སྐད་འཕྲིན་ལས་གཞན་གྱི་དྲི་བ་སྣ་ཚོགས་ལ་ལན་བཏབ་པའི་དྲིས་ལན་བདམས་བཀོད།

དྲི་ལན་འདེབས་མཁན། ཤིས་ཚང་ལྗང་མྱུག

དྲི་བ།  རྩོམ་འབྲི་བ་ལ་ཐོག་མར་ཞུགས་ན་མ་མཐའི་ཆ་རྐྱེན་ཅི་ཞིག་ཚང་དགོས།

    ལན།  ཁྱོད་ཀྱི་དྲི་བ་འདི་ལ་ཐད་ཀར་ལན་སྟབས་བདེ་ཞིག་ལྡོན་ན་དབྱངས་གསལ་གྱི་སྦྱོར་ཀློག་ལ་བྱང་ཆུབ་པ་ཞིག་དགོས་ཞེས་པ་དེས་འཐུས་པར་སྙམ། ཡིན་ནའང་། འདི་ནི་གཙོ་བོར་ཁྱོད་ཀྱི་དྲི་བའི་ཟུར་གྱི་ཐོག་མ་ཞེས་པ་དང་མ་མཐའ་ཞེས་པ་གཉིས་དམིགས་སུ་བཟུང་ནས་ལན་ལྡོན་པ་ཡིན་པས་འདི་ཙམ་པོ་ཁྱོད་ཀྱི་འདོད་པའམ་རེ་བའི་ལན་དུ་འཁེལ་མེད་ཚོད་ཡིན། དེའི་ཕྱིར་ངས་ཁྱོད་ཀྱི་དྲི་བ་འདི་དང་འབྲེལ་བའི་སྐད་ཆ་ཐུང་ཐུང་ཞིག་བསྙད་པར་བྱ།

ང་ཚོ་རྩོམ་ཡིག་འབྲི་བའི་ལམ་དུ་ཞུགས་པ་ནས་རྩོམ་ཡིག་ལེགས་པོ་ཞིག་འཁྱོངས་པའི་བར་ལ་རྒྱུ་ཚོགས་མང་བོ་ཞིག་ཚང་དགོས་པ་ཡོད་མོད། འདིར་གཙོ་ཆེ་བའམ་འགངས་ཆེ་བའི་ཆ་རྐྱེན་འགའ་སོ་སོར་སྐད་ཆ་ཉུང་ཉུང་རེ་ཡིས་འཆད་པར་འདོད།

༡ དགའ་མོས། དེ་ཡང་ཐོག་མར་རྩོམ་ཡིག་འབྲི་ཀློག་ལ་དགའ་བའི་སེམས་བྱུང་རིགས་ཤིག་སྔོན་དུ་སོང་བའི་རྨང་གཞིའི་ཐོག་རྩོམ་ཡིག་ཅི་ལྟར་འབྲི་བའི་སྦྱོང་བརྡར་ལ་གཞུག་དགོས་པ་ཡིན། གལ་ཏེ་ཁྱོད་ཀྱི་ཤ་དང་རུས་དང་རྐང་གི་སྦུབས་གང་ཞིག་ན་རྩོམ་ཡིག་ལ་དགའ་བའམ་དུང་བའི་བག་ཆགས་ཙམ་ཡང་མེད་ན་ཁྱོད་རང་རྩོམ་འབྲིའི་ལམ་དུ་འཇུག་རྒྱུར་ལྡབ་ཀྱིས་དཀའ་ལ། ཨུ་ཚུགས་དང་ཨམ་གཙིགས་ཀྱིས་རྩོམ་འབྲིའི་བྱ་བར་ཅི་ཙམ་འཐམས་ཀྱང་གྲུབ་འབྲས་ཀྱི་རྨང་མཐོ་བར་རྒྱང་ཐག་ལྡབ་ཀྱིས་རིང་བར་འདོད།  མདོར་ན། ངས་རྩོམ་འབྲིའི་ལམ་དུ་གཞུག་པ་ལ་ཐོག་མར་སུ་ཞིག་གིས་བསྐུལ་པ་དང་དེད་པ་མ་ཡིན་པར་རང་ངོས་ནས་དེར་འཇུག་པའི་ལྷན་སྐྱེས་ཀྱི་དགའ་བ་དང་མོས་པ་ཞིག་ཡོད་དགོས་ཟེར་བ་ཡིན།

༢ ཁོར་ཡུག   སྤྱིར་རྩོམ་འབྲི་བ་ནི་རང་གཅིག་བུས་བྲིས་ཏེ་རང་གཅིག་བུས་ཀློག་པའི་ཆེད་དུ་ཡིན་མི་སྲིད་པས་རང་ཉིད་ལ་རྩོམ་འབྲི་རྒྱུན་འཁྱོངས་དང་། བྲིས་པ་འགོད་སྤེལ་བྱ་སའི་ཁོར་ཡུག་ཅིག་ངེས་པར་དུ་དགོས་པ་ཡིན། གལ་ཏེ་དེ་ལྟ་བུའི་ཁོར་ཡུག་གི་ཟུར་ཙམ་ཞིག་མེད་པ་ན་ཁྱོད་རང་རྩོམ་འབྲིའི་ལམ་ནས་མུ་མཐུད་དུ་གསོན་རེ་དཀའ་ལ། རྩོམ་འབྲིའི་བྱ་བར་ཡར་སྐྱེད་དང་གྲུབ་འབྲས་འབྱུང་རྒྱུ་དེ་བས་ཀྱང་དཀའ་སེ་འདུག དེ་བས་རྩོམ་འབྲི་བ་ལ་ཐོག་མ་ནས་དེར་འབྲེལ་གྱི་ཁོར་ཡུག་བཟང་བོ་ཞིག་ཡོད་དགོས་པ་ནི་ཆ་རྐྱེན་གཅིག་ཡིན།

༣ རང་ཚུགས།  ཁྱོད་རང་རྩོམ་འབྲིའི་ལམ་དུ་ཞུགས་པ་ནི་སུ་ཞིག་གིས་སྐུལ་འདེད་དང་སྒུལ་ལྕོག་བྱས་པ་མ་ཡིན་པར་རང་མོས་ཀྱིས་ལམ་དེར་བསྐྱོད་པ་ཡིན་འོས་ལ། དེར་སུ་ཞིག་གི་གནོན་ཤུགས་དང་བཀག་རྒྱ་ནི་ཆེ་ཆུང་ཞིག་མ་གཏོགས་ཕལ་ཆེ་བར་གཅིག་མཚུངས་སུ་ཡོད་སྙམ། དེ་བས་ལམ་སྐབས་དེར་གནོན་ཤུགས་དང་བཀག་རྒྱ་ཅི་ཙམ་ཆེ་ཡང་ག་ཚོད་ཡོད་ཀྱང་དེར་མགོ་བོ་མི་སྒུར་བའི་རང་གཤིས་ཤིག་ཐོག་མ་ནས་ཡོད་དགོས་ལ། སུ་ཞིག་ལ་མི་འཐད་པ་དང་མི་དགའ་བའི་དངོས་ཤུགས་ཀྱི་སྦྱོར་བས་རང་གི་ལུས་ངག་ཡིད་གསུམ་གང་ལའང་ཤུགས་རྐྱེན་ཐེབས་སུ་མི་འཇུག་པའི་རང་ཚུགས་ཡོད་དགོས། དེ་ནི་རྩོམ་འབྲིའི་ལམ་དུ་ཞུགས་པ་ནས་སུ་ཞིག་གི་ཁ་ལེན་ཚིག་བརྩི་བྱ་མི་འོས་པའི་རང་རློམ་གྱི་འདུ་ཤེས་ཤིག་འཆང་དགོས་པའི་བླང་བྱ་བཏོན་པ་མིན་པར་ཁྱོད་ཀྱིས་རང་མོས་ཀྱིས་བདམས་པའི་རྩོམ་འབྲིའི་བྱ་བ་རྒྱུན་འཁྱོངས་ལམ་ལྷོང་ཡོང་བར་ཅིས་ཀྱང་བསྲུང་དགོས་པའི་ཆ་རྐྱེན་ཞིག་ཏུ་བགྲང་བ་ཙམ་ཡིན།

འདི་དག་ནི་གང་གི་རྗེས་མ་ཟིན་ཅིང་སུ་ཡི་རྗེས་མ་ཆོད་པར་ལྷགས་པའི་ཕྲན་པའི་རྨོངས་བློར་འཆར་ཚུལ་དག་ཐད་བརྗོད་དང་དྲང་བོའི་ངག་གིས་བསྟན་པ་ཡིན་མོད།  འོན་ཀྱང་། མ་ཤེས་མ་རིག་པའི་བླུན་པོའི་འཚང་དུ་ཆེ་ཞིང་། རྨོངས་པའི་དེ་ཉིད་བསྟན་པ་ཙམ་དུ་འཆར་ན། ཅི་ཡང་མ་ཐོབ་པའི་སྤྲང་བོ་ཞིག་གི་སྨྲེ་ངག་ལྟར་གད་སྙིགས་སུ་དོར་ཀྱང་ཆོག་གོ །

དྲི་བ།   རྩོམ་གྱི་བརྗོད་བྱའི་སྙིང་བོ་གང་འདྲ་ཞིག་གཏན་ཁེལ་བྱས་ན་འགྲིག་གམ།

    ལན།   འདི་ནི་གཞན་ལ་འདྲི་དགོས་པའི་དྲི་བ་ཞིག་མ་རེད་འདོད། རྩོམ་གྱི་བརྗོད་བྱ་ནི་དང་ཐོག་ནས་བྱ་དངོས་བྱེ་བྲག་པ་རེས་གཏན་འཁེལ་བྱས་པའི་བྱེ་བྲག་གི་གོང་བུ་ལྟ་བུ་ཞིག་མ་ཡིན་པར་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་དེའི་བརྗོད་བྱར་བདམས་ཆོག་པ་ཞིག་ཡིན་པས་འདི་འགྲིག་དང་གན་མི་འགྲིག་པའི་བསམ་ཚུལ་གདོན་འདོད་མེད་ལ།བཏོན་ཀྱང་འོས་པ་ཞིག་ཨེ་ཡིན་གྲང་།

ཐོག་མར་གསར་རྩོམ་ལ་འཇུག་མཁན་ཞིག་ཡིན་ཚེ་ཅི་ཞིག་བྲི་དགོས་སྙམ་ཡང་གང་ཞིག་ནས་འགོ་འཛུགས་དགོས་པ་མ་ཤེས་པའི་དཀའ་ངལ་ལྟ་བུ་ཞིག་ཡོད་པ་རེད། དུས་དེར།  ཁྱོད་ལ་ཅི་ཞིག་བརྗོད་བྱར་བཟུང་ནས་བྲི་དགོས་སམ་སྙམ་པའི་དྲི་བ་ཞིག་ཀྱང་འཁོར་འོང་ངེས་ཡིན། དེ་ནི་བརྗོད་བྱ་ལ་ཅི་ཞིག་གཟུང་རིགས་དང་མི་རིགས་པའི་ས་མཚམས་ཡོད་པས་མ་ཡིན་ལ།གང་ཞིག་གཏན་ཁེལ་ཆོག་དང་མི་ཆོག་པའི་དབྱེ་བ་ཡོད་པས་ནི་དེ་བས་ཀྱང་མིན་པར། རང་ཉིད་བརྗོད་བྱ་གང་ལའང་བློས་བསླངས་བྱེད་པའི་ཚད་གཞི་ཡིས་མ་འདང་བའམ་ཅི་ལའང་བསམ་བློ་རང་དབང་དུ་འཇུག་པའི་ཚད་གཞི་མ་ལོངས་པ་རེད།

ཁོ་བོས་བསམ་ན།  རྩོམ་ཡིག་གི་བརྗོད་བྱ་ལ་གོང་བརྗོད་ལྟར་འདི་ཆོག་དང་གན་མི་ཆོག་པའི་སྐད་ཆ་མེད་ཀྱང་རྩོམ་ཡིག་ལེགས་པོ་ཞིག་འཁྱོངས་པ་ལ་ཐོག་མར་བརྗོད་བྱ་ཡག་པོ་ཞིག་བདམས་པ་ནི་གནད་ཀྱི་དོན་པོ་ཡིན་ལ། དེའང་སྨྱུ་གུ་ཤོག་ངོར་བཙུགས་པ་དང་སྨྱུག་ཆུ་ལྟར་བཞུར་འོང་བ་ཞིག་ཡིན་མི་སྲིད་པས། གསར་རྩོམ་གྱི་དུས་སུ་རྩོམ་གྱི་བརྗོད་བྱ་འཚོལ་སྐབས་ཐོག་མར་ངེས་པར་དུ་རང་གི་འདུ་ཤེས་ཀྱི་ཀློང་ན་འཕྱན་པའི་ཚོར་བའི་ཕྱོགས་དང་ངོས་དང་ཉེ་ས་ནས་བརྗོད་བྱ་གང་ཡང་རུང་བ་ཞིག་གཏན་འཁེལ་བྱེད་དགོས་པར་འདོད་དོ།།

གསར་རྩོམ་ལ་འཇུག་མཁན་ཞིག་གིས་རྩོམ་ཡིག་ཇི་ལྟར་བྲི་དགོས་པའི་སྐོར་ཞིག་ཁོ་བོས་གཞན་དུ་བྲིས་ཡོད་པས་དེར་གཟིགས་རོགས།

དྲི་བ།   ངས་ནམ་རྒྱུན་རྩོམ་ཐོར་རེ་འབྲི་བཞིན་ཡོད།  ཡིན་ནའང། དེ་འདྲའི་ཀློག་བདེ་བོ་ཞིག་འབྲི་ཐུབ་ཀྱི་མི་འདུག་པས། རྩོམ་འབྲི་བའི་བརྒྱུད་རིམ་ཁྲོད་ངེས་པར་དུ་གཟབ་ནན་བྱ་དགོས་པའི་དོན་དག་གམ་ཐབས་ཤེས་གཞན་ཅི་ཡོད་དམ། 

    ལན།  རྩོམ་འབྲི་བའི་བརྒྱུད་རིམ་ཁྲོད་རང་གིས་བྲིས་པས་རང་གི་འདོད་པ་མི་ཁེངས་པ་ཞིག་ཡོང་བ་ནི་སུ་ལའང་གཅིག་མཚུངས་སུ་བདོག་པར་སྙམ། འོན་ཏེ།  དེས་སེམས་ཤུགས་ཉམས་ཏེ་རྩོམ་འབྲིའི་རྒྱུན་གཅོད་རྒྱུ་དེ་མ་ཡིན་པར་མུ་མཐུད་དུ་མིག་རྒྱང་རིང་དུ་བསྐྱེད་ཅིང་ཡིད་ཆེས་རང་ལ་བགྱིས་ཏེ་མདུན་སྐྱོད་བྱ་རྒྱུ་དེ་རེད། དེ་ལྟར་བྱེད་པ་ནི་ཁྱོད་རང་རྩོམ་འབྲིའི་ལམ་ཁ་རུ་མུ་མཐུད་དུ་གསོན་ཐུབ་ཐབས་ཀྱི་རྨང་གཞི་བརྟན་པོ་དེ་ཡིན།

སྤྱིར་རྩོམ་འབྲི་བ་ནི་གཅིག་གི་སྟེང་ལ་གཉིས་བསྣན་ཏེ་གྲངས་ཀ་ཇེ་མང་དང་ཇེ་མཐོར་གཏོང་རྒྱུ་དེ་མ་ཡིན་མོད། འོན་ཀྱང་། ཐོག་མར་ཚིག་གི་སྡེབ་སྦྱོར་ལ་བྱང་ཆུབ་པའི་དགོས་པ་དེ་ཙམ་གྱི་ཕྱིར་དུའང་བརྗོད་བྱ་ཟབ་མིན་གྱི་རྩོམ་ཡིག་མང་དུ་འབྲི་དགོས་ལ། གཙོ་ཆེར་ཉིན་རེའི་དགའ་སྐྱོ་ཆགས་སྡང་གི་སྣང་བ་དང་བསྡོངས་པའི་ཉིན་ཐོ་འབྲི་བ་རྒྱུན་འཁྱོངས་བྱ་ཐུབ་ཚེ་དེ་ལས་ལྷག་པའི་ཚིག་སྦྱོར་དང་འབྲི་རྩལ་ལ་བྱང་ཆུབ་ཐབས་ཤིག་མེད་པར་འདོད།

སྔོན་གྱི་ནུབ་ཕྱོགས་དང་རྒྱའི་རྩོམ་པ་བོའི་ཁྲོད་ན་ཉིན་ཐོ་བྲིས་པ་ལས་རྩོམ་པ་བོ་གྲགས་ཅན་དུ་གྱུར་སོང་བ་མང་བར་སྐད་པས་ང་ཚོས་ཀྱང་གཞན་གྱི་ལེགས་པའི་ཐབས་དེར་སློབ་སྦྱོང་བྱ་རྒྱུ་ནི་གལ་ཆུང་དུ་རྩ་ནས་གཞག་མི་རུང་བར་རང་རང་གི་རྩོམ་འབྲིའི་བྱང་ཚད་ཇེ་མཐོར་འདེགས་པ་ལ་ཉིན་ཐོ་འབྲི་བའི་ཐབས་འདིར་ཅིས་ཀྱང་གཡོལ་མི་རུང་བ་ཡིན།

དེ་མིན་རྩོམ་འབྲིའི་བརྒྱུད་རིམ་དུ་ཅིས་ཀྱང་གཟབ་དགོས་པ་མང་དག་ཅིག་ཡོད་པར་འདོད། ལྷག་ཏུ་གསར་རྩོམ་པ་ཞིག་ཡིན་ཚེ་དེ་བས་ཀྱང་དོ་སྣང་དང་གཟབ་ནན་བྱ་དགོས་པ་ལོས་ཡོད། ཡི་གེའི་དག་ཆ་དང་ཚིག་གི་སྦྱོར་སྟངས།ཐ་སྙད་སྤྱོད་སྟངས་ཚུན་ཆད་ལ་དང་བོ་ནས་བོད་རང་གི་བརྩམས་ཆོས་ཀྱི་བྲོ་བ་ངོ་མ་ཞིག་འཐོན་པར་འབད་དགོས་ལ། དེ་འབྲེལ་གྱི་དཔེ་ཀློག་མང་དུ་བསྟེན་ཏེ་བོད་དྲི་བྲོ་བའི་རྩོམ་པ་བོ་གཤའ་མ་ཞིག་ཏུ་དམིགས་དགོས་པ་ནི་དུས་བབ་ལ་གཞིགས་པའི་ཁྱོད་དང་འུ་ཅག་གི་འགན་འཁྲི་ཞིག་ཏུ་བསམ་མོ།།