གོ་འཇོ་རུ་བའི་ལོ་སར་ཟས་སྣའི་བརྒྱ་ཆ་བདུན་ཅུ་ཙམ་ཞིག་གྲོ་ཡི་ཁ་ཟས་ཤ་སྟག་ཡིན། དཔེར་ན། གྲོ་བཅུས་དང་། གྲོ་ཧྲུག གྲོ་སྤོབ། གྲོ་བསྲེགས་ལ་སོགས་པའོ།། མ་ཟད་ཤོད་སྲོལ་ལ་“ཁ་དྲོ་ས་གྲོ་དང་གྲོ་མ”ཞེས་བཀྲ་ཤིས་པའི་མཚན་མ་རུའང་བརྩི། དེར་བརྟེན། གོ་འཇོ་རུ་བ་གྲོ་ཞིབ་ལ་རབ་ཏུ་དགའ། ཁོ་ཚོ་གྲོ་ཞིབ་ལ་ཤིན་ཏུ་དགའ་བས། སོ་སོའི་སྐད་ཡིག་དང་ཡུལ་སྲོལ། འདུ་ཤེས་དང་གཤིས་ཀ། ཐ་ན་ཕྲུ་གུའི་མདུན་ལམ་དང་བཅས་པ་ཁྱེར་ནས་གྲོ་ཞིབ་དང་བརྗེ་བར་བྱེད།

དེང་སང་གོ་འཇོ་རུ་བར་ཕྲུ་གུ་སློབ་གྲྭར་སྐྱེལ་བའི་འདུན་པ་དང་མོས་པ་ཧ་ཅང་ཆེ། ཐ་ན་གོག་མ་གོམ་གྱིས་འཆོར་བའི་ཕྲུ་གུ་དག་ཀྱང་སློབ་གྲྭར་བསྐྱལ། ལོས་ཡིན། ཕྲུ་གུ་སློབ་གྲྭར་བསྐྱལ་བས་སྲིད་གཞུང་གིས་ཚྭ་དང་གྲོ་ཞིབ་སྦྱིན་གྱི་ཡོད་པས་རེད།

ངས་བསྙོན་བཙུགས་པ་ཁྱོན་ནས་མིན། གོ་འཇོ་རུ་བའི་ཁྱིམ་བདག་དག་ལ་ནི་ཕྲུ་གུ་བསྐྱེད་པའི་ཁོམ་པ་དང་སྤྲོ་བ་ཡོད་པ་ཙམ་ལས་བྱིས་པ་གཉོར་བའི་འདུ་ཤེས་དང་མོས་པ་གཏན་ནས་མེད། ཁོ་ཚོས་གཅིག་སྐྱེས་ན་གཅིག་དང་། གཉིས་སྐྱེས་ན་གཉིས་བྱས་ནས་སློབ་གྲྭར་བསྐྱལ། དེ་ལྟར་ཁོ་ཚོས་ཕྲུ་གུའི་ཕྱི་དབྱིབས་ཙམ་བསྐྲུན་ཟིན་མ་ཐག་“ཀླད་ཀོར་འཛིན་གྲྭར”❶བསྐྱལ་རྗེས་ཕྲུ་གུར་གཟུངས་གཞུག་འབུལ་རྒྱུའི་ལས་འགན་ཆ་ཚང་། ཀླད་པར་ཁྲུས་ཆོག་ཚད་ལྡན་རེ་སྔོན་དུ་སོང་ཟིན་པའི་“དགེ་རྒན”ཞིག་གི་ལག་ཏུ་བློ་གཏད་ལིང་བསྐྱུར་གྱིས་བཞག་པར་བྱེད།

དེ་ཡང་“ཀྲུང་གོའི་རྨི་ལམ”གྱི་ཆེད་དུ། “འབྱོར་འབྲིང་སྤྱི་ཚོགས”ཀྱི་དོན་དུ། དེང་སང་གྲོང་གསེབ་ལས་ཀྱང་གྲོང་གསེབ་སྟེ། ངེད་གོ་འཇོ་རུ་བའི་གྲོང་སྡེ་ཁག་ཏུའང་བུ་བཅོལ་ཁང་མང་དག་ཅིག་བསྐྲུན་ཡོད། ལེ་ལོ་ཅན་གྱི་ཁྱིམ་བདག་དག་གིས་ཕྲུ་གུ་ཚོ། ནོར་ལུག་རྫི་བོའི་མདུན་དུ་བསྔོ་བ་ནང་བཞིན་ཀླད་ཀོར་འཛིན་གྲྭར་བསྐྱལ་རྗེས་གྲོ་ཞིབ་འདྲུད་འཐེན་གང་རེ་ཁྱེར་ནས་རབ་ཏུ་ཚིམ་བཞིན་རང་ཁྱིམ་དུ་ལོག་འགྲོ། ཞོར་དུ་དགོན་པ་དག་གིས་ཀྱང་ཚྭ་དང་གྲོ་ཞིབ་ཕལ་ཆེར་ཉོ་དགོས་ཀྱི་ཡོད་ཚོད་མི་འདུག། ད་ནི་གོ་འཇོའི་ཡུལ་དགོན་གཉིས་ཀའི་འཚོ་བ་ལ་དཀའ་ཁག་གང་ཡང་མེད་པས་ལྟོ་བ་འཕུར་བཞིན་བྲང་ཁོག་ཉི་མར་བསྲོས་ཏེ་སྡོད་ཆོག་ཚོད། འོན་ཏེ། གོ་འཇོ་རུ་བས་འབྲི་བཞོ་གཅིན་གཏོང་གཉིས་ཀ་ཐོན་པའི་དོན་བཟང་ཞིག་འགྲུབ་སོང་བ་གཞི་ནས་མ་ཡིན་པར། ཐང་གི་རྡོ་ལེན་དུས་རུམ་གྱི་བྲོ་ལྷུང་བའི་ཕམ་ཁ་ཤས་མི་བཟོད་པ་ཞིག་ཉོས་པ་ཡིན།

“དེ་རིང་གི་སློབ་བྱོལ་ཕྲུ་གུ་དེ། སང་ཉིན་གྱི་དབུལ་པོའི་ཁྱིམ་མི་ཡིན།” ཞེས་དང་། “ཕྲུ་གུ་སློབ་གྲྭར་སྐྱེལ་བ་ནི་ཕ་མའི་འོས་འགན་ཡིན།” གཞན་ཡང་། “སྤྲང་པོ་བྱེད་མ་འདོད་ན་བུ་ཕྲུག་སློབ་གྲྭར་སྐྱོལད།” འདི་ལྟར་གྱང་ལ་བྲིས་ཤིང་རྡོ་ལ་བརྐོས་ཏེ་དྲིལ་དུ་བསྒྲགས། དེ་ཡང་ལོས་བདེན། ཡིན་རྒྱུ་རེད། འོས་འགན་སློབ་གསོ་ནི་མི་སུ་ཡིན་རུང་ངེས་པར་དུ་ཐོབ་དགོས་པའི་མིའི་སྐྱེ་འཚར་གྱི་ཆོས་ཉིད་དང་འཚམས་པའི་སློབ་གསོའི་གོ་རིམ་ཞིག་ཡིན་མོད། རེད་དེ། མི་རིགས་ཡན་གར་བ་ཞིག་ལ་མཚོན་ན་བུ་བཅོལ་ཁང་གི་མ་མ་ནས་བཟུང་སྟེ། སློབ་ཆུང་དང་། སློབ་འབྲིང་། མཐོ་འབྲིང་། སློབ་ཆེན་དགེ་རྒན་བར་གྱི་མི་ཚེའི་ལམ་སྟོན་པ་ཐམས་ཅད་ལ་མི་རིགས་དེའི་རིག་གནས་དང་མི་གཤིས་ཀྱི་དྲི་མ་ཙམ་ཡང་མི་བྲོ་བའི་ཡ་མ་བརླ་ཤ་སྟག་གིས་བགྱིས་ཤིང་། དེ་ཚོའི་ལག་ཏུ་བློ་གཏད་ལིང་བསྐྱུར་གྱིས་མི་རབས་གཅིག་ལུ་ལུ་རིལ་རིལ་བཟོས་ནས་གསོལ་ལོ་འབུལ་ལོ་བྱས་བཞག་ན། གྲོ་ཞིབ་འདྲུད་འཐེན་གང་གིས་ས་ཅི་ཙམ་ཆོད་ས་རེད། ཁྱིམ་བདག་ལོ་ལོ་རྣམ་པས་ཐུགས་བསམ་རེ་བཞེས་རོགས།

མིའི་རིགས་ཀྱི་རྣམ་ཤེས་བཟོ་སྐྲུན་པ་ཞེས་མི་ངན་མིང་ཆེ་ན་འབོད་མི་ངོ་ཚ་ཡོང་བའི་ཆོ་ལོ་རྫིག་པོ་རེ་སྐེ་ལ་བཏགས་ཏེ། དོན་དུ་རྒྱང་འཛིན་ཅན་གྱི་འཕྲུལ་མི་ཁོ་ན་ལས་མ་འདས་པའི་མི་རིགས་ཀྱི་དགེ་རྒན་དུ་གྲག་པ་ཚོས། ཤོག་དཀར་ལྟ་བུའི་བྱིས་པའི་དྭངས་གཙང་གི་ཀུན་གཞིའི་ངོས་སུ། ཡ་མ་བརླའི་རི་མོ་རྐྱང་རྐྱང་ཕབ་སྟེ་བྱིས་པའི་རྣམ་ཤེས་ཀྱི་གཟུངས་གཞུག་ཏུ་གད་སྙིགས་འབའ་ཞིག་བརྫང་བར་བྱེད། ཁོ་ཚོས་དེ་རིང་སློབ་གྲྭའི་ར་སྐོར་དུ་བསྐྱལ་ཡོང་བའི་བོད་ཕྲུག་དག་མ་དེ་སང་ཉིན་རྒྱ་མིན་བོད་མིན་གྱི་སྤྱི་གླུད་ཅིག་ཏུ་བསྒྱུར་བཞག་ཡོད།

ཤི་ཕར་ཕྱེད་དང་གསོན་ཚུར་ཕྱེད་དུ་ལུས་པའི་མི་རིགས་འདི་ལ་མཚོན་ན། སྐྱབས་སའི་རེ་ས་དང་། འཇུ་སའི་བ་ཐག་གཅིག་ཁོ་ན་ཡོད་པ་དེ། “མ་འོངས་པའི་རེ་བ”དང་། “མེས་རྒྱལ་གྱི་མེ་ཏོག”སྟེ་ད་ལྟའི་བྱིས་པ་འདི་དག་གཉོར་ཞིང་བསྲིང་བའི་དགེ་རྒན་ཚོོ་ལས་གཞན་སུ་ཞིག་བཙལ། འོན་ཏེ། ཁོ་ཚོས་ནི་རང་མདུན་ན་ཙོག་པའི་བྱིས་པ་སྣབ་ལུག་དེ་མི་རིགས་ཤིག་གི་ཚེ་སྲོག་གི་རེ་བ་དང་རྟེན་ཕུར་ཡིན་པར་གཏན་ནས་བསམ་མྱོང་མེད། བྱིས་པ་དེར་འོས་པའི་མི་རིགས་ཤིག་གི་ཐུན་མིན་ཁྱད་ཆོས་ཏེ། ཕ་སྐད་དང་མ་ཡིག། འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་བ། མི་ཚེའི་འདུ་ཤེས་དང་འཚོ་བའི་འདུ་ཤེས། མདོར་ན་བསམ་བློ་དང་ཀུན་སྤྱོད་ཡོད་ཚད་གཞན་བསྒྱུར་དང་གཙང་ཁྲུས་ཁོ་ན་བྱས་ཏེ་ཕུང་གསུམ་པ་ཞིག་ཏུ་བཏང་རྗེས། ད་དུང་ཡིན་རློམ་གྱི་སྣང་བ་སྣ་མགོར་བཏེགས་ཏེ་འགྲོ། མདོར་ན་ཁོ་ཚོའི་ལག་ཏུ་བྱིས་པ་སྤྲད་པ་དེ་མི་རིགས་ཤིག་གསོན་གསོན་དུ་བཤས་རར་དེད་པ་འབའ་ཞིག་ཡིན།

ཆབ་སྲིད་པ་ཞིག་གིས། མི་རིགས་ཤིག་རྩ་མེད་དུ་གཏང་བར་ཐོག་མར་སློབ་གྲྭའི་ནང་དུ་ལག་བསྲིང་དགོས་ཞེས་བཤད་མྱོང་། ཁ་གསལ་ཙམ་གྱིས་བཤད་ན། གོ་འཇོའི་སློབ་གྲྭ་དང་དགེ་རྒན་ཚོས་སྐད་ཆ་འདི་ད་ལྟ་དངོས་སུ་བྱིས་པ་ཞིག་གི་སྟེང་དུ་ལག་བསྟར་བྱེད་ཀྱིན་ཡོད།

མཇུག་མཐའི་རེ་བ་ཞིག་ལ། མ་གཞི་ང་ཚོའི་ཁྱིམ་ཚང་མང་པོ་ཞིག་གིས་ལྟོགས་སྐད་འདོན་གྱིན་ཡོད་ལ། དགེ་རྒན་ཚོས་ཀྱང་སྒོར་མོ་མེད་པའི་མུག་སྐད་འདོན་གྱིན་ཡོད་པ་ངས་ཀྱང་ཐོས་མྱོང་། ཁག་མེད། སྤྲང་པོ་ཞིག་ལ་མཚོན་ན་སྒོར་མོ་ཡང་རྩ་ཆེན་ལོས་ཡིན། རེད་དེ། ཁྱོད་ཚོ་ཅི་ཙམ་ལྟོགས་ཀྱང་། ཅི་ཙམ་བཀྲེས་རུང་། རང་གི་མི་རིགས་བཤས་ཏེ་ཟོས་མ་བཞག་ན་ཨེ་ཆོག་གི། ཁ་དྲོ་ཚེ་རིང་།

 

_______བསོད་སྟོབས་ཀྱིས།

 

❶ཀླད་ཀོར་འཛིན་གྲྭ་ནི། གོ་འཇོ་རུ་བའི་ཁྱིམ་བདག་དག་གིས་བུ་བཅོལ་ཁང་ངམ་བྱིས་སློབ་ཁང་ཞེས་པའི་མིང་འདི་མ་ཤེས་པར་དེ་ལ་བཏགས་པའི་ཐ་སྙད་ཡིན། (མ་གཞི་གོ་འཇོའི་བྱིས་སློབ་ཁང་དག་ལ་ཀླད་ཀོར་འཛིན་གྲྭ་ཞེས་བོས་ན་ཆེས་འོས་འཚམས་ཀྱང་ཡིན།)