སྐད་འཕྲིན་ལས་གཞན་གྱི་དྲི་བ་སྣ་ཚོགས་ལ་ལན་བཏབ་པའི་དྲིས་ལན་བདམས་བཀོད།

 

དྲི་ལན་འདེབས་མཁན།   ཤིས་ཚང་ལྗང་མྱུག


 

ངག་དྲི།  ཁྱོད་ཀྱིས་དྲ་བ་དང་སྐད་འཕྲིན་དུ་སྙན་ངག་མང་བོ་སྤེལ་གྱིན་འདུག་པས། སྙན་ངག་ལ་གོ་བ་ཅི་ཞིག་ལེན་གྱིན་ཡོད།དེའི་སྐོར་ནས་ཁ་བརྡ་ཞིག་བྱས་ན་ཆོག་གམ།

ལན། ང་ད་ལྟར་འུར་སྒྲ་དང་ཁྲོག་སྒྲ་ཆེ་བའི་མེ་འཁོར་ཞིག་ཏུ་ཡོད་པས། ཁྱོད་ལ་ཐད་ཀར་ངག་ཐོག་ནས་ལན་གདབ་རྒྱུར་དེ་ཙམ་སྟབས་མི་བདེ། དེ་བས་བསམ་ཚུལ་མདོ་ཙམ་ཡིག་ཐོག་ཏུ་བསྡུས་ཏེ་དབུལ་བར་བྱ།

སྤྱིར་སྙན་ངག་ཅེས་པ་ནི་སྙན་འཇེབས་ཀྱི་ངག་ཅེས་པའི་སྒྲར་གོ་དགོས་པས་འདི་ལ་ཡིག་ཐོག་དང་ངག་ཐོག་གི་སྙན་ངག་ཅི་རིགས་ཡོད་འོས། སྙན་ངག་ལ་གནའ་ཤོང་དཔང་ལོ་ཙཱ་བ་ཡབ་སྲས་ཀྱི་སྐབས་ནས་ད་བར་དུ་ཀུན་གྲགས་གཅིག་ཆོད་ཀྱི་གོ་དོན་ནམ་མཚན་ཉིད་ཅིག་འཇོག་ཐུབ་མེད་པས་ང་ལའང་གོ་བ་གསར་བ་ཞིག་བསྙད་རྒྱུ་མེད་མོད། འོན་ཀྱང་། རང་ངོས་ནས་སྙན་ངག་འབྲི་འདོད་མཁན་ཞིག་ཡིན་ཕྱིན་མ་མཐའ་ཡང་མཁས་དབང་དུང་དཀར་རིན་པོ་ཆེས་གསུངས་པ་ལྟར་”བརྡ་སྤྲོད་ཀྱི་གཞུང་དང་མཐུན་པར་སྦྱར་བའི་ངག་དེ་ལ་སྙན་པའི་ཉམས་དང་ལྡན་པས་ན་སྙན་ངག་”ཅེས་གསུངས་པའི་དོན་འདི་རྩ་དོན་དུ་འཛིན་དགོས་པར་འདོད་ཀྱིན་ཡོད་ལ།ཡང་དེ་ལས་ཅུང་ཙམ་འཕགས་ཚེ་སྒྱུ་རྩལ་གྱི་ཟུར་ཅུང་ཙམ་རྣོ་བ་དང་། མཚོན་ཐབས་ཀྱི་ངོས་བག་ཙམ་ཡངས་པ། སུ་ཞིག་གིས་ཤར་མར་བཀླགས་ན་ཚིག་སྦྱོར་ལྕེ་ལ་བདེ་ཞིང་། ཡང་གཅིག་བཀླགས་ན་དོན་དག་ཡིད་ངོར་འབབ་པ་ཞིག་འཁྱོངས་དགོས་པར་འདོད་ཀྱིན་ཡོད།

ང་ནི་སྙན་ངག་ལ་དགའ་མཁན་ཞིག་ཡིན་པ་ལས་སྙན་ངག་ལ་དབང་འབྱོར་བ་ཞིག་མིན་པ་ཁྱོད་ཀྱིས་ཤེས་ལ། དགའ་བ་དེའི་སྣེ་ལ་ད་དུང་ཡང་ཤུགས་དང་ཤེད་ཀྱིས་འཐམ་བཞིན་པ་ཞིག་ཡིན་པའི་ངོས་ནས་སྙན་ངག་ལ་འདུ་ཤེས་འདི་འདྲ་ཞིག་བཟུང་ཡོད་དེ། “ཞེ་སྨྲེང་དུས་རེར།  སྙན་ངག་འབྲི་བ་ནི། སུ་ཞིག་གིས་ཁ་རོག་གེར། རང་ཉིད་ལ་སེམས་གསོ་བྱེད་པ་དང་འདྲ་ལ།  ཡིད་མགུ་དུས་རེར། སྙན་ངག་འབྲི་བ་ནི། སུ་ཞིག་དང་ལྷན་ཅིག་ཏུ། ཆེས་འདོད་པའི་རོ་ལ་རོལ་མྱོང་བྱེད་པ་དང་འདྲ།”

འདི་ནི་སྙན་ངག་ལ་དགའ་མཁན་གྱི་མི་སྤྱིར་བཏང་བ་ཞིག་གི་རྨོངས་འཆར་ཙམ་ཁྱོད་ལ་ལན་དུ་བསྙད་པ་ལས།ང་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་པ་ལྟ་བུའི་ཁེངས་པ་དང་རློམ་སེམས་ཀྱི་སྐད་ཆ་དེ་འདྲ་གཏན་ནས་མིན་ནོ།།

 

ངག་དྲི།  ཁྱོད་ཀྱིས་སྲོལ་རྒྱུན་སྙན་ངག་དང་རང་མོས་སྙན་ངག་གཉིས་ཀྱི་ཁྱད་པར་ཅི་ལྟར་འབྱེད་ཀྱིན་ཡོད་དམ།

ལན།  སྲོལ་རྒྱུན་སྙན་ངག་ཅེས་ཚེ་དུས་ཡུན་ངེས་ཅན་ཞིག་གི་རིང་ལོ་ངོ་རིམ་བརྒྱུད་ཀྱིས་བོད་རང་གི་སྲོལ་དུ་མཆིས་པའི་སྙན་ངག་ཅིག་ལ་གོ་དགོས་པར་འདོད་ལ། དེ་ལྟར་ན། སྲོལ་རྒྱུན་སྙན་ངག་ལ་གནའ་བོའི་སྲོལ་རྒྱུན་སྙན་ངག་དང་མེ་ལོང་མའི་ལུགས་ཀྱི་སྲོལ་རྒྱུན་སྙན་ངག་ཅེས་རིགས་གཉིས་སུ་དགར་དགོས་པར་སྙམ།

དེ་ཡང་དང་བོ་ནི་བོད་ལ་ནང་ཆོས་མ་དར་བའི་ཡར་སྔོན་ནམ་ཡང་ན་མེ་ལོང་མ་བོད་ལ་མ་དར་བའི་སྔོན་གྱི་བོད་རང་གི་གདོད་མའི་སྐད་འགྲོས་དང་འཚམ་པའི་མགུར་གླུ་སོགས་ལ་གོ་དགོས་ལ།གཉིས་པ་ནི་མེ་ལོང་མ་བོད་ལ་དར་བ་ནས་བོད་ཀྱི་སྲོལ་དུ་ཆགས་པའི་གཞུང་ལུགས་ཅན་གྱི་སྙན་ངག་དེར་གོ་དགོས་པར་འདོད། མེ་ལོང་མ་བོད་དུ་མ་འགྱུར་བའི་སྔོན་དེར་བོད་རང་ལ་གཞུང་ལུགས་རང་བཞིན་ཅན་གྱི་སྙན་ངག་ཅིག་ཕལ་ཆེར་མེད་པ་འདྲ། དེ་བས་ང་ཚོས་སྙན་ངག་ལ་སྲོལ་རྒྱུན་དང་རང་མོས་ཀྱི་ཁྱད་པར་འབྱེད་དུས་མེ་ལོང་མའི་ལུགས་ཀྱི་སྙན་ངག་དང་ཕྱིས་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་བར་ལང་ཚོའི་རྦབ་ཆུས་སྣེ་དྲངས་པའི་རང་མོས་སྙན་ངག་ཏུ་སྐད་པ་གཉིས་ཀྱིས་མཚམས་འབྱེད་ཀྱིན་ཡོད་ཚོད་དུ་སྣང་།

དེས་ན་དྲི་བ་དངོས་ལ་བབས་ཏེ་སྲོལ་རྒྱུན་སྙན་ངག་དང་རང་མོས་སྙན་ངག་གཉི་གའི་ཁྱད་པར་ཅི་ལྟར་འབྱེད་ཅེ་ན། སྲོལ་རྒྱུན་སྙན་ངག་ནི་སྒྲིག་གཞི་བྱེ་བྲག་པ་ཞིག་གི་ར་བ་ལས་མ་བརྒལ་བར་མངོན་བརྗོད་དང་བརྡ་རྙིང་སོགས་ཀྱིས་ཤས་ཆེར་བཅིངས་ཤིང་། གཙོ་ཆེར་དོན་རྒྱན་དང་སྒྲ་རྒྱན།གབ་ཚིག་གི་རྒྱན་ལ་སོགས་པས་སྤྲས་པའི་སྒྱུ་རྩལ་རྩོམ་རིག་གི་རྣམ་པ་ཞིག་ལ་ཟེར་དགོས་པར་འདོད་ལ། རང་མོས་སྙན་ངག་ཅེས་པ་ནི་ཚིག་རྐང་ཚེག་བར་ལ་དོ་མཉམ་གྱི་ངེས་པ་མེད་པར་བསམ་བློ་གསར་བའི་སྐུལ་འདེད་ཀྱི་ཀློང་ནས་སྤྱི་ཚོགས་ཀྱི་འཚོ་བ་སྣང་བརྙན་དུ་བསྐྲུན་ཅིང་དགའ་སྐྱོ་ཆགས་སྡང་གི་ཉམས་འགྱུར་ཕུན་སུམ་ཚོགས་པའི་སྒྱུ་རྩལ་རྩོམ་རིག་གི་རྣམ་པ་ཞིག་ལ་འཇོག་དགོས་པ་ཨེ་ཡིན་འདོད།

ཡང་ཤེས་དགོས་པ་ཞིག་ལ་རང་མོས་སྙན་ངག་ཅེས་པའི་མིང་འདི་ལོ་རབས་བརྒྱད་ཅུ་བར་གོང་བརྗོད་སྙན་ངག་གི་རྩོམ་ཐབས་དེར་གསར་དུ་བཏགས་པའི་མིང་ཞིག་ཡིན་ནའང་། རྩོམ་ལུས་འདི་ནི་ལོ་རབས་བརྒྱད་ཅུ་བར་གཞི་ནས་དར་བ་ཞིག་མིན་པ་ཤེས་དགོས་ཏེ།བོད་བཙན་པོའི་རྒྱལ་རབས་སྤུ་དེ་གུང་རྒྱལ་གྱི་སྐབས་སུ།

འ་བ་ཉིད་ཉེ་བས་ཉིད།

བྱ་རོ་རོ་ན་མདུང་གི་རྩེ་རང་ནིག

ཡོས་རོ་རོ་ན་མདུང་གི་རྩེ་རང་ནིག

ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག

བརླའ་བརྡུངས།  སྤུར་བཏབ།

འོབ་དེ་མྱེད་སྤུ་དེ་མྱེད།

ཅེས་པའི་སྙན་ངག་ཚན་པ་འདི་ནི་དེང་གི་སྐད་དུ་བསྙད་ན་སྐབས་དེའི་རང་མོས་སྙན་ངག་གི་དཔེ་མཚོན་ལེགས་པོ་ཞིག་ཏུ་བགྲང་ཆོག་ཅིང་འོས་པར་སྙམ།དེ་ལྟར་ན་རང་མོས་སྙན་ངག་ལའང་དུས་རིམ་གྱིས་དབྱེ་ན་གནའ་བོའི་རང་མོས་སྙན་ངག་དང་དེང་རབས་རང་མོས་སྙན་ངག་གཉིས་སུ་འཇོག་དགོས་པ་ཨེ་ཡིན་བསམས་སོ།།

 

དྲི་བ། སྙན་གཞུང་སྐབས་སུ་ལུས་རྒྱན་སྲོག་གསུམ་གྱི་ཐད་ལ་བཞེད་ཚུལ་མི་མཐུན་པ་ཡོད་ཅེས་པ་དེ་ཅི་ལྟར་མ་མཐུན་པ་རེད་དམ།

ལན།   དེ་ནི་གཙོ་ཆེར་མེ་ལོང་མའི་འགྲེལ་མཛད་སྨྲ་བ་བོད་མཁས་པ་སོགས་ཀྱིས་རྒྱ་གར་མཁས་པའི་གསུང་རྒྱུན་ཅན་གྱི་མཁས་པ་ཐམས་ཅད་སྙན་ངག་ལ་ལུས་རྒྱན་གཉིས་ལས་མི་བཞེད་ཅེས་གསུངས་ཤིང་།རང་ཉིད་ཀྱང་དེ་དང་མཐུན་པར་མཛད་དེ།གཞན་དུ་སྲོག་གི་དབང་བོས་མ་བཟུང་བའི།།མི་རོ་བཟང་ཡང་ཅི་ཞིག་ལེན།།ཞེས་སྙན་ངག་གི་ལུས་རྒྱན་སྲོག་གསུམ་སྐྱེས་བུའི་ལུས་སྲོག་རྒྱན་གསུམ་ལ་དཔེ་བགྱིས་པའི་ཟུར་མཁར་བློ་གྲོས་རྒྱལ་བོར་སྒོ་ཀུན་ནས་མི་འདོད་པའི་དགག་པ་གནང་ཞོར་དུ་དོན་གྱིས་སྙན་ངག་གི་གཞུང་དངོས་ལ་སྲོག་མི་འདོད་པའི་སྒྲུབ་བྱེད་མང་དུ་བཀོད་ཡོད།  དེ་བཞིན་དུ་འབྲུག་ཁམས་སྤྲུལ་སོགས་ཀྱིས་ཀྱང་དེ་ལྟར་འདོད་པ་འདྲ།

ཡང་འཇམ་ཁ་བ་དང་སྣར་ཐང་ལོ་ཙཱ་བ། དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་སྲོག་ཅེས་པའི་ཐ་སྙད་འདི་གཏན་མི་འདོད་ཀྱང་ལུས་ལ་ཚིག་གི་ལུས་དང་དོན་གྱི་ལུས་ཞེས་གཉིས་སུ་འབྱེད་མོད། དེ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པས་<<དབྱངས་ཅན་ཞལ་ལུང་>>དུ། སྔོན་བྱུང་གཏམ་དང་སྡེ་བཞི་ལ་སོགས་པ།།བརྗོད་བྱའི་དོན་ནི་སྲོག་ཡིན་དེ་ཡི་ཕྱིར།།ལུས་ལ་ཚིག་དོན་གཉིས་སུ་འབྱེད་རྣམས་འཁྲུལ།།ཅེས་དགག་པ་མཛད་ཡོད།

དེ་མིན་སྨོན་འགྲོ་ཡབ་སྲས་དང་རྒྱལ་དབང་ལྔ་བ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་སྙན་ངག་ལ་ལུས་རྒྱན་སྲོག་གསུམ་དུ་བཞེད་ལ། དེའང་བཅད་ལྷུག་སྤེལ་མའི་ཚིག་གི་ཕྲེང་བ་ནི་ལུས་དང་། ཆོས་གང་ཞིག་བརྗོད་བྱར་བྱས་པ་སྲོག་དང་། སྒྲ་དོན་གབ་གསུམ་གྱི་རྒྱན་ཅི་རིགས་ཀྱིས་ཉམས་འགྱུར་ཕུན་སུམ་ཚོགས་པར་བྱས་པ་ནི་རྒྱན་དུ་བཞེད་པ་ཡིན།

དེ་ལྟར་བོད་རང་གི་མེ་ལོང་མའི་འགྲེལ་མཛད་ཀྱི་མཁས་པ་སྔ་མ་དག་གིས་སྙན་ངག་ལ་ལུས་རྒྱན་སྲོག་གསུམ་ཅི་ལྟར་བཞེད་པ་དང་མི་བཞེད་པའི་ལུགས་གཉིས་ཡོད་པ་རོབ་ཙམ་རྟོགས་ན་ད་གཟོད་ཁྱོད་ཀྱིས་སྙན་ངག་གི་ལུས་རྒྱན་སྲོག་གསུམ་ལ་བཞེད་ཚུལ་མི་མཐུན་པ་ཅི་ལྟར་ཡོད་པ་ཡིན་ནམ་སྙམ་པའི་དོགས་མདུད་དེ་རང་སར་གྲོལ་བར་འགྱུར་རོ།།

 

དྲི་བ།   ཉིན་ཐོ་འབྲི་དགོས་ཚེ་དེའི་ནང་དུ་ཚང་དགོས་པ་གང་དག་དགོས།

ལན།  ཉིན་ཐོ་ཞེས་པ་ནི་ཉིན་གཅིག་གི་མཐོང་ཐོས་མྱོང་གསུམ་གྱི་བྱ་བ་མཐའ་དག་རྒྱས་པའམ་བསྡུས་པ་གང་རུང་གི་སྒོ་ནས་ཟིན་ཐོར་བཏབ་པ་དེར་ཟེར་ལ། ཉིན་ཐོ་འབྲི་བ་ནི་བྱེ་བྲག་པའི་བྱ་དངོས་ཤིག་རི་མོར་འབྲི་བ་དང་མི་འདྲ་བས་འདི་དང་གན་ཚང་དགོས་ཚུལ་དང་དེ་དང་དེ་འཛོམས་དགོས་ཚུལ་གྱི་སྒྲིག་སྲོལ་དམ་པོ་དེ་འདྲ་མེད་པར་མགོ་གང་ནས་བཙུགས་ཀྱང་། མཇུག་གང་ནས་བསྡུས་ཀྱང་། མཚམས་གང་ནས་བཅད་ཀྱང་ཆོག་པ་ཡིན།

ཉིན་ཐོ་འབྲི་བ་ནི་སྦྱོང་བརྡར་ཞིག་ཡིན་ལ། ཉིན་ཐོ་འབྲི་བ་ལ་བརྟེན་ནས་ཁྱོད་ཀྱིས་རང་གི་ཚིག་སྦྱོར་དང་དག་ཆ་ཇེ་ལེགས་སུ་གཏོང་ཐུབ་པ་ཡིན། ཉིན་ཐོ་འབྲི་བ་ནི་ཐབས་ཤེས་ཤིག་ཡིན་ལ།ཉིན་ཐོ་འབྲི་བ་ལ་བརྟེན་ནས་ཁྱོད་ཀྱིས་རང་གི་བསམ་བློ་དང་ཉམས་མྱོང་ཇེ་ཕྱུག་ཏུ་གཏོང་ཐུབ་པ་ཡིན། ཉིན་ཐོ་འབྲི་བ་ནི་རིགས་ལམ་ཞིག་ཡིན་ལ། ཉིན་ཐོ་འབྲི་བ་ལ་བརྟེན་ནས་ཁྱོད་ཀྱིས་རང་གི་རྩོམ་རྩལ་དང་དཔྱོད་ཤེས་ཇེ་མཐོ་རུ་གཏོང་ཐུབ་པ་ཡིན། མདོར་ན་ཉིན་ཐོ་འབྲི་བ་ནི་རང་གིས་རང་ལ་ཞབས་འདེགས་སྒྲུབ་ཚུལ་ལེགས་པོ་ཞིག་ཡིན་པ་དེར་ཟད།

འུ་ཚོའི་བོད་ལ་ཉིན་ཐོ་བྲིས་ཏེ་རྩོམ་རྩལ་སྦྱོང་བའམ། ཉིན་ཐོ་བྲིས་ཏེ་ཉམས་མྱོང་གསོག་པའི་ལམ་སྲོལ་དེ་འདྲ་མེད་པས་འུ་ཅག་གི་མཁས་པའི་ཁྲོད་ན་འཆད་རྩོད་གཉིས་ལ་ཐོགས་པ་མེད་ཀྱང་རྩོམ་པའི་ཚེ་ན་རྡོ་ཆག་བཙན་སྒྲིག་ལྟ་བུ་བྱེད་པ་མང་ལ། གཞན་གྱི་རྩོམ་རྩལ་གཡོར་དགོས་པའང་ཤིན་ཏུ་མང་། ཚུལ་འདི་དག་ལ་བསམ་བཞིན་ང་ཚོས་ཕྱུགས་རྫི་ཚུན་ཆད་ཀྱིས་ཉིན་ཐོ་བྲིས་ཏེ་རྩོམ་རྩལ་སྦྱོང་བའི་ཕྱི་གླིང་བའི་ལེགས་ཆ་ཚུར་ལེན་བྱ་དགོས་པ་ཡིན།

གོང་དུ་བརྗོད་པ་ལྟར་སྤྱིར་ཉིན་ཐོ་ཇི་ལྟར་འབྲི་བར་བརྗོད་བྱ་རྗོད་བྱེད་ལ་མཚམས་དང་ཚིགས་ཤིག་མེད་མོད། འོན་ཀྱང་། གསར་རྩོམ་པ་ཚོ་ཐོག་མར་ལས་འདིར་འཇུག་སླ་བའམ་བདེ་བའི་ཕྱིར་དུ་ཉིན་ཐོ་ཇི་ལྟར་འབྲི་དགོས་པའི་རིམ་པ་ཞིག་ཁོ་བོས་ལོ་འགའི་གོང་དུ་བྲིས་པའི་<<ཉིན་ཐོ་ཇི་ལྟར་འབྲི་དགོས་སམ་>>ཞེས་པའི་རྩོམ་ཞིག་བྲིས་ཡོད་པས་དེར་གཟིགས་པར་ཞུ།


(དྲི་བ་དྲིས་ལན་འདི་དག་ནི་ཉེ་བའི་ལོ་ཤས་གོང་སྐད་འཕྲིན་ལས་གཞན་གྱི་དྲི་བ་སྣ་ཚོགས་ལ་ལན་ལྡོན་པ་དག་ལས་སྙན་ངག་སྐོར་གྱི་དྲིས་ལན་འགའ་བདམས་བཀོད་བྱས་པ་ཡིན་ལ།  ད་དུང་བརྗོད་བྱ་ཐ་དད་པའི་དྲིས་ལན་གཞན་དག་ཀྱང་འདི་ལྟར་མུ་འགོད་བྱ་འཆར་ཡོད།)