སྐད་ཡིག་གི་འཆི་བ་ནི་འཛམ་གླིང་ཡོངས་སུ་ཡོད་པའི་སྣང་ཚུལ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་ཚན་རིག་གནས་རྩ་འཛུགས་སྡེ་ཁག་གིས་གསར་དུ་བསྒྲགས་པའི༼ཉེན་ལྡན་སྐད་ཡིག་གི་འདྲ་དཔེ༽ལྟར་ན། འཛམ་གླིང་ཡོངས་ལ་སྐད་རིགས་༧༠༠ཙམ་ཡོད་པ་ལས་ཕྱེད་ཀ་ཙམ་དུས་རབས་ཉི་ཤུ་བའི་ནང་ཤི་ཚར་བ་དང་། ད་སྔ་ལྷག་ཡོད་པ་དག་ལས་བརྒྱ་ཆའི་༨༠་ནས་༩༠་ཙམ་ལོ་ཉིས་རྒྱའི་ནང་འཆི་ངེས་ཡིན་པས། འདི་ནི་སྐྱེ་དངོས་རྩ་མེད་དུ་འགྲོ་ཚད་ལས་ཀྱང་མགྱོགས་པ་རེད་ཟེར།

མི་རྣམས་ཀྱི་བསམ་ཡུལ་ལས་འདས་པ་ཞིག་ལ། གཟའ་འཁོར་གཉིས་རེའི་ནང་དུ་འཛམ་གླིང་དུ་སྐད་རིགས་གཅིག་རེ་འཆི་བཞིན་ཡོད་པ་དང་། དེ་དག་ལ་སླར་གསོན་གྱི་རེ་བ་ནམ་ཡང་མ་མཆིས། མིག་སྔར། ཀྲུང་གོ་ནི་སྐད་ཡིག་གི་ཉེན་ཁ་ཆེ་ཤོས་ཀྱི་གྲོས་སུ་མི་གཏོགས་ཀྱང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གྲངས་ཉུང་མི་རིགས་སྐད་ཡིག་ཞིབ་འཇུག་སྡེ་ཁག་གི་འབུམ་རམས་པ་ཧོང་ཁྲིན་ལོང་གི་མཚམས་སྦྱོར་བྱས་པ་ལྟར་ན། ཀྲུང་གོར་སྐད་རིགས་མི་འདྲ་བ་༡༢༩ཙམ་ཡོད་ལ། དེ་དག་གི་ཕྱེད་ཀར་འཆི་བའི་ཉེན་ཁ་ཤིན་ཏུ་ཆེན་པོ་ཡོད་པ་དང་། མ་མཐར་སྐད་རིགས་སུམ་ཅུ་ཙམ་མྱུར་དུ་འཆི་ངེས་པའི་གནས་སུ་ལྷུང་ཡོད་འདུག དཔེར་ན། ཡུན་ནན་གྱི་ཨ་ནོའུ་སྐད་དང་ཞིན་ཅང་གི་ཐཱ་ཐའི་སྐད། ཀན་སུའུ་ཡི་ཡུས་ཀུའུ་སྐད། དབུས་རྒྱུད་ཀྱི་ཐུའུ་ཅ་སྐད་ལྟ་བུ་རེད།

སྐད་ཡིག་གི་ཤི་གསོན་ནི་རྒྱུན་འཛིན་ཇི་ལྟར་བྱེད་པར་རག་ལས་པ་སྟེ། མི་གྲངས་མང་ཉུང་ཙམ་གྱི་སྟེང་ན་མེད། མི་གྲངས་ཉུང་བས་སྤྱོད་པའི་སྐད་ཡིག་འཆི་ཁོ་ཐག་ཡིན་པའི་ངེས་པ་མེད་ལ། མི་གྲངས་མང་པོས་སྤྱོད་པའི་སྐད་ཡིག་ལ་ཉེན་ཁ་མེད་པའི་ངེས་པའང་མ་མཆིས། དཔེར་ན་ཀྲུང་གོའི་མན་ཇུའི་རིགས་ལྟ་བུར་མཚོན་ན། མི་གྲངས་བྱེ་བ་གཅིག་ལྷག་ཡོད་ཀྱང་། ད་ལྟ་མན་སྐད་བཤད་ཤེས་པའི་མི་བརྒྱ་ཙམ་ལས་ལྷག་མི་འདུག མི་འདི་དག་ཤི་བ་ན།མན་སྐད་ཀྱང་ཤི་ཚར་བ་ཡིན། ཡིག་སྐད་འགའ་རེ་ལྷག་སྲིད་ཀྱང་། མན་སྐད་བཤད་མཁན་གཅིག་ཀྱང་མེད་པ་ན། ཡིག་སྐད་དེའང་སྙིང་བོས་དབེན་པའི་ཤུན་སྐོགས་ཙམ་རེད།

ཨ་རིའི་སྐད་བརྡ་རིག་པའི་སློབ་དཔོན་ཆེན་མོ་ཧ་ལིན་གྱིས་གསུངས་དོན། “འདང་ཞིག་རྒྱོབས་དང་། གལ་ཏེ་འཛམ་གླིང་གི་ཆུ་སྲིན་ཡོད་ཚད་བསད་པའམ། གཏོར་གཟུགས་མཆོད་རྟེན་བཤིགས་པ། ཡཱ་མ་སུན་ནགས་ཚལ་བྲེགས་ཚར་བ་ཡིན་ན། དངོས་པོ་འདི་དག་ཡོད་ཚད་མིའི་རིགས་ཐུན་མོང་གི་སྤྱི་ནོར་ཡིན་པས། མི་རྣམས་ལ་ཁོང་ཁྲོ་ག་འདྲ་སྐྱེ་སྲིད་དམ།བཀག་འགོག་ཇི་ལྟར་བྱེད་ངེས་སམ། དེ་དག་ནི་ཤའི་མིག་གིས་མངོན་སུམ་མཐོང་དུ་ཡོད་པ་རེད། དེས་ན། སྐད་ཡིག་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ལ། རྙོག་འཛིངས་དང་ཞིབ་འཚག་ལྡན་པའི་མི་རིགས་ཀྱི་རྒྱུ་ནོར་རེད་ཨང་། སྐད་རིགས་གང་ཞིག་ཡིན་རུང་ཐུན་མོང་མ་ཡིན་པའི་སྒྲིག་གཞི་མངའ་བའི་བསམ་བློའི་འཇིག་རྟེན་རེ་རེ་ཡིན་ལ། དེས་མིའི་རིགས་ཀྱི་འཚོ་སྡོད་བྱེད་སྟངས་ཐུན་མོང་མ་ཡིན་པ་ཞིག་མཚོན་པ་རེད། སྐད་ཡིག་ཚང་མར་ཕུན་སུམ་ཚོགས་པའི་བརྡ་སྤྲོད་ཐབས་དང་། རམ་འདེགས་ཀྱི་བྱེད་ནུས་ཁྱད་པར་བ་རེ་ཡོད་སྲིད་ལ། དེ་དག་གི་མིང་ཚིག་དང་སྒྲ་གདངས། བརྡ་སྤྲོད་ཀྱི་རྣམ་གཞག་སོགས་ངོ་མཚར་བའི་གྲུབ་སྟངས་དག་དང་བསྡུར་ན། ང་ཚོས་ལག་ཟུང་གིས་བསྐྲུན་པའི་འཛུགས་བསྐྲུན་གང་ཞིག་ཡིན་རུང་འགྲན་དུ་ག་ལ་དོ།”གསུངས།

སྐད་ཡིག་གི་ཤི་རྐྱེན་ལ་གཙོ་བོར་ཕྱོགས་གཉིས་ཡོད་དེ།གཅིག་ནི་སྐད་ཡིག་བཀོལ་མཁན་གྱི་མི་རིགས་དེ་ཉམས་པ་དང་། གཉིས་ནི་མི་རིགས་དེས་རང་གི་ཕ་སྐད་དོར་ནས་སྐད་རིགས་གཞན་ཞིག་བེད་སྤྱོད་བྱས་པའོ། འདས་པའི་ལོ་ཉིས་རྒྱའི་རིང་ལ། མི་སེར་སྤེལ་བའི་རིང་ལུགས་པ་དག་གིས་སྐད་ཡིག་ལ་གཏོར་བརླགས་ཆེན་པོ་བྱས་ཏེ། དཔེར་ན་ཡོ་རོབ་མི་སེར་སྤེལ་བའི་རིང་ལུགས་པས་ཨོ་ཏཱ་ལིས་ཡ་རུ་སྐད་རིགས་༢༠༠ལྷག་དང་། ཨ་མེ་རི་ཁ་བྱང་མར་ས་དེའི་ཡུལ་སྐད་༡༥༠ལྷག་རྩ་མེད་དུ་བཏང་བ་རེད།ལྷག་ཏུ་དེང་གི་དུས་སུ་འཛམ་གླིང་ཁྱིམ་གཅིག་ཅན་དུ་འགྱུར་བཞིན་པའི་གནས་སྟངས་འོགདཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནོན་ཤུགས་ཀྱིས་མི་རྣམས་གྲོང་ཁྱེར་དུ་དེད་ཅིང་། དེ་དང་མཉམ་དུ་སྐད་རིགས་མང་པོ་ཞིག་སྐད་རིགས་ཆེན་པོ་དག་གི་སིམ་འཛུལ་འོག་རྩ་མེད་དུ་འགྱུར་བཞིན་ཡོད་པ་རེད། སྐད་ཡིག་གི་དར་རྒུད་ཀྱི་ཐད་ནས་ཧ་ལིན་གྱིས་གསུངས་དོན། “མིའི་རིགས་ཡོངས་ཀྱི་བརྡ་སྤྲོད་ཀྱི་ཚབ་བྱེད་ཐུབ་པའི་སྐད་རིགས་གཅིག་ཀྱང་ཡོད་མི་སྲིད། སྐད་རིགས་གཉིས་ཤེས་པའི་མི་སུ་ཡིན་རུང་གསལ་བོར་ཤེས་པ་ཞིག་ནི། སྐད་རིགས་སོ་སོའི་ཁྲོད་ཀྱི་འདུ་ཤེས་དང་། དོན་སྤྱི་མཚོན་པའི་ཐ་སྙད་འགའ་རེ་གཏན་ནས་ལོ་ཙཱ་བྱེད་ཐབས་མེད་པ་རེད། གལ་ཏེ་བསྒྱུར་ནའང་། མ་ཕྱིའི་སྐད་ཡིག་དེའི་སྟེང་གི་བྲོ་བ་ཉམས་འགྲོ་ལ། ཡང་ན་ཡལ་འགྲོ་བ་རེད”ཟེར།

ཁོས་བསྡོམས་རྩིས་བྱས་པ་ལྟར་ན། འཛམ་གླིང་གི་མི་གྲངས་བརྒྱ་ཆ་༨༠ ཙམ་གྱིས་སྐད་རིགས་༨༣་ཙམ་སྤྱོད་ཀྱིན་ཡོད་ལ། ལྷག་མའི་སྐད་རིགས་༦༠༠༠ཙམ་ལས་མང་ཆེ་བ་ཡིག་ཐོག་ཏུ་བཀོད་མེད་པས། ཚིག་མཛོད་དང་དཔེ་དེབ་ཀྱི་རིགས་གང་ཡང་མེད་པ་རེད། དེ་བས་དཔེ་མཛོད་ཁང་དང་གཞི་གྲངས་ཀྱི་མཛོད་སོགས་སུ་བཙལ་ཐབས་མེད་པར་ཆགས་ཡོད་ཅིང་། བརྡ་འཕྲིན་ཡོད་ཚད་མི་རྣམས་ཀྱིས་ཀླད་པའི་ནང་ཁོ་ནར་བསོགས་ཡོད།གལ་ཏེ་སྐད་རིགས་གཅིག་ཤི་བ་ཡིན་ན། དེ་དང་མཉམ་དུ་སྐྱེ་བོ་གྲངས་མེད་ཅིག་གིས་དུས་རབས་དུ་མར་གསོག་པའི་དུས་ཚོད་དང་དུས་ཚིགས་ཀྱི་ཤེས་བྱ། གནམ་རིག་དང་ས་གཤིས་རིག་པ། གསོ་རིག་དང་ལོ་རྒྱུས། ལྷ་སྒྲུང་། རོལ་མོ། སྐྱེ་དངོས་རིག་པ། བསམ་བློ་དང་ཀུན་སྤྱོད་སོགས་ཀྱི་ཤེས་བྱའི་རྣམ་གྲངས་མང་པོ་ཞིག་ཀྱང་མཉམ་ཤི་བ་ཡིན། དེ་ཕྱིར་ཧ་ལིན་གྱིས“སྐད་ཡིག་རེ་རེ་ནི་མིའི་རིགས་ཀྱི་ཤེས་བྱའི་མཛོད་ཁང་ཆེན་མོ་རེ་ཡིན་ནོ”ཟེར། མིའི་རིགས་རིག་པ་བ་མཱ་ཀི་ལིས་མིས་ཏི་ལགས་ཀྱིས་ནས“འཛམ་གླིང་འདི་མ་འོངས་པར་གོང་བུ་གཅིག་ཏུ་འགྱུར་ཉེན་ཆེ། སོ་སོའི་ཐུན་མིན་གྱི་ཁྱད་ཆོས་མེད་པར་གྱུར་ཅིང་། མིའི་རིགས་ཀྱི་འདུ་ཤེས་བསམ་ཕྱོགས་ཡོད་ཚད་ཚ་རྐོང་གཅིག་ལས་བཏོན་པ་བཞིན་དུ་གྱུར་ན། འཇིག་རྟེན་འདིའི་མཚར་སྡུག་མཐའ་དག་ཉམས་ཚར་བ་རེད་ཨང”ཟེར།

སྐད་ཡིག་ཅིག་གི་སྟེང་དུ་གྲུབ་པའི་རིག་གནས་དེ་དག་སྐད་ཡིག་གཞན་ཞིག་ཏུ་བསྒྱུར་ན་ཆོག་ཀྱང་། མ་ཕྱིའི་སྐད་ཡིག་དངོས་ཉམས་པར་གྱུར་ན། དེའི་སྟེང་གི་ཐུན་མིན་གྱི་ཁྱད་ཆོས་དག་ཇི་མ་ཇི་བཞིན་དུ་མངོན་ཐབས་གཏན་ནས་མེད་དོ།
སྐད་ཡིག་གཅིག་ཤི་ན། སྐྱོ་དགོས་པ་ནི་ལོ་རྒྱུས་ཀྱི་རྒྱུན་ཐག་ཆད་པ་ཙམ་མིན་པར། རིག་གནས་དང་དངོས་པོའི་ཤེས་བྱ་གྲངས་མེད་ཅིག་ཉམས་ཚར་བ་དེ་རེད། ནམ་ཞིག་ང་ཚོས་འདི་དག་སླར་གསོ་བྱེད་བསམ་རུང་སྟོང་བསམ་ཡིན་ལ། ཐ་ན་འཛམ་གླིང་སྟེང་དེ་འདྲའི་སྐད་ཡིག་ཅིག་བྱུང་མྱོང་བའང་ཤེས་དཀའ་བར་འགྱུར་རོ།།

《ཀློག་པ་པོ》༢༠༡༠ལོའི་འདོན་ཐེངས་གཉིས་པ་ལས་བསྒྱུར།