སྐབས་ཤིག་ནས་སུམ་རྟགས་ཐོན་མིའི་གསུང་མིན་པའི་སྐད་ཆ་ཞིག་བྱུང་བར་མ་ཟད། དེ་ཡང་ས་པཎ་གྱི་རྗེས་ནས་བྱུང་བ་ཞིག་ཡིན་ཚུལ་བཤད་མཁན་ཡང་བྱུང་། དེ་ཡང་ཐོག་མར་སྨྲ་བ་པོ་ནི་ཕྱི་མི་ཞིག་ཡིན་ཞིང་། དེ་རྗེས་ཆབ་སྤེལ་སོགས་ཀྱིས་ཀྱང་དེ་ག་འཐད་ལྡན་ལྟ་བུར་བརྩིས། ད་ལྟ་ད་དུང་ཡང་མང་པོ་ཞིག་གིས་འཁྲུན་ཐག་མ་ཆོད་པར་ལུས། འོན་ཀྱང་སུམ་རྟགས་ས་པཎ་གྱི་རྗེས་སུ་བྱུང་བ་ཞིག་མིན་པའི་རྒྱུ་མཚན་གསལ་ཐག་ཆོད་པ་རྙེད་པར་མ་ཟད། བཙན་པོའི་སྐབས་ཀྱི་རྩོམ་ཞིག་ཡིན་པའི་རྒྱུ་མཚན་ཡང་དེ་བས་ཆེ་སྟེ། འདིར་རྒྱུ་མཚན་འགའ་མཚོན་ཙམ་དུ་བཀོད་ན།

གཅིག གཞན་གྱི་སྒྲུབ་བྱེད་གཞིག་པ།

༡ འགའ་ཞིག་གིས་སུམ་རྟགས་གཉིས་ཀྱི་ཚིག་གི་སྦྱོར་བ་བཙན་པོའི་དུས་ཀྱི་ཚིག་སྦྱོར་དང་མི་འདྲའོ་ཟེར་བ་ནི་གྱི་ན་ཙམ་སྟེ། ཚིག་སྦྱོར་ཙམ་གྱིས་དེ་ལྟར་ཐག་གཅོད་སླ་བ་མ་ཡིན་པས་སོ། །སྔོན་ཆད་སྦ་བཞེད་ལའང་འདི་ལྟར་ཚིག་སྦྱོར་བཙན་པོའི་དུས་དང་མི་འདྲའོ་ཞེས་སྨྲ་མཁན་བྱུང་ནའང་། རྗེས་ཏུན་ཧོང་ནས་ཐོན་པའི་སྦ་བཞེད་ཀྱི་དཔེ་ཐོར་དེས་གཏམ་དེ་རྒྱུ་མཚན་མེད་པར་བྱས་པ་ལྟ་བུའོ། །

༢ ཐོན་མིའི་རྩོམ་གཤིས་བོད་བཙན་པོའི་དུས་ཀྱི་བོད་རང་གི་ཐོག་མའི་རྩོམ་གཤིས་གཞན་དག་དང་མི་འདྲ་བར་ཕྱིས་ཀྱི་བོད་རྩོམ་དག་དང་འདྲ་བའང་རྒྱུ་མཚན་དང་ལྡན་ཏེ། བོད་ཀྱི་ཕྱིས་རྩོམ་དག་ལ་རྒྱ་གར་གྱི་སྙན་གཞུང་མེ་ལོང་མ་སོགས་ཀྱི་རྩོམ་གཤིས་ཞུགས་པ་ཡིན་ཞིང་། ཐོན་མི་ནི་རྒྱ་གར་གྱི་གཞུང་ལུགས་དེ་དག་ལ་ཡུན་རིང་སྦྱངས་ཤིང་རྩོམ་འབྲིའི་ལས་ལ་ཞུགས་པར་འདོད་པས་སོ། །

༣ སུམ་རྟགས་གཉིས་ནི་ད་དུང་དེ་ལས་ལྡོག་སྟེ་བཙན་པོའི་དུས་ཀྱི་སྦྱོར་བ་ཞིག་ཡིན་པའི་རྒྱུ་མཚན་ཡང་ཡོད་དེ་གཤམ་དུ་འགོད།

༤ འགའ་ཞིག་གིས་ས་པཎ་གྱི་ཡི་གེའི་སྦྱོར་བ་དང་ཆ་འདྲ་བས་ས་པཎ་གྱི་རྗེས་སུ་བྱུང་བ་ཞིག་གོ་ཞེས་ཤིན་ཏུ་མ་ངེས་པ་རྩིང་པོ་ཞིག་ཀྱང་འགོད་སྣང་། དེ་ལྟ་ན་ལོ་ཆེན་གྱི་དག་ཡིག་ཉེར་མཁོ་བསྡུས་པའང་ས་པཎ་གྱི་རྗེས་ནས་ཡིན་པར་འགྱུར་ཏེ། མགོ་མཇུག་ཤོ་ལོ་ཀ་གཅིག་གཉིས་ཤིག་མ་གཏོགས་ས་ཇི་མ་ཇི་བཞིན་ས་པཎ་གྱི་གསུང་འབུམ་དུ་གསལ་བས་སོ། །ད་དུང་ཨ་ཀྱ་ཡོང་འཛིན་སུམ་ཅུ་པའི་སྡོམ་དེ་ཡང་དབྱངས་ཅན་གྲུབ་པའི་རྡོ་རྗེའི་རྗེས་ནས་ཡིན་པར་འགྱུར་ཏེ། དེ་ཇི་མ་ཇི་བཞིན་ལེགས་བཤད་ལྗོན་དབང་དུ་གསལ་བས་སོ། །

གཉིས། སྒྲུབ་བྱེད་འགོད་ཀྱི་ལུང་གཉིས་དང་རིགས་པ་གཉིས།

༡ སུམ་ཅུ་པའི་རྩ་བ་རྩོམ་སྟངས་དེ་ནི་ལྡེའུ་ཡི་རྣམ་པའི་སྒོ་ནས་བརྩམས་པ་ཞིག་ཡིན་ཏེ། དཔེར་ན། དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་སྦྱར་བ། །ཞེས་ལྟར་གསལ་བོར་མ་སྨྲས་པར་བརྡ་ཐབས་ལྟ་བུས་བསྟན་པ་སྟེ། དེ་ག་ཁེད་ལྡེའུ་ཞིག་ཡིན་པའི་དབང་དུ་ན། གསུང་རབ་རྒྱ་མཚོ་སོགས་ཀྱིས། ད་བ་ས་ཀྱི་ག་ང་གི། །ཞེས་ཁེད་ལན་བླངས་པ་ལྟ་བུའོ། །འདིར་སུམ་རྟགས་ཁེད་དང་སྦྱར་ནས་བཤད་པ་འགའ་རེའི་བློ་རུ་མི་བདེ་ཡང་སྲིད་མོད། ལྡེའུ་ཞེས་པའི་མཚན་མཚོན་གཞི་གསུམ་ལ་གོ་བླངས་རྗེས་སུམ་ཅུ་པའི་རྩོམ་གཤིས་ལ་བལྟས་ན་ད་གཟོད་གནད་ཅིག་རྙེད་པར་འགྱུར་རོ། །

༢ སུམ་ཅུ་པའི་མཇུག་ཏུ། “ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་དེ་ལྔ་བའོ། །”ཞེས་གསལ་བ་ནི་ཐོན་མིའི་བརྩམས་པའི་སྒྲུབ་བྱེད་དེ། ཀུན་ཏུ་བཟང་པོ་ནི་ཐོན་མིའི་མཚན་གྱི་རྣམ་གྲངས་སུ་སྔོན་གྱི་མཁས་པ་དག་གིསགསུངས་པ་ལྟར་ལ། འདིར་རྩོམ་པ་པོའི་མཚན་གྱི་མཚན་གྱི་སྒོ་ནས་སྨྲས་པ་སྟེ། “ཐོན་མིའི་བརྡ་སྤྲོད་པ་དང་པོའི་སྐབས་དེ་ལྔ་པའོ། །”ཞེས་པ་དང་འདྲའོ། །གཞན་དུ་གཞུང་འདི་ཞེས་བྱ་བ་གང་ཟག་འདིས་སྦྱར་བའོ། །ཞེས་མཇུག་བྱང་བཀོད་པ་དང་མཚུངས་པར་འདི་ཡང་མཛད་བྱང་དུ་བཀོད་པར་གསལ་ལོ། །

༣ ལྷག་པར་ས་པཎ་སྔོན་ནས་སུམ་རྟགས་གཉིས་ཡོད་པའི་སྒྲུབ་བྱེད་གཞིག་མི་ནུས་པ་གཞན་གཅིག་ནི་ཀ༔དམ་པ་བདེ་གཤེགས༼༡༡༢༢ནས་༡༢༠༤༽ཀྱི་རྣམ་ཐར་གྲུབ་མཆོག་རྗེས་དྲན་ཞེས་པ། ཉིད་ཀྱི་དངོས་སློབ་ལྡིང་པོས་མཛད་པ་རུ་གསལ་བ་གྲོགས་རིག་ལྡན་གྱིས་དྲངས་ཡོད་པ་དེ་ག་ཡིན་ཏེ། ལུང་གསལ་བོར་དྲངས་ན་དེ་རུ། “བླ་མ་དཔལ་འཛིན་ལས་དགེ་བསྙེན་དང་བར་མ་རབ་བྱུང་གི་སྡོམ་པ་བླངས། བདུན་པ་དང་བརྒྱད་པར་བཟོ་ཡི་གནས་ལྷ་འབྲི་བ་དང་བཞེངས་པ་དང་། སྨན་རྒྱུད་རྒྱ་ནག་ནས་བྱུང་བ། འཕགས་པ་ཀླུའི་གསོ་བ་ཡན་ལག་བརྒྱད་པ་སོགས་དང་། སྤོར་ཐང་རྩིས་ཀྱི་གབ་རྩེ། སྨྲ་སྒོ། ཐོན་མིའི་སུམ་ཅུ་པ་དང་རྟགས་འཇུག སྨན་མདོ། སྐུ་གཟུགས་ཆགས་ཚད། ཚིག་རྒྱན་ཉི་ཤུ་པ། རང་བཞིན་དགེ་བཅུ་གཏན་འབེབས། འཇིག་རྟེན་ལུགས་ཀྱི་བསྟན་བཅོས། རྒྱལ་པོའི་ཁྲིམས་ཀྱི་ཡི་གེ་བཅས་པ་ཡབ་དྲུང་ནས་སྦྱངས།” ཞེས་ས་པཎ་ཡར་སྔོན་ནས་སུམ་རྟགས་ཀྱི་གཞུང་ཡོད་པ་དང་། དེ་ཐོན་མིས་བརྩམས་པའང་གཞིར་བཞག་སྟེ་འདོད་པ་གསལ་བས་སོ། །

༤ རྒྱུ་མཚན་གསུམ་པོ་དེས་ད་དུང་ངེས་པ་འདྲེན་མི་ནུས་ན་དེ་དག་ལས་ཀྱང་སྟོབས་དང་ལྡན་པའི་སྒྲུབ་བྱེད་བཞི་པ་གཅིག་ཀྱང་དགོད་པར་བྱ་སྟེ། སྒྲུབ་བྱེད་འདི་ཡིས་ད་གཟོད་ད་སྔའི་ལོག་རྟོགས་ཡོད་དགུ་དུས་གཅིག་ཏུ་འགྲོལ་བར་ནུས་སོ། །

དེ་ཡང་ཇོ་བོ་རྗེ་དང་དུས་མཉམ་དུ་བྱོན་པའི་མཁས་པ་ཆེན་པོ་རོང་ཟོམ་ཆོས་བཟང་གི་གསང་སྙིང་འགྲེལ་བ་དཀོན་མཆོག་འགྲེལ་ཀ༔དཔར་མའི་ལྡེབ་བརྒྱ་དང་རེ་གསུམ་པའི་སྲིབ་ངོས་སུ། “ཡང་བྱཱ་ཀ་ར་ཎའི་གཞུང་ལས། ཡི་གེའི་ཁུངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣནམས་སྟོན་པས་སོ། །ཅེས་གསུངས་ཏེ། དེ་བས་སྔ་མ་ལྟར་རིགས་པར་མངོན་ནོ། །”ཞེས་ལུང་དྲངས་ཤིང་ཁུངས་དང་བཅས་པ་གསལ་བར་སྨྲས་པས་སོ། །

དེ་བས་ད་ནི་མིག་ཅན་ལ་གཟུགས་ཅན་དུ་བསྟན་པ་འདི་ལགས་པས། ཆབ་སྤེལ་སོགས་ཀྱི་མ་ངེས་པའི་རྒྱུ་མཚན་དེ་དག་ལ་བརྟེན་ནས་ཨུ་ཚུགས་དང་ཁ་ཕོ་རུས་ཙམ་གྱི་ལམ་དུ་མ་ཞུགས་པར་བདེན་དོན་འདི་ཅི་བཞིན་དུ་ཁས་བླང་བར་གྱིས་ཤིག ད་དུང་གཞན་གྱི་སྒྲུབ་བྱེད་མ་ངེས་པ་དང་། ཡོང་གཅོད་ཀྱི་སྒྲུབ་བྱེད་རེ་ཟུང་ཡང་འདུག་མོད། གཞན་དག་གིས་མང་དུ་གླེང་ཟིན་འདུག་པས་འདིར་བསྐྱར་དུ་མ་བཟླས་སོ། །