དེ་རིང་ནི་བོད་ས་ཁྱི་ལོའི་ལོ་གསར་གྱི་ཚེས་དྲུག་ཡིན་པས། ལྷ་ལྡན་གཙུག་ལག་ཁང་ངམ་ཇོ་ཁང་ལ་མེ་ཡི་འཇིགས་པ་བྱུང་ནས་ཏག་ཏག་ཉིན་བཞི་འགོར་སོང་། རེད་ཡ། ད་ལོའི་ལོ་གསར་ཚེས་གཉིས་ཀྱི་དགོང་མོ་དེར། མགོ་ནག་བོད་མི་ཐམས་ཅད་ལོ་གསར་ལ་དགའ་དགའ་སྤྲོ་སྤྲོའི་ངང་རོལ་བཞིན་པ་ལས་གློ་བུར་མྱ་ངན་གྱིས་ཡིད་མནན་ཏེ། སྔངས་འཚབ་ཀྱིས་གང་བའི་མིག་ཟུང་ཁ་པར་ལ་གཏད་ཅིང་། སེམས་པའི་རྒྱུ་བ་ལྷ་ལྡན་གཙུག་ལག་ཁང་ལ་ཕྱོགས་ནས། ཁུ་སིམ་མེར།  འཇིགས་ལྷང་ངེར།  སྐད་ངན་སྙིང་རྩ་གས་པ་ཞིག་གོ་མི་ཡོང་སྙམ་པའི་སེམས་ཁྲལ་དང་བཅས་མཚན་ནམ་རིང་མོ་འཁྱོལ་ཐབས་བྱས་པ་མིན་ནམ།    

ཡིན་ཏེ།  ལ་ལས་མིག་ཆུ་འབྱིན། ལ་ལས་དབུགས་རིང་འཐེན། ལ་ལས་ཆོ་ངེ་འདེབས་ཀྱིན“ཡང་སྙིང་གཙུག་ལག་ཁང་ལ་ཆག་འཇིག་ཅི་འདྲ་བྱུང་ཡོད་དམ”དང་། “ཇོ་བོ་ཡིད་བཞིན་ནོར་བུ་སྔར་བཞིན་བཞུགས་སམ”སོགས་ཀྱི་དོགས་པ་སྣ་ཚོགས་ཕན་ཚུན་ལ་ཡང་ཡང་དྲིས་ཏེ། ལན་ཡག་པོ་ཞིག་ཐོབ་ཏུ་རེ། སྐད་ཆ་སྙན་པོ་ཞིག་ཐོས་སུ་རེ་ནས་མཚན་ནམ་རིང་མོ་དེའི་སྐད་ཅིག་རེ་རེ་སྒུག་པ་རེད།     

འོན་ཏེ་ཚེས་གསུམ་གྱི་ཞོགས་པའི་ཉི་ཟེར་སྐྱིད་ཆུའི་བྲང་གཞོང་ལ་འཕྲོས་པ་དང་ལྷན། ཇོ་བོ་ཡིད་བཞིན་ནོར་བུའི་གསེར་ཞལ་སླར་ཡང་དད་ལྡན་སྐྱེ་བོའི་བསོད་ནམས་ཀྱི་རྒྱན་དུ་ཤར་པས། ཡིད་མྱ་ངན་གྱིས་ནོན་ཏེ་མཚན་ནམ་རིང་མོ་འཁྱོལ་དཀའ་བར་གྱུར་པའི་མགོ་ནག་ཕྲེང་བཟུང་ཀུན་གྱི་སེམས་ལ་ཡང་རེ་ཞིག་ངལ་གསོའི་སྐལ་བཟང་ཐོབ་པར་གྱུར། ལར་གངས་རིའི་རྟེན་མཆོག་བྱིན་རླབས་ཅན་གང་ཉིད་སྐྱོན་མེད་ལེགས་བཞུགས་ཀྱི་ཚུལ་དེས་རང་ཅག་གི་སེམས་ངལ་སོས་པ་ལ་རྒྱུ་མཚན་ལོས་ཡོད་མོད། རྣམ་པ་གཞན་དུ་དཔྱད་ན། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་རིན་ཆེན་གཞལ་མེད་ཁང་དེར། མེ་ཡི་འཇིགས་པ་དེ་འདྲ་ཞིག་བྱུང་བ་དེས་ནི་གསབ་ཏུ་མེད་པའི་གྱོང་གུན་ཚབ་ཆེན་བཟོས་ཡོད་པ་ལྟ་ཅི་སྨོས་སོ།  ། 


གཅིག
  

གང་ལྟར་ད་ནི་བོད་ཁ་བ་ཅན་གྱི་སེམས་པ་ཡོམ་ཡོམ་བསྒུལ་བའི་གནས་ཚུལ་དེ་ཡང་ཆོས་ཉིད་ཀྱི་འགྲོས་ལྟར་དུས་ཚོད་ཀྱི་དབྱིངས་སུ་ག་ལེར་ཐིམ་མགོ་བརྩམས་ཤིང་།  སྐྱོ་ངལ་གྱིས་མནན་པའི་མི་སེམས་རེ་རེ་ཡང་རིམ་གྱིས་ལྷོད་ལ་འབབ་མགོ་བརྩམས་སོང་།  ལྷོད་ལ་བབས་པའི་ཉིན་འདི་གར་རང་གིས་རང་ལ་དྲི་བ་འགའ་ཡང་དང་བསྐྱར་དུ་འདྲི་དགོས་བྱུང་། རང་ལ་མཚོན་ན། ཇོ་བོ་རིན་པོ་ཆེ་ནི་དོན་དམ་པར་ཅི་ཞིག་རེད། ཁ་བ་གངས་ཅན་པ་སྤྱི་ལ་མཚོན་ན་ཡང་ཅི་ཞིག་རེད་སོགས་ཀྱི་དྲི་བ་ཡང་ཡང་འདྲི་དགོས་བྱུང་།       

གཙུག་ལག་ཁང་ལ་མེ་སྐྱོན་འབྱུང་བཞིན་པའི་སྐབས་དེར། མི་འགའ་རེས་གཙུག་ལག་ཁང་ནི་བོད་ཀྱི་རིག་དངོས་རྙིང་པ་ཡིན་ཚུལ་དང་། དེའི་ནང་དུ་རྟེན་རྫས་དང་རྒྱུ་ནོམ་རྩ་ཆེན་མང་རབས་སོགས་སྨྲས་ཏེ་ཕངས་སེམས་སྟོན་གྱི་འདུག    དེ་ཡང་ལོས་བདེན། འཛམ་གླིང་སྤྱིའི་སྐད་ཆའི་སྒྲོམ་དང་མཐུན་པར་གླེང་ན་དེ་ཙམ་ཡིན་ལས་ཆེ།      

འོན་ཀྱང་རང་ཅག་བོད་མིའི་ངོས་ནས་བལྟས་ན། གཙུག་ལག་ཁང་དང་ཇོ་བོ་རིན་པོ་ཆེའི་རིན་ཐང་ནི་རིག་དངོས་རྩ་ཆེན་ཡིན་པ་ཙམ་རེད་དམ། ལོ་རྒྱུས་ཤུལ་བཞག་ཡིན་པ་ཙམ་རེད་དམ། མ་རེད། གཏན་ནས་མ་རེད། དེ་ཙམ་གྱི་རིམ་པ་ལས་ཡོངས་སུ་བརྒལ་འདུག་སྟེ།  ཇོ་ཁང་ལ་མེ་སྐྱོན་ཤོར་དུས་བོད་མི་རེ་རེའི་སྙིང་ལ་ཚ་གཟེར་རྒྱུག་དོན་ནི།  དེ་འཛམ་གླིང་གི་རིག་དངོས་རིམ་པ་གང་འདྲ་ཞིག་ཡིན་མིན་གྱི་གནད་དོན་ལ་ཐུག་མེད་པ་གསལ་པོ་ཡིན།  རྒྱུ་ནོར་རྩ་ཆེན་ཡིན་པས་ཕངས་སེམས་སྐྱེས་པ་ཙམ་མིན་པ་ནི་དེ་ལས་ལྷག་པར་གསལ།   

འོ་ན་ཅི་ཞིག་ཡིན་ནམ་ཞེ་ན།   བོད་མིའི་སེམས་སུ་ཇོ་བོ་རིན་པོ་ཆེ་ནི་སྟོན་པ་སྐུ་དངོས་ཀྱིས་རབ་གནས་མཛད་མྱོང་བའི་རྟེན་མཆོག་འགྲན་ཟླ་མེད་པ་ཞིག་ཡིན་པས་རེད།  དེ་ཙམ་ཡང་མ་རེད།  ཇོ་བོ་རིན་པོ་ཆེ་ནི་བོད་མི་རེ་རེ་མི་ཚེ་འདིར་ཐེངས་རེར་མ་མཇལ་ཐུ་མེད་ཀྱི་སངས་རྒྱས་གསོན་པོ་ཡིན་པས་རེད། དེ་ཙམ་ཡང་མ་རེད།  ཇོ་བོ་རིན་པོ་ཆེ་ནི་བོད་པ་འདས་པོ་རེ་རེའི་བསྔོ་རྟེན་མ་ཕུལ་ཐུ་མེད་ཀྱི་རྩ་བའི་བླ་མ་ཡིན་པས་རེད།  དེ་ཙམ་ཡང་མ་རེད།   ཇོ་བོ་རིན་པོ་ཆེ་ནི་མེས་པོའི་དཔའ་མཛངས་མཚོན་པའི་ལོ་རྒྱུས་ཀྱི་དན་རྟགས་ཤིག་ཡིན་པས་རེད།  དེ་ཙམ་ཡང་མ་རེད།       

ཇོ་བོ་རིན་པོ་ཆེ་ནི………        

གདོང་དམར་བོད་པའི་བསམ་བློའི་འཇིག་རྟེན་ནང་དུ། དབུས་ལྷ་སའི་ཇོ་བོ་རིན་པོ་ཆེ་ནི་གསེར་མིན། ཟངས་མིན། ལི་མིན། རག་མིན།  གནའ་བོའི་རིག་དངོས་ཀྱང་མིན།  ལོ་རྒྱུས་ཤུལ་བཞག་ཀྱང་མིན་ཏེ།  ཁོང་ནི་གངས་ཅན་བོད་མི་རེ་རེའི་རྣམ་ཤེས་ཀྱི་ཐག་པ་གཞི་གཅིག་ཏུ་སྦྲེལ་བྱེད་ཀྱི་བསམ་བློའི་སྟོབས་ཤུགས་ཤིག་ཡིན། ཁོང་ནི་བོད་པ་རེ་རེའི་སྨྲེ་ངག་དང་གདུང་ཡུས། རེ་བ་དང་སྨོན་ལམ། མིག་ཆུ་དང་གསོལ་འདེབས་སོགས་སྦ་གསང་མེད་པར་སྨྲ་ཆོག་པའི་གཞིས་ཁྱིམ་དྲོན་པོ་ཞིག་ཡིན།       

ང་ཚོ་མགོ་ནག་བོད་པ་རྣམས་འཇིག་རྟེན་འཁོར་བའི་དཀའ་སྡུག་སྣ་ཚོགས་ཀྱིས་ངལ་ཞིང་དུབ་སྐབས།   མིག་ཆུ་རུམ་གང་ཁྱེར་ནས་གཞིས་ཁྱིམ་དེར་ལོག་གི་ཡོད་པ་རེད།   གཞིས་ཁྱིམ་དེ་ནས་ང་ཚོས་སླར་ཡང་མི་ཡུལ་གྱི་འགྲན་རྩོད་ལ་གདོང་གཏོད་པའི་སྤོབས་པ་རྙེད་ཀྱི་ཡོད་པ་རེད། གཞིས་ཁྱིམ་དེ་ནས་ང་ཚོས་དལ་འབྱོར་གྱི་རིན་ཐང་དང་། སྐྱེ་འཆིའི་གནས་སྟངས། ཚེ་སྲོག་གི་ཆོས་ཉིད་སོགས་ལ་ཐུན་མིན་གྱི་ལྟ་ཚུལ་ཞིག་རྙེད་ཀྱི་ཡོད་པ་རེད།  གཞིས་ཁྱིམ་དེ་ནས་ང་ཚོས་མཐོ་སྒང་དུ་ཁ་ཆར་བུ་ཡུག་འཐིབ་པའི་དཀྱིལ་ནས་ཀྱང་ངོ་གདོང་འཛུམ་གྱིས་གང་བའི་འཚོ་བཅུད་རྙེད་ཀྱི་ཡོད་པ་རེད། གཞིས་ཁྱིམ་དེ་ནས་ང་ཚོས་ཆོས་ཀུན་རྟེན་འབྲེལ་ཡིན་པའི་ལྟ་བ་དང་། བྱམས་བརྩེའི་རྩ་བ་བྱས་པའི་བཟང་སྤྱོད་རྙེད་ཀྱི་ཡོད་པ་རེད།   

གཞིས་ཁྱིམ་དེ་རུ། སྟོད་མངའ་རིས་ནས་སྨད་རྒྱལ་རོང་བར་གྱི་བོད་པ་ཐམས་ཅད་ངེས་པར་འདུ་བ་ཡིན་པས། ས་ཐག་ཤིན་ཏུ་རིང་བའི་ནང་མི་སྤུན་མཆེད་ཐམས་ཅད་སྤུན་མཆེད་ཡིན་པ་ཡང་ཁྱིམ་དེ་ནས་ར་འཕྲོད་ཀྱི་ཡོད་ལ།  ཐམས་ཅད་རྩ་བ་གཅིག་ལས་གྱེས་པའི་ཡལ་ག་ཡིན་པའི་བརྩེ་དུང་གི་ཆུ་བོ་ཡང་དེ་རུ་འཁྱིལ་ཡོད་པ་རེད།    

དེས་ན་བོད་མིའི་སེམས་ཀྱི་ཇོ་བོ་རིན་པོ་ཆེའི་རིན་ཐང་ནི། གནའ་རྫས་རྟོག་ཞིབ་མཁན་འགའ་རེ་དང་། རིག་དངོས་སྲུང་སྐྱོབ་ལས་ཁུངས་འགའ་རེའི་སྡོམ་ཚིག་ཐན་ཐུན་གྱིས་ཐག་གཅོད་ནུས་པ་ཞིག་གཏན་ནས་མིན་པར་མ་ཟད། ཁོ་པ་ཅག་གིས་ནམ་ཡང་རྟོགས་ཐབས་བྲལ་པའི་གསང་བ་ཞིག་ཡིན་ཟེར་ཀྱང་ཆོག    དཔེར་ན།  དུར་སའི་རྡོ་དམག་ཅིག་གི་མཛུབ་མོ་བརྐུས་སོང་ཞེས་ཉིན་ལྟར་ཟློ་མཁན་གྱི་གཞུང་འབྲེལ་གསར་ལམ་དེ་ཚོས། གཙུག་ལག་ཁང་ལ་མེ་སྐྱོན་ཚབས་ཆེན་དེ་འདྲ་བྱུང་བར་དོ་སྣང་མི་བྱེད་པ་དེས་ཀྱང་གནས་ཚུལ་མང་པོ་ཞིག་མཚོན་ཐུབ་པ་མིན་ནམ།

འདས་པའི་བྱུང་རབས་རིང་མོའི་ནང་། ཁྲི་དར་མའི་དུས་ཀྱི་སྡེ་གཟར་སྐབས་སུ་ཇོ་ཁང་བཤས་རར་བསྒྱུར་ཅིང་ཇོ་བོ་བྱེ་མའི་གསེབ་ཏུ་སྦས་པར་ཐོས།  “རིག་གསར”སྐབས་སུ་ཇོ་ཁང་ཕག་གསོ་ར་བར་བསྒྱུར་ནས་ཇོ་བོ་སྐུ་རྗེན་དུ་ཕུད་པར་ཐོས། འོན་ཀྱང་བོད་པའི་སེམས་ནས་ཇོ་བོ་རིན་པོ་ཆེ་ནི་ཇོ་བོ་རིན་པོ་ཆེ་ཡིན་པའི་དད་སྟོབས་ལ་ནམ་ཡང་གས་ཆག་ཤོར་མ་མྱོང་བས།  དཔལ་ལྡན་ཨ་ཏི་ཤས་ཇོ་བོ་བྱེ་མ་ལས་བཏོན་ཏེ་སླར་བཞུགས་སུ་གསོལ་བ་དང་། སྡེ་སྲིད་ཕག་མོ་གྲུ་བའི་སྐབས་རྗེ་བདག་ཉིད་ཆེན་མོས་ཇོ་བོར་དབུ་རྒྱན་ཕུལ་ཏེ་མཆོད་པའི་སྲོལ་རྒྱ་ཆེར་བཙུགས་པ་རེད།       

ཇོ་བོ་ལ་བརྟེན་ནས་འོ་ཐང་ར་སར་གྱུར།  ར་ས་ལྷ་སར་གྱུར་པའི་གནས་ཚུལ་བྱུང་བ་ཡིན་ལ།  ལྷ་ས་ལྷ་ས་ཡིན་པ་དེ་སྲིད་དུ།  ལྷ་ས་ནི་བོད་ཁ་བ་ཅན་པའི་ཡུལ་དབུས་དང་སེམས་ཀྱི་དག་ཞིང་ཡིན་པའི་གནས་སྟངས་ཀྱང་འགྱུར་མི་སྲིད་ལ།  དེ་མ་འགྱུར་བ་དེ་སྲིད་དུ།ཕྱོགས་བཞི་མཐའ་བརྒྱད་ན་གནས་པའི་བོད་མི་རེ་རེའི་རྣམ་ཤེས་གཞི་གཅིག་ཏུ་སྦྲེལ་བའི་གཟུང་ཐག་ཀྱང་ཆད་མི་སྲིད་དོ། །     

གཟུང་ཐག་དེ་ནི་ཆོས་ཀྱི་དད་པ་ཡིན་ཆོག་ལ། རིགས་ཀྱི་ཞེན་པ་ཡང་ཡིན་ཆོག །  གཟུང་ཐག་དེ་ནི་རྟགས་དང་རྒྱུ་མཚན་ལྡན་པའི་ལྟ་གྲུབ་ཡིན་ཆོག་ལ།  མེས་པོས་ག་ལེར་བགོས་པའི་བག་ཆགས་ཡིན་ཡང་ཆོག་སྟེ།  གང་ལྟར་འུ་ཅག་གིས་གཟུང་ཐག་དེའི་སྣེ་མོར་འཇུས་པའི་ལག་རྡང་མ་ལྷོད་ན། ང་ཚོའི་སེམས་དང་རྣམ་ཤེས་ཀྱང་རང་གི་གཞིས་ཁྱིམ་དེའི་པང་དུ་ཡང་ཡང་ལོག་ངེས་ཤིང་། ཡུལ་གངས་ཅན་པའི་སྐྱེ་བོ་མཐའ་དག་ཁྱིམ་གཅིག་ཡིན་པའི་ལོ་རྒྱུས་ཀྱི་ཆུ་བོ་ཡང་བསྐམ་མི་སྲིད་དོ།  །                       

གཉིས།      

གནས་སྟངས་དེ་འདྲ་ཡིན་པར་བསམས་ན། ད་རེས་ཀྱི་བར་ཆད་དེ་ཡང་རྐྱེན་ངན་དགེ་གྲོགས་སུ་བསྒྱུར་རྒྱུའི་ཕྱོགས་སུ་འབད་དགོས་པས།  མ་འོངས་པ་ན་འབྲེལ་ཡོད་མི་སྣ་ཀུན་གྱིས་གཙུག་ལག་ཁང་དང་ཇོ་བོ་རིན་པོ་ཆེ་སྲུང་སྐྱོབ་བྱེད་སྟངས་ཐད་སྔར་ལས་ལྷག་པའི་དོ་ཁུར་གནང་རྒྱུ་ལས་གལ་ཆེ་བ་ཞིག་གཞར་ཡང་མེད་དོ།  །      

དེ་ལ་ཇོ་བོ་རིན་པོ་ཆེ་ནི། རིག་དངོས་ཀྱི་ཐད་ནས་སྲུང་སྐྱོབ་བྱེད་སྟངས་ཤིག་དང་། དད་རྟེན་གྱི་ཐད་ནས་སྲུང་སྐྱོབ་བྱེད་སྟངས་ཤིག་སྟེ་གཉིས་ཡོད་པ་ལས།  རིག་དངོས་ཀྱི་ཐད་ནས་སྲུང་སྐྱོབ་བྱེད་ཚུལ་ལམ་ཕྱིའི་གཟུགས་སུ་གྲུབ་པའི་ཇོ་བོའི་སྐུ་བརྙན་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་པ་དང་། སླད་ཕྱིན་གཙུག་ལག་ཁང་ལ་ཞིག་གསོ་ཇི་ལྟར་བྱ་དགོས་མིན་སོགས་ནི་འབྲེལ་ཡོད་མི་སྣ་ཚོས་ཚན་རིག་དང་མཐུན་པའི་ཐབས་བསྟེན་ཏེ།   ལུས་སེམས་གཉིས་ཀྱི་སྐུ་ངལ་བསྐྱོན་དགོས་པ་ཞིག་ཡིན་པས། ང་དང་ང་ལྟ་བུ་དག་གིས་བཤད་སར་འགྲོ་བ་ཞིག་དང་། བཤད་དགོས་པ་ཞིག་ཡིན་མིན་ཡང་ཅི་ཆའོ། །   

འོན་ཀྱང་རང་ཅག་ལ་མཚོན་ན། ཇོ་བོ་རིན་པོ་ཆེ་ནི་དད་རྟེན་གྱི་ངོས་ནས་སྲུང་ཚུལ་མི་ནོར་རྒྱུ་རབ་ཏུ་གལ་ཆེ་སྟེ།  ཇོ་བོ་རིན་པོ་ཆེ་ནི་སྟོན་པའི་གདུང་ཚོབ་ལྟ་བུ་ཞིག་ཡིན་པ་དང་། གངས་ཅན་པ་སྤྱིའི་དད་འདུན་གྱི་ཐལ་མོ་སྦྱོར་ཡུལ་ཡིན་པའི་ངོ་བོ་གཏན་ནས་བརླག་མི་རུང་བ་ནི་གཙོ་བོ་ལས་ཀྱང་གཙོ་བོ་རེད།  དེའི་ཕྱིར་འབྲེལ་ཡོད་ལས་བྱེད་ཚོས་ཇོ་བོ་དང་འབྲེལ་བའི་གནས་ཚུལ་ཆེ་ཆུང་ཀུན་ལ་ཚོར་སྣང་སྐྱེན་པོས་གཟབ་གཟབ་གནང་ནས།  རྒྱུའི་ཀུན་སློང་ཡག་བཙོག་ལ་མ་ལྟོས་པར་རྩིང་རགས་ཀྱི་སྐྱོན་དང་བཅས་པའི་ཕྱག་ལས་མི་བསྒྲུབ་པའི་རེ་བ་སྙིང་ནས་ཆེའོ།    ཅིའི་ཕྱིར་ན།   རང་ཅག་གི་སེམས་ཀྱི་གཏིང་རུམ་དུ་བཞུགས་པའི་ཇོ་བོ་མ་འཇིག་ཚེ།   བརྒྱ་ལ་ཇོ་བོའི་སྐུ་བརྙན་འཇིག་རུང་བསྐྱར་དུ་བཞེངས་ཆོག་མོད། རང་ཅག་གི་སེམས་ནང་ནས་ཇོ་བོ་འཇིག་པར་གྱུར་ན་ནི།  དེ་བསྐྱར་དུ་ཅི་ལྟར་བཞེང་ངམ། སུ་ཡིས་བཞེང་ནུས་སམ།   

ད་སྐབས་མཐའ་འཁོབ་ཀྱི་དགོན་སྡེ་འགའ་རེས།  འདུ་བ་ཕྲན་ཙམ་གྱི་ཆེད་རང་རང་གི་ཡུལ་དུ་བཞེངས་པའི་སྐུ་བརྙན་རྣམས་ཇོ་བོ་རིན་པོ་ཆེ་དང་རིན་ཐང་མཉམ་ཚུལ།  བྱིན་རླབས་གཅིག་ཚུལ་སོགས་སྒྲོག་བཞིན་པ་དེ་ཡང་། དད་ལྡན་སེར་སྐྱ་ཕོ་མོའི་ཡིད་ངོར་ཇོ་བོ་རིན་པོ་ཆེ་གཅིག་ལས་གཉིས་མེད་པའི་དད་འདུན་གཙང་མ་གཏོར་བྱེད་ཅིག་ཏུ་འགྱུར་གྱི་འདུག     དེ་བཞིན་དུ་འགའ་རེས་ལྟ་བ་གསར་མདོག་གིས་ཇོ་བོ་རིན་པོ་ཆེ་ནི་བོད་ཀྱི་རྒྱུ་ནོར་འཕྲོག་པའི་ཆོམ་པོ་ཡིན་རབས་སོགས་ངན་དམོད་སྣ་ཚོགས་བྱེད་པ་དང་། ཁ་ཅིག་གིས་ཇོ་བོ་རིན་པོ་ཆེ་ནི་གྲུབ་མཐའ་བྱེ་བྲག་པ་ཞིག་གི་ཁྱད་ནོར་བཟོ་འདོད་པ་ལྟ་བུའི་སྣང་ཚུལ་དག་ཀྱང་དེ་ཇི་བཞིན་ལས་མ་འདས་པས། ཤིན་ཏུ་གཟབ་དགོས་པའི་གནས་ཤིག་ཡིན་པར་སྙམ་མོ།  །      

སྤྱིར་རང་རེ་བོད་ཁ་བ་ཅན་ལ་ཇོ་བོའི་མཚན་ཅན་གྱི་རྟེན་མང་པོ་ཡོད་ན་ཡང་། ཇོ་བོ་ཡིད་བཞིན་ནོར་བུ་ནི་གཅིག་ལས་གཉིས་མེད་ལ། ཡོད་ཀྱང་མི་དགོས་ཏེ།  རང་ཅག་ཐུན་མོང་ལ་སེམས་རྟེན་གཅིག་ཡོད་པའི་རིན་ཐང་ནི། དཔྱོད་ལྡན་ཚོས་ཕྱོགས་སོ་སོ་ནས་དཔྱད་ན་ཤིན་ཏུ་རྟོགས་སླ་བས། རིགས་ལམ་དེས་གནས་ཚུལ་གཞན་དང་གཞན་ལ་ཡང་འཕུལ་ཤེས་ན་ཅི་མ་རུང་ཨང་།     

ད་དུང་བཤད་འདོད་པ་ཞིག་ལ།  དོན་དག་ཆེ་ཆུང་གང་ཡིན་རུང་རྟེན་འབྲེལ་བརྟག་རྒྱུར་དགའ་བའི་རང་རེར་མཚོན་ན། ལོ་མགོར་གཙུག་ལག་ཁང་མེ་རུ་ཤོར་བ་འདིས་རྣམ་རྟོག་མི་ལེགས་པ་ཅི་རིགས་བསླངས་སོང་མོད། ད་རེས་ཀྱི་རྐྱེན་ངན་འདིའི་ཐོག་ན་ལྟས་ཡག་པོ་གཅིག་ཀྱང་མཐོང་རྒྱུ་མེད་པའང་མ་ཡིན་ཏེ། རྐྱེན་ངན་འདི་བྱུང་བའི་སྐད་ཅིག་དེ་ཉིད་ལ། བོད་ཡུལ་སྟོད་སྨད་བར་གསུམ་གྱི་སྤུན་ཟླ་ཐམས་ཅད་ཀྱིས་བློ་རྩེ་གཅིག་ལ་གཏད། གདུང་སེམས་ལྷན་དུ་སྐྱེས།  སྨོན་ལམ་གཅིག་ཏུ་བཏབ་པ་མ་ཡིན་ནམ།     

དེ་ལ་བལྟས་ན། ང་ཚོ་ཀུན་གྱིས་རང་གི་རྩ་བའི་གཞིས་ཁྱིམ་གཏན་ནས་བོར་མེད་པའི་ངང་ཚུལ་མཐོང་ནུས་པར་མ་ཟད།  ཁྱིམ་གཅིག་པའི་སྤུན་ཟླ་འདི་ཚོའི་རྒྱུད་ན་རང་གི་གཞིས་ཁྱིམ་ལ་བདག་པོ་རྒྱག་འདོད་ཀྱི་བློ་སློབས་དང་སྙིང་སྟོབས་ཤིག་མཆེད་ཀྱིན་པའང་དཔོག་ནུས་སོ།  ། 

      

བོད་ས་ཁྱི་ལོའི་ཟླ1ཚེས6དང་། ཕྱི་ལོ2018ཟླ2ཚེས21ཉིན་སྐྱེས་སར་འཕྲིན་ལས་སུ་འབོད་པས་མདོ་སྨད་རྔ་པའི་རང་ཁྱིམ་དུ་སྦྱར།