ལོ་རྒྱུས་ཡོངས་གྲགས་ལྟར་ན། བོད་མི་རིགས་སྤྱི་བྱིངས་ཀྱིས་བཀོལ་སྤྱོད་བྱེད་ཀྱིན་ཡོད་པའི་བོད་ཡིག་འདི་ནི་ཕྱི་ལོའི་དུས་རབས་བདུན་པའི་ནང་ཐོན་མི་སམ་བྷོ་ཊ་ཡིས་གསར་བཟོའམ་གསར་བཏོད་ཅི་རིགས་བྱས་པར་བཤད་པ་ནས་བཟུང༌། དུས་ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ཕྱེད་ལྷག་གི་དུས་ཡུན་རིང་པོ་ཞིག་འདས་ཡོད། བོད་ཡིག་ནི་སྔོན་ཐོན་གྱི་ཡི་གེའི་གྲས་ཤིག་ཡིན་མིན་གང་ལྟར་ཡང༌། འདི་ལ་སྒྲ་དོན་གང་ཐད་ནས་ཆ་ཚང་ཞིང་ཕུན་ཚོགས་ཚོགས་པའི་ཁྱད་ཆོས་མང་པོ་འཛོམས་ཡོད་པ་ནི་དྲང་བདེན་ཡིན། སྤྱི་ཚོགས་དང༌། ཁོར་ཡུག གནས་དུས་བཅས་ལ་འཕོ་འགྱུར་འབྱུང་རྒྱུ་ཡོད་པ་ནང་བཞིན། བོད་ཡིག་གི་སྤྱོད་སྒོའི་ཐད་ནས་ཀྱང་འཕེལ་འགྲིབ་དང་ལེགས་ཉེས། དགེ་སྐྱོན་གྱི་ཆ་ཅི་རིགས་ཤིག་བྱུང་མྱོང་ཡོད། 

དུས་རབས་སྔོན་མའི་ནང་དུ་ཚད་བརྒལ་རང་བཞིན་གྱི་དུས་ལོག་སྟེ་རིག་གསར་གྱི་ཡོ་འཁྱོམས་ཆེན་པོ་མ་བྱུང་བའི་གོང་རོལ་དུ། བོད་ཡིག་སྤྱིའི་བརྡ་དོན་དང༌ཐོབ་ཐང༌། ཚིག་གི་གཅོད་མཚམས། བརྡ་སྤྲོད་ཀྱི་ནུས་པ། སྡེབ་སྦྱོར་གྱི་གོ་རིམ། མིང་ཚིག་གི་སྒྲ་དོན་དང་འགྱུར་མཚམས། མིང་ཚིག་དོན་གསུམ་དང་མཐུན་པའི་ཐ་སྙད། སྔ་ཕྱིའི་ཚིག་གི་འབྲེལ་མཚམས། ཐ་ན་ཉམས་འགྱུར་མཚོན་པའི་ཚིག་གི་འགྱུར་འགྲོས་སོགས་གང་ཞིག་གི་ཐད་ནས་ཀྱང༌། བོད་སྐད་ཡིག་གི་ལས་དོན་དང་འབྲེལ་ཡོད་ཁྲོད་དུ་བོད་རང་གི་མིང་ཚིག་ཡི་གེ་གསུམ་དང་མཐུན་པའི་ཐ་སྙད་ཀྱིས་མ་འདང་བའི་དཀའ་ངལ་ལམ་མུ་གེའི་རིགས་ཡེ་ནས་བྱུང་མྱོང་མེད་པ་ནི་བློ་གཟུ་བོས་དཔྱད་ཅིང་བརྟག་ན་གསལ་རྟོགས་ཡོང་བ་ཡིན། 

དུས་ལོག་དེ་བྱུང་མཚམས་ནས་བཟུང་བོད་སྐད་ཡིག་ལ་ཡང་ཧ་ཅང་ཚད་བརྒལ་གྱི་ཉམས་ཆག་བྱུང་བའི་གནས་བབ་ཅིག་ཆེད་བསྐྲུན་བྱས་ཡོད། བོད་ཕྱི་ནང་གང་དུ་ཡིན་ཡང་རིགས་ཀྱི་འདུ་ཤེས་ཀྱི་ལར་ཞེན་ཞིག་གི་འོག་ནས་མི་རིགས་རང་གི་སྲོག་རྩར་གྱུར་པའི་སྐད་ཡིག་གཉིས་པོ་ནི། མི་རིགས་རང་གིས་རྒྱ་ཁབ་ཏུ་བཀོལ་སྤྱོད་ཀྱིས་སྲུང་སྐྱོབ་གོང་སྤེལ་དང༌། ཇེ་ལེགས་འཐུས་ཚང༌། སྙིགས་འདོར་བཅུད་ལེན་བཅས་བྱེད་དགོས་ངེས་ཤིག་ཅི་ནས་ཀྱང་ཡིན་ན་ཡང༌། བོད་རིགས་སྤྱི་དང་ལྷག་པར་དུ་ཕྱི་སྡོད་བོད་པ་ཚོས་ནི་གཞན་གྱི་ཤུགས་རྐྱེན་དང༌། ཁོར་ཡུག་གི་ཆ་རྐྱེན། སྤྱི་ཚོགས་ཀྱི་གནས་བབ་བཅས་ལ་ལེ་ཁག་རྐྱང་རྐྱང་བདས་ནས་སོ་སོའི་རང་སྐྱོན་ངོས་ལེན་བྱེད་ཐུབ་ཀྱི་མེད། འདི་ནི་བོད་མི་ཕལ་ཆེར་ལ་རང་ཤུགས་ཀྱིས་འཇགས་པའི་ངན་གོམས་ཀྱི་སྐྱོན་ཆ་ཆེན་པོ་ཞིག་ཡིན།

སྤྱི་སྤམ་ཙམ་པོའི་ངོས་ནས་བལྟས་ན། གཞན་གྱི་ཤུགས་རྐྱེན་དང་ཁོར་ཡུག་གི་གནས་བབ་སོགས་ལ་བརྟེན་ནས་བོད་སྐད་ཡིག་དར་སྤེལ་ཐད་ལ་འགོག་རྐྱེན་འཕྲད་ཀྱིན་ཡོད་པ་ལྟ་བུར་སྣང་ན་ཡང༌། ནན་གྱིས་བསམ་གཞིག་ཅིག་བྱས་ཚེ་འགོག་རྐྱེན་ཆེས་ཆེ་ཤོས་ནི་དེ་དག་མ་རེད་བསམ། དེའི་འགོག་རྐྱེན་ཆེ་ཤོས་ནི་བོད་མི་མང་ཆེ་བ་ལ་རིགས་ཞེན་གྱི་འདུ་ཤེས་ཟབ་མོ་དང༌སློབ་གསོ། ལྟ་བ། བསམ་བློ་བཅས་ཤུགས་ཆེན་པོ་མེད་པ་དེ་ཡིས་རེད། དེའི་སྟབས་ཀྱིས་རང་རེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཞིག་བོད་མི་རང་ངོས་ནས་མགོ་བརྩམས་ཏེ་ཕྱི་ནང་གཉིས་ཀ་ན་རང་ཤུགས་ཀྱིས་ཉམས་དམས་སུ་འགྲོ་ཡི་ཡོད་པ་དང་། དེ་ལྟར་ཉམས་རྒུད་དུ་འགྲོ་བའི་ཚད་མྱུར་ཞིང་ལས་སླ་བོ་ཡང་རེད། བོད་སྐད་ཡིག་གི་གནས་སྟངས་ཀྱང་རང་བཟོས་འགོག་རྐྱེན་དེ་དག་ལས་འདའ་ཐུབ་མེད། 

དེ་འདྲའི་གནས་བབ་སྐྱོ་བོ་ཞིག་གི་འོག་ནས་བོད་སྐད་ནང་དུ་གཞན་སྐད་མང་པོ་ལྷད་འདྲེས་བྱུང་ཡོད་ལ། བོད་ཡིག་ནང་དུ་ཡང་མིང་ཚིག་དང་ཐ་སྙད་མང་པོ་ཞིག་སྟོང་ཆར་ལྷག་བསྡད་ཡོད་པའམ། ཡང་ན་མི་རིགས་གཞན་གྱི་ཡིག་རིགས་ལས་ཐ་སྙད་མང་ཙམ་ལེབ་བཤུས་ཀྱིས་བཀོལ་སྤྱོད་བྱེད་ཀྱིན་ཡོད་པ་ནི་མངོན་གསལ་དོད་པོ་ཡིན། དེར་བརྟེན་བོད་ཀྱི་མཁས་པ་རྒན་རབས་བསམ་ཡོད་ཅན་དང་གཞོན་སྐྱེས་ཤེས་ཡོན་ཅན་ཁག་ཅིག་གིས་དེ་སྔ་ནས་བོད་སྐད་ཡིག་གཉིས་གཅིག་གྱུར་ཡོང་ཐབས་དང༌། ལྷག་པར་དུ་དེང་དུས་ཀྱི་རྫས་འགྱུར་དང༌། འཕྲུལ་ཆས། ཚན་རིག་བཅས་དང་འབྲེལ་བའི་ཅ་དངོས་གསར་བ་ཆེ་ཆུང་མང་པོ་ཞིག་གི་མིང་ཚིག་དང་ཐ་སྙད་རིགས་བོད་ཡིག་ནང་སྟོང་ཆར་མི་ལྷག་པའི་ཆེད་དུ་གླེང་སློང་དཔྱད་བརྗོད་དང་འབྲེལ་ཏེ་ཁ་ཚ་དགོས་གཏུག་གི་ཆེད་རྩོམ་མང་པོ་སྔ་རྗེས་སུ་སྤེལ་མྱོང་ཡོད་མོད། བློ་ཕམ་པ་ཞིག་ལ་དེ་ཐད་ནས་གྲུབ་འབྲས་དེ་ཙམ་འབྱུང་ཐུབ་མེད། 

མིག་སྔའི་གནས་བབ་དེའི་ཁར་ ‘མུ་གེའི་ཐོག་ལ་ཟླ་ལྷག་’ གི་ཚུལ་དུ། བོད་རང་ས་ན་བོད་ཀྱི་སྐད་ཡིག་གི་གསེང་དང་ཁུག་སོ་གང་སར་རྒྱའི་སྐད་ཡིག་གི་མིང་ཚིག་དང་ཐ་སྙད་གང་མང་ཞིག་ལྷད་འདྲེས་བྱུང་དང་འབྱུང་གིན་ཡོད་པ་དང༌། བོད་ཕྱི་ལོགས་སུ་ནི་ཨིན་ཇི་དང་རྒྱ་གར་གཉིས་ཀྱི་སྐད་ཡིག་གི་མིང་ཚིག་དང་ཐ་སྙད་མང་དག་ཅིག་ལྷག་ཏུ་ལྷད་འདྲེས་བྱུང་ཡོད་སྟབས། ད་ལྟའི་བོད་སྐད་ཡིག་གི་ངོ་བོའམ་རྣམ་པའི་ཆ་ནས་ཕྱེད་ཙམ་བོད་མི་རིགས་རང་གི་སྐད་ཡིག་དང༌། ཕྱེད་ཀ་ནི་མི་རིགས་གཞན་གྱི་སྐད་ཡིག་གི་བཟོ་འདྲ་ཞིག་ཆགས་ཡོད་པའི་སྐབས་ངན་དེ་ཡང་རྒྱུན་ལྡན་ལྟ་བུར་འགྱུར་གྱིན་མཆིས། རང་རེའི་མ་སྐད་ནང་དུ་སྐད་ལོག་ཡིག་ལོག་གིས་ཁེངས་པའི་དུས་སྐབས་ངན་པ་འདི་ནི་བོད་མི་རང་ཉིད་ཀྱིས་ཆེད་བསྐྲུན་བྱས་ཡོད།

མི་རིགས་ཀྱི་སྲོག་རྩ་ནི་སྐད་ཡིག་གཉིས་ཡིན་དབང་དུ་བཏང་ནས་བརྗོད་ན། ད་ལྟའི་བོད་སྐད་ཡིག་གི་གནས་སྟངས་དེ་ནི་ཧ་ཅང་ཉེན་ཚབས་རང་བཞིན་ཅན་ཞིག་ཆགས་ཡོད་ཚུལ་ཕྱོགས་གང་ཅིའི་ཆ་ནས་གསལ་བོ་ཡིན།  དེ་ཕྱིར་འབྲེལ་ཡོད་བོད་ཀྱི་ཚོགས་སྡེ་རེ་ཟུང་གིས་བོད་ཀྱི་ཐ་སྙད་དང་བརྡ་ཆད་ཁག་ཅིག་གཏན་འབེབ་གསར་བཟོ་བྱས་དང་བྱ་འཆར་ཡོད་པ་དེར་ཡོངས་སུ་དགའ་བསུ་དང་རྒྱབ་སྐྱོར་ཞུ་གལ་ཆེ་མོད་ཀྱང་། གཞི་རྩའི་ཆ་ནས་ཐ་སྙད་གསར་བཟོ་ཞེས་པ་ནི་བྱ་དངོས་གང་ཞིག་ལ་རང་གི་སྐད་ཡིག་ཐོག་ཏུ་མིང་ཚིག་བྱུང་མེད་པའམ། ཡང་ན་དེར་སྟོང་ཆ་ལྷག་བསྡད་ཡོད་པའི་ཐ་སྙད་དག་གསར་བཟོ་བྱེད་པར་གོ་དོན་བླངས་ན་ཕལ་ཆེར་འགྲིག་པ་ཡིན། དེ་བཞིན་ཐ་སྙད་གསར་བཟོ་བྱེད་པ་ནི་མི་རིགས་ཤིག་གི་སྲོག་རྩའམ་ཐུན་མོང་མ་ཡིན་པའི་སྐད་ཡིག་གི་ལས་དོན་གལ་གནད་ཅན་ཞིག་ཡིན་སྟབས། དེ་ལ་དགོས་ངེས་ཀྱི་གཟབ་ནན་སྟངས་འཛིན་ཞིག་དང་འབྲེལ་ནས་ཐ་སྙད་གསར་བཟོ་ཇི་ཙམ་བྱས་པ་དང་དུས་མཚུངས་སུ། དེ་དག་ཇི་ལྟར་བཀོལ་སྤྱོད་ཀྱི་ཐབས་ལམ་སྐོར་ནས་ཀྱང་བསམ་གཞིག་ནན་ཙམ་གནང་དགོས་གལ་ཆེ་བར་འདོད།

བོད་སྐད་ཡིག་ཐོག་ནས་ཡོངས་ཁྱབ་གཅིག་མཚུངས་ཡིན་པའི་གཞུང་བཀའ་པོད་ལྔའམ་དེ་འབྲེལ་གྱི་བསྟན་བཅོས་ཁག་ཅིག་དང་། ལྷ་སྐུའི་མཚན་སོགས་ཀྱི་སྐོར་ནས་བོད་མི་རང་གིས་ནི་ད་ལྟའི་ཆར་ལེགས་སྦྱར་གྱི་སྐད་ནས་ཕྱི་གླིང་པ་ལ་ངོ་སྤྲོད་འཆད་ཁྲིད་བྱེད་ཀྱིན་ཡོད་པ་དང་། དེ་དག་ལས་ ‘བུད་ངྷ་’ ལྟ་བུར་མཚོན་ནས་བཤད་ན། བོད་སྐད་ཐོག་ཏུ་དེ་ལ་སངས་རྒྱས་དང༌། རྒྱལ་བ། ཀུན་མཁྱེན། བཅོམ་ལྡན་འདས་བཅས་ཀྱི་ཐ་སྙད་མང་བ་དང༌། དེ་མཚུངས་ལྷ་སྐུའི་ཁྲོད་ནས་ ‘ལོ་ཀེ་ཤྭ་ར་’ ལྟ་བུ་ལ། བོད་སྐད་ཐོག་ཏུ་སྤྱན་རས་གཟིགས་དང་། ཐུགས་རྗེ་ཆེན་པོ།  སྙིང་རྗེའི་ལྷ་སོགས་ཀྱིས་མཚོན་གཞན་རྣམས་སོ་སོར་ཡང་མིང་དོན་གཉིས་མཐུན་གྱི་ཐ་སྙད་འདི་བཞིན་མང་མོད་ཀྱང༌། བོད་ཀྱི་བླ་སྤྲུལ་དང་དགེ་བཤེས་མང་པོས་ནི་ཕྱི་མི་ཚོར་བོད་བརྒྱུད་ནང་ཆོས་འཆད་ཁྲིད་བྱེད་སྐབས་སུ་བོད་སྐད་ཀྱི་མིང་ཚིག་དང་ཐ་སྙད་དེ་ཚོ་བཀོལ་སྤྱོད་བྱེད་ཀྱི་མེད། བྱས་ཉེས་དེར་བརྟེན་ནས་ཕྱི་མི་བོད་བརྒྱུད་ནང་ཆོས་སྦྱོང་མཁན་ཚོའི་ཁ་ལག་གཉིས་ཀར་བོད་སྐད་ཐོག་ཡོད་པའི་སངས་རྒྱས་དང༌། ཆོས། དགེ་འདུན། སྤྱན་རས་གཟིགས། དབུ་མ། ཕར་ཕྱིན་སོགས་མང་པོ་ཞིག་གི་ཐ་སྙད་མི་མངོན་པ་ནས་རྩ་ཡལ་དུ་ཕྱིན་ཡོད། 

དེ་དང་ཕྱོགས་མཚུངས་སུ་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ཉིན་རེའི་འཚོ་བ་དང་འབྲེལ་བའི་སྐད་རིགས་ཀྱི་ཁྲོད་ནས་བོད་ནང་དུ་ནི།  སྲིད་འཛིན་ལ་-ཙུང་ཐུང་(རྒྱ་སྐད་)དང་།  ཁུལ་དཔོན་ལ་-ཀྲིག་ཀྲང་(རྒྱ་སྐད)།  རྫོང་དཔོན་ལ་-ཞན་ཀྲང་(རྒྱ་སྐད)།  ཁང་རྩེག་ལ་-ཏ་ལུག(རྒྱ་སྐད)།  ལྷན་ཁང་དང་སྒྲིག་འཛུགས་ལ་-པུའུ(རྒྱ་སྐད)།  བཟོ་ཚོང་ཁང་དང་ཚོང་གཉེར་ཁང་ལ་-ཀུང་ཟི(རྒྱ་སྐད)། སོགས་ཀྱི་རྒྱ་སྐད་ཤིན་ཏུ་མང་པོ་འདྲེས་པ་དང་། 

དེ་བཞིན་དུ་བོད་ཕྱི་ལོགས་སུ་ནི། ཐམས་ཅད་ལ་-པུབ་ར་(ཧིན་སྐད་)དང༌།  སྨན་པ་ལ་-ཨེམ་རྗེ་དང་ཨེམ་ཆི(སོག་སྐད)-སྒྲོག་ཀྲར་(ཨིན་སྐད)།  གུང་སེང་ལ་-ཆུའུ་ཀྲིས(ཧིན་སྐད)།  ཁྲོམ་ལ་-རྦ་འཛར(ཨིན་སྐད)།  གློག་བརྙན་ལ་-པུས་ཆར(ཨིན་སྐད)།  སྨྱུ་གུ་ལ་-པེན(ཨིན་སྐད)།  སྡེར་མ་ལ་-པི་ལེ་ཀྲི(ཨིན་སྐད)།  ཚེས་གྲངས་ལ་-ད་རིས(ཧིན་སྐད)།  དངུལ་ཁང་ལ་-སྦན་ཁི(ཨིན་སྐད)།  ཨང་གྲངས་ལ་-ནམ་པུར(ཨིན་སྐད)།  དུས་སྟོན་ལ་-པ་ཀྲིས(ཨིན་སྐད)།  ནད་གཡོག་ལ་-ནར་སི(ཨིན་སྐད)།  སྔོ་ཚལ་ལ་-སབ་ཅེ་(ཧིན་སྐད)།  ཀ་ར་ལ་-ཞི་ནེས་(ཧིན་སྐད་)སོགས་མང་དུ་བརྗོད་པ་རྣམས་ནི་བོད་སྐད་ཁྲོད་གཞན་སྐད་རྒྱུན་སྤྱོད་བྱེད་པའི་དཔེར་མཚོན་ཙམ་ཡིན། འདི་དག་ནི་བོད་མི་རང་ངོས་ནས་རང་སྐད་ལ་བདག་མེད་སྣང་ཆུང་བྱས་པའི་མཇུག་འབྲས་འབའ་ཞིག་ཡིན་པ་ལས། དེ་ལ་གཞན་གྱི་ཤུགས་རྐྱེན་དང་འགོག་རྐྱེན་འདྲ་ངེས་ཅན་གྱིས་འཕྲད་ནས་དེ་འདྲར་གྱུར་པ་གཞར་ཡང་མིན། 

འདི་ལྟར་མིང་དོན་གཉིས་མཐུན་གྱི་བོད་རང་གི་ཐ་སྙད་རྐང་གཅིག་རྩ་བརླགས་སུ་ཕྱིན་ཀྱང༌། དེས་ནི་བོད་སྐད་ཡིག་གི་ཉམས་རྒུད་ཅིག་མཚོན་གྱིན་ཡོད་སྟབས། མི་རིགས་གཞན་གྱི་ཐ་སྙད་མང་པོ་ཞིག་བོད་སྐད་ཡིག་གི་ནང་དུ་བོད་མི་རང་ཉིད་ཀྱིས་སྣང་མེད་ངང་ལྷད་འདྲེས་བྱུང་བཅུག་ན། བོད་སྐད་ཐོག་གི་ཐ་སྙད་གང་མང་ཞིག་རང་ཤུགས་ཀྱིས་ཉམས་དམས་རྩ་བརླགས་སུ་འགྲོ་བ་ནི་ང་ཚོའི་ད་ལྟའི་གནས་བབ་འདིས་གསལ་བཤད་བྱས་ཡོད། བོད་ཀྱི་སྐད་ཡིག་གཉིས་གཅིག་གྱུར་དང་ཡར་རྒྱས་ཡོང་དགོས་པར་འདོད་པ་དེ་དངོས་འབྲེལ་ཡིན་ཚེ། དུས་སྐབས་ཤིག་རིང་ཐ་སྙད་གསར་བཟོ་ཐུབ་ཙམ་གྱིས་འགྲིག་ཐབས་གཏན་ནས་མེད་པར། འགན་ཁུར་དང་སྟངས་འཛིན་ལེགས་པོ་ཞིག་གི་འོག་ནས་བོད་སྐད་ཡིག་ལ་རང་རྐྱ་འཕེར་ཞིང་མཁྱེན་ཡོན་ཟབ་པའི་ཤེས་ཡོན་ཅན་གྱི་མི་སྣ་མང་པོ་ཡང་ཡང་བསྡུ་སྐོང་ཐོག་ཕན་ཚུན་གོ་བསྡུར་དང་བགྲོ་གླེང་ཡོང་བའི་ཐབས་ལམ་བླ་མེད་འདི་ཅིས་ཀྱང་སྤྱོད་དགོས་ངེས་ཤིག་རེད། 

བོད་སྐད་ཡིག་གི་ལས་དོན་ནི་རང་གི་སྐད་ཡིག་ལ་རང་བྱན་ཆུབ་ཅིང་རྒྱུས་མངའ་མཁྱེན་ཡོན་ཡོད་མཁན་གྱི་མི་སྣའི་རིགས་ཀྱིས་འབད་སྒྲུབ་བྱེད་དགོས་རྒྱུ་དེ་ཡང་ཁ་ཚ་དགོས་གཏུགས་ཀྱི་དོན་གནད་ཅིག་ཆགས་ཡོད། རྒྱུ་མཚན་ནི་སྔོན་ཆད་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དུ་གྲགས་པའི་དུས་སྐབས་སུ། བོད་ཀྱི་ལོ་པན་སྐུ་དྲིན་ཅན་ཚོས་སྐད་གསར་བཅད་དམ་བཀས་བཅད་ལན་གསུམ་དུ་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་གཞིགས་ན་དེ་ཚུལ་གསལ་རྟོགས་ཡོང་བ་ཡིན། དེ་འདྲའི་གནས་ཚུལ་དང་འབྲེལ་ནས་མཐོ་རིམ་ནས་སྟངས་འཛིན་ཐབས་བཀོད་འདྲ་དམིགས་བཀར་དུ་བྱུང་བ་ཡིན་ཚེ། གསར་བཟོས་ཐ་སྙད་གང་ཞིག་རང་རིགས་ཐུན་མོང་གིས་གཅིག་སྤྱོད་སྒོས་གཅིག་གྱུར་ཡོང་བར་ཁྱད་ནུས་ཐོན་ཡོང་བ་ནི་ ‘མང་གཙོ་’ དང༌།  ‘ལེགས་བྱང་’ ཞེས་པ་ལྟ་བུས་ཤེས་ཐུབ་པར་འདོད།  

དེར་བརྟེན་མ་འོངས་པར་ཐ་སྙད་གསར་བཟོའི་དུས་སྐབས་གང་དུ་ཡིན་ཡང་། ཐ་སྙད་གསར་བཟོ་ཐུབ་ཙམ་གྱི་ལས་དོན་གཅིག་པུས་ཡེ་ནས་མི་འགྲིག་པར་གསར་བཟོས་ཟིན་པའི་ཐ་སྙད་རྣམས་དུས་རབས་ཀྱི་འགྱུར་འགྲོས་དང༌། བོད་རང་གི་བརྡ་དོན་བཅས་དང་མཐུན་མིན་ལ་ཡང་ནན་གཞིགས་སྒོས་དེ་དག་སློབ་གྲྭ་ཁག་གི་སློབ་དེབ་དང༌། ལས་ཁུངས་ཁག་གི་ཡིག་ཆ། གསལ་བསྒྲགས་སོགས་ཀྱི་ནང་དུ་བཀོལ་འཇོག་སྤྱོད་གསུམ་གྱི་ཐབས་མཁས་ལ་བསྟེན་དགོས་ཡོད་པ་ནི་སྨོས་ཅི་དགོས་སྟེ། ཐ་ན་ལས་བྱེད་སྒེར་ངོས་ཀྱི་དགོངས་ཤོག་དང༌། ཁྱབ་བསྒྲགས། ཅ་དངོས་སོགས་ཀྱི་སྟེང་ངོས། གཞས་ཚིག་ཚུན་གྱི་ནང་དུ་ཡང་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་ཐུབ་པ་ཞིག་འབྱུང་དགོས་པ་ཡིན། 

ད་ལྟའི་དུས་ཉིད་ན་བོད་ཀྱི་སྐད་དང་ཡི་གེ་གཉིས་རྒྱང་རིང་འབྲེལ་མེད་ལྟ་བུར་ཆགས་ཀྱིན་ཡོད་པའི་ཚོར་སྣང་ཇེ་ཆེར་འབྱུང་གིན་ཡོད་པས། ཇི་ཙམ་གྱིས་སྐད་ཡིག་གཉིས་ཐ་དད་རྒྱང་ཁད་རིང་པོར་ཕྱིན་པ་དེ་ཙམ་གྱིས་སྐད་ཡིག་གཉིས་གཅིག་གྱུར་ཡོང་ཐབས་ལ་དཀའ་ངལ་འཕར་སྣོན་ཞིག་འབྱུང་གཏན་འཁེལ་བ་དང༌། ལྷག་པར་དུ་བོད་ཀྱི་ཡི་གེའི་བརྡ་དོན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ནུས་དེ་ཆུང་དུའམ་ཞན་དུ་འགྱུར་གྱིན་ཡོད། འདིའི་འབྱུང་རྐྱེན་དང་འགོག་རྐྱེན་ཆེ་ཤོས་ཐད་ལ་འདྲ་མིན་སྣ་ཚོགས་ཤིག་ཡོད་ངེས་ན་ཡང༌། དེ་དག་ལས་ཁ་སྐད་གཞིར་བཞག་གི་ད་ལྟའི་ངག་རྒྱུན་ལོ་རྒྱུས་ཀྱི་དཔེ་དེབ་སྐོར་ཞིག་དང༌། སློབ་གྲྭ་ཁག་གི་སྒྲུང་དེབ་ཁག་ཅིག  ཕྱི་གླིང་པས་བོད་སྐད་སློབ་དེབ་ཡིན་ཟེར་བའི་དཔེ་དེབ་འགའ་ནི་དཔེར་མཚོན་དུ་བཞག་ཆོག་ཆོག་རེད། 

དཔེ་དེབ་དེ་དག་(བོད་ཕྱི་ཕྱོགས་ཀྱི་བོད་ཡིག་དཔེ་དེབ་ཁག་ཅིག)གི་ནང་དུ། རང་རེ་བོད་ཀྱི་བརྡ་སྤྲོད་ཀྱི་འགྲོས་དང་གཏན་ནས་མི་མཐུན་པའི་ཁ་སྐད་དཔེར་ན། ང་ཆང་འཐུང་གི་མེད་དེ་དབུ་ཚུགས་བཀྱོན་བྱུང་་་་་༼  ངས་ཆང་འཐུང་གི་མེད་ཀྱང་ཨུ་ཚུགས་བརྒྱབ་སོང་། ༽
ངར་ལམ་འགག་ཅི་གཏོང་རོགས་གནང་་་་་་༼  ང་ལ་ལམ་ཞིག་གཏོང་རོགས་གནང་། ༽
ཁོང་ན་ཁག་བྱེད་ཀྱི་ཡོག་རེད་་་་༼   ཁོང་ན་ཁུལ་བྱེད་ཀྱི་ཡོད་པ་རེད། ༽
ཁྱེད་རང་ལ་སྐུ་མཆེད་ཡབ་གཅིག་ཡུམ་གཅིག་ཡོད་པས།་་་་་༼ ཁྱེད་ལ་ཕ་མ་གཅིག་པའི་སྤུན་མཆེད་ཡོད་དམ། ༽
ངས་དུག་སློག་ག་རེ་ཡང་གོན་གྱི་ཡོད།་་་་་༼ ངས་གྱོན་གོས་གང་འདྲ་ཡིན་ཡང་གྱོན་གྱི་ཡོད།༽ ལྟ་བུ་མང་བས་ཡིན། 

དེ་བཞིན་གཞན་གྱི་རྒྱལ་ཁབ་དང་ས་ཁུལ། མི་སྣ་ཁག་གི་མིང་། ཅ་དངོས་ཀྱི་མིང་སོགས་བོད་ཡིག་ཐོག་ཏུ་ཕབ་སྒྱུར་བྱེད་སྐབས་སུ་ཡང་། བོད་ཡིག་གི་སྒྲ་དོན་ཀློག་གསུམ་དང་བསྟུན་གཞིགས་ཀྱིས་གཅིག་གྱུར་གཅིག་རྟོགས་ཤིག་ཡོང་གཞི་བཀོལ་སྤྱོད་བྱེད་ཐུབ་པ་འབྱུང་དགོས་རྒྱུ་ལས། དེ་དག་གི་མིང་ཐད་ནས་ད་དུང་ཡང་བོད་ཡིག་དང་ལེགས་སྦྱར་གང་ཡིན་མི་ཤེས་པའི་ཡིག་གཟུགས་ཕུང་གསུམ་པ་(རྒྱལ་ཁབ་་ཅེཀོ་སོལོ་ཝཀི་ཡ-(Czechoslovakia)།  མེ་ཌཱ་གསྐཱ-(Madagascar)།  ཨ་རིའི་་མེསེཅུསེཊ-(Massachusetts)།  མཁས་དབང་་ཇམིལ་རཁིབ-(Jamila Raqib) ལྟ་བུ་འདི་འདྲ་བཀོལ་སྤྱོད་བྱས་དང་བྱེད་མུར་བསྡད་ན། བོད་ཀྱི་བརྡ་དོན་ཡིག་སྲོལ་དང་མཐུན་པའི་གཅིག་གྱུར་ཅན་གྱི་ཡི་གེའི་སྤྱི་སྐད་བཟང་བོ་དེ་དག་ཉམས་དམས་སུ་འགྲོ་གཞིའི་ཉེན་ཁའི་རང་བཞིན་གྱི་མྱུར་ལམ་ཞིག་ཆེད་དུ་བསྐྲུན་པ་འབའ་ཞིག་ལས་གཞན་གྱི་དགོས་པ་ཅི་ཡང་མ་མཐོང་། 

དེང་སྐབས་གནས་ཚུལ་འདི་འདྲ་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་མང་ནས་མང་དུ་འབྱུང་གིན་ཡོད་པར་བརྟེན། དེ་སྔའི་བོད་ཀྱི་ཡི་གེའི་བརྗོད་སྟངས་དང་སྐད་ཀྱི་བརྗོད་སྟངས་གཉིས་ཀྱི་གོ་དོན་སོ་སོར་འགྱུར་གྱིན་ཡོད། སྤྱིར་ན་གནས་ཚུལ་དང་ལས་དོན་གང་ཞིག་ཏུ་ཡིན་ཡང་ཁ་གསལ་གོ་བདེ་འབྱུང་དགོས་ཀྱི་ཡོད་པ་ནི་གསལ་བཤད་ཞུ་མི་དགོས་པ་ཞིག་ཡིན་ན་ཡང༌། ཁ་གསལ་གོ་བདེ་གཅིག་པོ་ཡོང་བའི་ཆེད་དུ་བོད་རང་གི་ཐུན་མོང་མ་ཡིན་པའི་ཡི་གེའི་བརྡ་དོན་དང་འགྲོ་སྲོལ་བཅས་པ་ཉམས་དམས་རྡོག་རོལ་བཏང་ན་རྦད་དེ་འགྲིག་ཐབས་མེད་པ་ཞིག་རེད། དེ་ཕྱིར་བོད་ཀྱི་ཡི་གེའི་སྤྱི་སྐད་དམ་ཡིག་སྲོལ་དང་མི་མཐུན་པའི་དཔེ་དེབ་རིགས་ལ་ངེས་པར་དུ་དཔྱད་གཞིག་གིས་ལེགས་སྤེལ་ཉེས་འགོག་བྱ་རྒྱུ་དེ་ཡང་། བོད་ཀྱི་སྐད་ཡིག་གཉིས་གཅིག་གྱུར་རམ་བོད་ཡིག་གི་མིང་དོན་གཉིས་མཐུན་གྱི་ཐ་སྙད་དག་གི་ཁྱད་ནུས་བཟང་བོ་རྣམས་མི་ཉམས་གོང་མཐོར་སྤེལ་ཐུབ་པའི་ཐབས་ལམ་ཞིག་ཏུ་མཐོང༌ཡོང་། 

མདོ་དོན་ཧྲིལ་གྱིས་དྲིལ་ན། གང་དུ་སྙིགས་རོ་དང་ཞན་སྐྱོན་གྱི་ཆ་མང་ན་བཟང་པོའི་རིགས་འབུར་ཐོན་ཡོང་མི་ཐུབ་པ་ཆོས་ཉིད་ཡིན་པ་དེ་བཞིན། བོད་ཀྱི་ཡི་གེའི་བརྡ་དོན་གྱི་འགྲོ་སྲོལ་དང་མི་མཐུན་པའི་ཕལ་སྐད་དམ་ཁ་སྐད་ཀྱི་རིགས་ཇི་ཙམ་གྱིས་མང་བའམ་ཤུགས་ཆེར་ཡོད་ན། དེ་ཙམ་གྱིས་བོད་ཡིག་གི་བརྡ་སྤྲོད་ཀྱི་ཁྱད་ཆོས་བཟང་པོ་རྣམས་རང་ཤུགས་ཀྱིས་ཉམས་དམས་རྩ་ཡལ་དུ་འགྲོ་ངེས་ཡིན་པ་ཡང་མིག་སྔར་གསལ་བའི་དངོས་ཡོད་ཀྱི་དོན་དག་ཅིག་ཏུ་འཁུམས་སོ།། 

 

༢༠༡༨ ། ༣ ། ༡ ཉིན་སྔོན་ཆད་བྲིས་པ་ཞིག་ལ་འཕྲི་སྣོན་ཅུང་ཟད་བྱས་ཏེ་སྤེལ།