དང་རྗོད་བྱེད་དག་བཀོལ་ཏེ། ཕ་ཡུལ་གྱི་གྲྭ་ཆུང་ཚོའི་ཀློག་སློབ་སྟངས་གཅིག་པུའི་ཐད་ནས་ལེ་བདའ་སྙིང་ཚིམ་པ་ཞིག་བྱེད་འདོད་པ་ཙམ་ཡིན།

མདོར་ན་གོ་འཇོ་རུ་བའི་དགོན་པ་དག་གི་དེ་སྔའི་ཡི་གེ་སློབ་སྟངས་དེས་ཡི་གེ་ཤེས་ཞེས་པ་དེ་ནི། ནེ་ཙོ་དང་། སྒྲ་ཕབ། ཀློག་སྨྱུག ཡིག་འབྲུ་ངོས་འཛིན་གྱི་འཕྲུལ་ཆས་དག་གིས་“ཡི་གེ་ཤེས”སྟངས་དེ་ཙམ་རེད། དེ་ཙམ་གྱིས་ནི་བོད་ཡིག་ཤེས་པའི་གོ་གང་ཡང་ཆོད་མེད་དེ། བོད་ཡིག་གི་བརྗོད་བྱའི་དོན་རྟོགས་པར་ཕན་གང་ཡང་ཐོགས་མེད་པའི་ཕྱིར། འདི་ལྟའི་རྨང་གཞིའི་མིང་དང་ཚིག་གི་གོ་དོན་ཙམ་ཡང་མི་ཤེས་པའི་བྱིས་པ་འདི་དག་ལ་བརྒྱ་ལམ་གལ་ཏེ་མ་འོངས་པར་དཔེ་ཆ་སློབ་གཉེར་གྱི་གོ་སྐབས་དང་སྐལ་བ་ཞིག་ལྡན་པའི་དབང་དུ་བཏང་རུང་། གོ་རིག་གང་གི་ཆ་ནས་རྗེས་ལུས་ཀྱི་ཞན་ཆ་དཔེ་མེད་རེས་མནར་གཅོད་ཚོད་མེད་དུ་གཏང་ངེས་ཡིན།

ཁ་ནས་ཅི་འགྲོལ་དམ་ཆོས་དང་། ལག་གིས་ཅི་ཐོན་མཛད་བཟང་དུ་བརྩི་ཞིང་། སྙན་ལ་སྤྲེལ་ལད་མིན་ན་འགྲོ་ས་མེད་པའི་ཁོང་རྣམ་པ་ལ་འདི་ལྟའི་གདོང་ལ་མཛུབ་མོ་ཀེར་ནས་ནོར་འཁྲུལ་ཐེར་འདོན་བྱེད་དུས། ཧ་ཅང་མ་རང་བའི་སྣ་ཤུ་དྲག་པོ་དང་བཅས་མགོ་བོ་འཕྲེད་ལ་གཡུག་བཞིན། དེས་ན་ཁྱོད་རང་སྐྱོན་ཀུན་ཟད་ཅིག་ཡིན་ས་རེད་བ། ཞི་ཁྲོ་འདོན་ན་ཕན་ཡོན་གང་ཡང་ཡོད་ས་མ་རེད་བ། བླ་མ་གོང་མ་ཚོས་ཅི་ཡང་མི་ཤེས་ཡིན་ས་རེད་བ་སོགས་ཀྱི་ལྡོག་འདྲི་ལུང་པ་གང་གིས་ཐུགས་དབུས་སུ་འཚང་ག་རྒྱག་གིན་ཡོད་པའང་ཤེས་ཀྱི་ཡོད་མོད། ཁོ་བོས་ནི་གྲྭ་པ་ཉམ་ཆུང་ཚོའི་ཆེད་དུ། བྱིས་པ་སྣབ་ལུག་ཚོའི་དོན་དུ། བདེན་པ་ཆུང་ཆུང་འདིའི་ཕྱིར་དུ། དེ་ཚོའི་རིགས་དེ་སྣང་མེད་དུ་བསྐྱུར་རྒྱུའི་སེམས་ཐག་བཅད་ཟིན་པས་རང་གིས་རང་ཉིད་ངལ་བར་མ་བྱེད་ཅིག །
མཇུག་མཐར། གོ་འཇོ་རུ་བའི་དགོན་སྡེའི་ཡིག་གྲྭ་དག་ལ་སླར་ཡང་“རིག་གནས་གསར་བརྗེ”འི་ཡོ་ལང་ཞིག་འབྱུང་བར་ཤོག་ཅིག་ཅེས་སེམས་བསམ་པའི་གཏིང་ནས་སྨོན་ལམ་འདེབས་པའོ།། །།

_______བསོད་སྟོབས་ཀྱིས།

 

❶ གོ་འཇོའི་ཤོད་སྲོལ་ཞིག་སྟེ། གསུང་རབ་ཧ་ཅང་དག་པར་ཀློག་པའི་དོན།
❷ གྲྭ་པ་འགའ་རེས་མི་ཚེ་ཧྲིལ་པོར་དེ་ལྟར་ཀློག་མགྱོགས་པོའི་ཆེད་དུ་འབད་ཀྱང་མཐར་རེ་བ་འབྲས་མེད་ཀྱིས་ཕྱིན་པའང་ཡོད།
❸ གོ་འཇོའི་ཡུལ་སྐད་དེ། ངོ་བསྟོད་ཀྱིས་སྤྲེལ་ལད་འཁྲབ་པའི་དོན།