___སློབ་མ་དཔེ་ཀློག་ལ་བཀྲི་བ་ནི་སློབ་གསོའི་རྩ་བའི་འགན་འཁྲི་ཡིན།

ལོ་འདི་དག་གི་ཡུན་ལ་རང་ཅག་གིས་སློབ་གསོ་བཤད་ཀྱིན་བཤད་ཀྱིན་རྙོག་འཛིང་ནས་རྙོག་འཛིང་དུ་ཕྱིན་ལ། མགོ་རྨོངས་པར་ཡང་གྱུར་པས། ད་ནི་ཕྱིར་དངོས་ཐོག་ལ་སྐོར་རན་ཅིང་རྒྱུན་ཤེས་ཀྱི་སྟེང་ལ་འབབ་རན།

སློབ་གསོ་ནི་ཇི་ཞིག་ཡིན་ཟེར་ན། མི་སེར་རྣམས་ལ་བཤད་ལུགས་སྟབས་བདེ་ཞིག་ཡོད་དེ། བྱིས་པ་སློབ་གྲྭར་འགྲོ་བ་ནི་དཔེ་ཆ་ཀློག་ཏུ་འགྲོ་བའོ།། དཔེ་ཆ་ཀློག་པ། འདི་ནི་གནད་འགག་ཅིག་སྟེ། སློབ་མ་དཔེ་ཆར་བཀྲི་བ་ནི་སློབ་གསོའི་རྩ་བའི་འགན་འཁྲི་ཡིན་ནོ།།

ད་ལྟའི་འུ་བུ་ཅག་གི་སློབ་གསོའི་གནད་དོན་ཆེ་ཤོས་ནི། ཚང་མས་དཔེ་ཆ་མི་ཀློག་པ་དེ་ཡིན། དགེ་རྒན་གྱིས་མི་ཀློག་ལ། སློབ་མས་ཀྱང་མི་ཀློག ཡང་ན། དགེ་རྒན་གྱིས་ནི་སློབ་ཁྲིད་དཔྱད་གཞི་ལས་མི་ཀློག་ལ། སློབ་མས་ནི་གློག་བརྙན་འཕྲིན་དང་འབྲེལ་ཡོད་ཀྱི་དེབ་ལས་མི་ཀློག སློབ་གྲྭའི་ནང་རང་མོས་དཔེ་ཀློག་གི་གནས་དང་དུས་རྩ་བ་ནས་མེད་པའོ།།

ད་ལྟ་གཞི་ནས་སློབ་གསོའི་རྒྱུན་ཤེས་སླར་གསོ་བའི་དུས་ལ་བབས། དེ་ནི་རང་མོས་དཔེ་ཀློག་གི་མཐུན་རྐྱེན་དང་ཁོར་ཡུག དབུགས་རྒྱུན་རྣམས་སོར་ཆུད་པར་བྱེད་དགོས་པ་དེ་ཡིན།

ངས་བལྟས་ན་སློབ་གསོ་ལེགས་པར་བསྒྲུབ་པ་ལ་ཆ་རྐྱེན་གསུམ་དགོས།

དང་པོ་ནི་སློབ་གཙོ་ལེགས་པོ་ཞིག་དགོས་ཏེ། སློབ་གཙོའི་རྒྱུ་སྤུས་ཆེས་གལ་གནད་ཆེ་བ་གཅིག་ནི་དཔེ་ཀློག་ལ་མོས་པ་དེ་ཡིན།

ད་དུང་དགེ་རྒན་ལེགས་པོ་ཞིག་དགོས་ཏེ། སློབ་གཙོའི་ཐོག་མའི་ལས་ནི་འཚོལ་སྒྲུབ་ཡིན་ལ། དགེ་རྒན་ལེགས་པོ་ཁྱུ་གཅིག་གསོ་སྐྱོང་བྱེད་པ་དེ་ཡིན། ཇི་ཞིག་ནི་དགེ་རྒན་ལེགས་པོ་ཡིན་ཟེར་ན། སློབ་གསོ་ལ་འདུན་པ། སློབ་མར་དགའ་བ། དཔེ་ཀློག་ལ་མོས་པའོ།།

ད་དུང་དཔེ་མཛོད་ཁང་ལེགས་པོ་ཞིག་དགོས་ཏེ། དེའི་ནང་དུ་རྒྱུགས་སྤྲོད་མཁོ་བའི་དེབ་ཙམ་ལས་མེད་ན་མི་རུང་སྟེ། དེའི་ནང་དུ་གནའ་དེང་ཕྱི་ནང་གི་བསྟན་བཅོས་མིང་གྲགས་ཅན་དང་བྱིས་པར་འཚམ་པའི་དཔེ་དེབ་ལེགས་ཤོས་རྣམས་ཡོད་དགོས།

ད་ལྟ་ནི་དྲ་རྒྱའི་དུས་བསྐལ་ཡིན་པས། དཔེ་མཛོད་ཁང་དུ་ཀློག་ཀླད་ཀྱི་སྒྲིག་ཆས་ཡོད་དགོས་ཤིང་། གནས་སྐབས་སུ་ད་དུང་མཐུན་རྐྱེན་དེ་ལོངས་དཀའ་ཡང་ཕྱིས་དྲ་རྒྱའི་མཐུན་རྐྱེན་འཛོམས་པར་བྱེད་དགོས། ཤེས་དགོས་པ་ཞིག་ལ་དྲ་རྒྱ་ནི་གཞོན་རབས་པའི་འཚོ་བའི་ཐབས་ཚུལ་དང་སློབ་སྦྱོང་གི་ཐབས་ཚུལ་གཙོ་བོ་ཞིག་ཏུ་འགྱུར་བས། ཆ་འདི་ནས་རྗེས་སུ་ལུས་པ་ཡིན་ན་གང་སར་རྗེས་སུ་ལུས་འགྲོ།

ཅི་ཞིག་ནི་སློབ་གསོ་ཡིན་ཞེ་ན། དཔེ་ཀློག་ལ་མོས་པའི་སློབ་གཙོ་དང་དཔེ་ཀློག་ལ་མོས་པའི་དགེ་རྒན་གྱིས་སྣེ་དྲངས་ཏེ་སློབ་མ་དང་མཉམ་དུ་དཔེ་ཆ་ཀློག་པ་དེ་ཡིན། དེ་འདྲའི་སྟབས་བདེ་ཞིག་གོ། འོན་ཀྱང་དོན་ངོ་མར་ལས་དེ་བསྒྲུབས་དགོས་ན་དེ་ཡང་ལས་སླ་མོ་ཞིག་མ་ཡིན།

སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་ནི་ཇི་ཞིག་ཡིན།

དེ་ལ་ཡང་གསུམ་སྟེ། གཅིག་ནི་སློབ་མ་དཔེ་ཀློག་ལ་མོས་པ་སྐྱེད་བསྲིང་དང་། གཉིས་ནི། སློབ་མར་དཔེ་ཀློག་གི་ཐབས་སློབ་པ། གསུམ་ནི་དཔེ་ཀློག་གི་གོམས་འདྲིས་སྩོལ་བའོ།། འདི་གསུམ་ལེགས་པར་གྲུབ་ན། སློབ་མས་ཚེ་གང་བོར་དཔེ་ཆ་ཀློག་པར་འགྱུར་ཞིང་འབྲས་བུ་ཡང་མི་དམན་དུ་འགྱུར།

སློབ་མ་དེབ་ལ་བལྟ་རྒྱུར་བཀྲི་དགོས་པ་མ་ཟད། ད་དུང་མཐུན་རྐྱེན་སྦྱར་ནས་དྲ་རྒྱའི་དཔེ་ཀློག་ལ་ཡང་བཀྲི་དགོས།

ད་དུང་སློབ་མ་རྣམས་འཚོ་བ་ཟེར་བའི་དཔེ་དེབ་ཆེན་པོ་དེ་ཀློག་པར་ཡང་བཀྲི་དགོས། སློབ་མར་རང་གི་རྐང་འོག་གི་ས་གཞི་འདི་དང་། ས་གཞི་འདིའི་སྟེང་གི་ལེགས་བྱང་། ཡུལ་མི་དགའ་ཉེ་རྣམས་རྒྱུས་ལོན་པར་བྱེད་དགོས་ལ། ས་ཆ་གཅིག་གིས་ས་ཆ་གཅིག་གི་མི་བསྐྱངས་ཟེར་བཞིན་རྒྱུན་རིང་བའི་ལོ་རྒྱུས་ཀྱི་ལག་ལེན་ཁྲོད་ནས་ཡུལ་ཕྱོགས་སོ་སོའི་མི་སེར་གྱིས་རང་གི་ཡུལ་གྲུར་འཚམ་པའི་ཐོན་སྐྱེད་ཀྱི་ཐབས་ཚུལ་དང་འཚོ་བའི་ཐབས་ཚུལ་རྙེད་ཅིང་། དེའི་རྗེས་སུ་ཞུགས་པའི་ཡུལ་གྲུ་རང་གི་རིག་གནས་དང་ཤེས་བྱ་ཡང་གྲུབ་ཡོད། རང་ཅག་གི་སློབ་གསོ་སྟེ། ལྷག་པར་ཡང་ཞིང་སྡེའི་སློབ་གསོར་མཚོན་ན་ཡུལ་གྲུ་རང་ཚན་པའི་བསླབ་གཞི་བྲིས་ཤིང་། སློབ་མ་རྣམས་ཡུལ་གྲུ་རང་གི་རིག་གནས་དང་ཤེས་བྱར་བཅུག་ནས་དེ་དང་ཕ་ས་གཉིས་བསམ་བློའི་ཆ་ནས་འབྲེལ་བ་ཞིག་བྱ་དགོས། ཕྱིས་ཁོ་ཚོ་སྐྱེད་ལོངས་ཏེ་གནས་གང་དུ་ཕྱིན་ཀྱང་རང་གིརྩད་པམི་བརྗེད་པ་ཞིག་དགོས།

དཔེ་ཀློག་ལ་བརྟེན་ནས་དཔེ་ཀློག་གི་མོས་པ་དང་ཐབས་ལམ། གོམས་སྲོལ་རྣམས་སྐྱེད་སྲིང་བ་དང་། ཕ་སའི་ཤེས་བྱ་སློབ་སྦྱོང་གིས་རང་གི་རྩ་བ་བརྟན་པར་བྱས་ན་སློབ་མའི་ཚེ་གང་གི་འཕེལ་རྒྱས་ཀྱི་གཞི་རྩ་བརྟན་པར་བྱས་པ་ཡིན། གཅིག་ནི་སློབ་སྦྱོང་གི་གཞི་རྩ་ཡིན་ལ། ཅིག་ཤོས་ནི་ཚེ་གང་གི་བསམ་བློའི་འཕེལ་རྒྱས་ཀྱི་གཞི་རྩ་ཡིན། གཞི་རྩ་འདི་གཉིས་ཡོད་པས། ཕྱིས་དོན་གང་ལ་འཕྲད་ཀྱང་དེ་ལ་ངོ་ལེན་མཐུན་འབྱོར་གྱིས་བྱ་ནུས། གཞི་རྩ་འདི་གཉིས་བསྐྱེད་བསྲིང་གྲུབ་ན། རང་ཅག་གི་རྨང་གཞིའི་སློབ་གསོའི་འགན་ཡོངས་སུ་གཙང་མར་གྲུབ་པའོ།།

ངས་ཅིའི་ཕྱིར་སློབ་གསོ་གླེང་བཞིན་མེད་པ་ཡིན་ཞེ་ན། དྲང་མོར་བཤད་ན་ང་རང་སློབ་གསོ་ལ་ཆེས་ཆ་རྒྱུས་ཡོད་པས་ཡིན། ང་ལ་རང་ཅག་གི་རེ་སྙེག་དང་རང་ཅག་གིས་འགྲུབ་ནུས་པའི་དངོས་པོའི་བར་གྱི་འགལ་བ་ནི་ཆེ་ཐལ་བའི་ཚོར་བ་ཤིན་ཏུ་དྲག་པོ་འབྱུང་། ང་རང་སློབ་གསོའི་སྤྱི་ལུགས་ལ་བློ་ཕམ་ཡིད་ཆད་འབྱུང་ཡང་། ལས་གནས་དང་པོའི་སྟེང་གི་དགེ་རྒན་མཐོང་ཚེ་རེ་བ་ཡང་མཐོང་བར་འགྱུར་བས། ལོ་འདི་དག་གི་རིང་ལ་རིམ་གྱིས་ང་ལ་སློབ་གསོའི་ལྟ་བ་ཞིག་ཚུགས་སོང་།

 

རྩོམ་ཡིག་འདི་ལ་ད་དུང་ཚན་པ་འགའ་ཡོད་ཀྱང་གཞན་རྣམས་མཁོ་མི་ཆེ་བས་བསྐྱུར་རོ།།