༢༠༠༦ ལོར་ཀྲེ་སྒྲི་(TED)གཏམ་བཤད་སྟེང་དུ་ངས་བྱིས་པའི་རང་བྱུང་གི་གསར་གཏོད་ནུས་པ་དང་རྟོག་འཆར་གཉིས་ཡར་རྒྱས་གཏོང་སྟངས་སྐོར་ལ་སྐད་ཆ་བཤད་པ་ཡིན། ༢༠༡༠ ལོར་ཕྱིར་ཀྲེ་སྒྲིའི་སྟེང་དུ་ངས་གཙོ་བོ་དེར། རྨང་གཞིའི་སློབ་གསོའི་ལམ་ལུགས་ལ་རྩ་བ་ནས་འགྱུར་བ་ཞིག་གཏོང་དགོས་ཀྱི་ཡོད་པ་དེ་བཤད་འདོད་བྱུང་། སློབ་གསོའི་ལམ་ལུགས་གསར་བཅོས་བྱེད་རྒྱུ་དེ་ནི། ང་ཚོའི་དུས་རབས་ཀྱི་དཀའ་ངལ་ཆེ་ཤོས་གྲས་ཤིག་ཡིན་པ་ང་ཚོ་ཚང་མས་མིག་མཐོང་ལག་ཟིན་རེད།

ངའི་ལྟ་ཚུལ་ལྟར་ན། སློབ་གསོའི་ལམ་ལུགས་དེ་ལེགས་འགྱུར་བཏང་བ་ཙམ་གྱིས་འདང་གིན་མེད། མིག་སྔར་ཡོད་པའི་སློབ་གསོའི་ལམ་ལུགས་འདི་ནི་དུས་རབས་༡༩ པའི་ནང་དུ་བཟོ་ལས་ཐོན་སྐྱེད་ཀྱི་ཚད་གཞིའི་སྒྲོམ་གཞི་ཁོ་ནར་གཞིར་བཅོལ་ཏེ་བསྒྲུབས་པའི་སློབ་གསོའི་ལམ་ལུགས་ཤིག་རེད། འོན་ཀྱང་། ང་ཚོ་ལ་དགོས་པའི་སློབ་གསོའི་ལམ་ལུགས་ནི། དུས་རབས་༢༡ ནང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་སྣ་ཚོགས་ལ་གཞིར་བཅོལ་ཏེ་བསྒྲུབ་པའི་སློབ་གསོའི་ལམ་ལུགས་ཤིག་གོ །

སྔར་ཡོད་ཀྱི་སློབ་གསོའི་ལམ་ལུགས་འདི་ནི། བཟོ་ལས་ཐོན་སྐྱེད་ཀྱི་སྒྲོམ་གཞིའི་ཚད་གཞི་དང་། ཀུན་མཐུན། ཚད་གཞི་གཅིག་གྱུར་སོགས་ལ་གཞིར་བཅོལ་ཏེ་གཏན་འབེབས་བྱས་པ་ཞིག་རེད་ལ། སློབ་གསོའི་ལམ་ལུགས་འདིའི་ཞན་ཆ་ཡིས་སློབ་མ་མང་པོ་དང་དགེ་རྒན་རྣམས་ལ་གཅིག་མཚུངས་ཀྱིས་གྱོང་གུད་ཐེབས་ཡོད་པ་ནི་ཕྱོགས་ཡོངས་ནས་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ། སློབ་གསོ་འདིའི་ཞན་ཆ་གཙོ་བོ་ལ། སྤྱིར་མིའི་རིགས་འཕེལ་རྒྱས་ཀྱི་འགྲོ་ལུགས་དེ་ནི་ཆ་སྙོམས་རང་བཞིན་དང་ཚད་གཞི་གཅིག་གྱུར་རང་བཞིན་ལ་བརྟེན་ཏེ་འགྲོ་བཞིན་པ་ཞིག་གཏན་ནས་མིན་ལ། དེ་ནི་རང་བྱུང་གི་ངང་རིམ་བཞིན་འགྲོ་དགོས་པ་དང་། དེ་བཞིན་འཇོན་ནུས་ལ་ཡང་དལ་བུར་སྔོག་འདོན་བྱེད་དགོས་པ་བཅས་ ཚད་གཞི་གཅིག་པ་ཅན་ལས་ལྡོག་སྟེ་སྣ་མང་ཅན་ཞིག་ཡིན་པར་མ་ཟད། མིའི་རིགས་ནི་ཐོན་རྫས་ལས་ལྡོག་སྟེ་རེ་བ་དང་། ཕུགས་བསམ། ཚོར་སྣང་། དམིགས་ཡུལ་བཅས་ཡོད་པ་ཞིག་ཀྱང་ཡིན།

སློབ་གསོ་ནི་གང་ཟག་སྒེར་ཞིག་གི་འཚར་ལོངས་ཀྱི་བརྒྱུད་རིམ་ཞིག་ཡིན། ན་གཞོན་རྣམས་ལ་སློབ་གསོ་ཇི་འདྲ་ཞིག་དང་སློབ་གསོ་ཇི་ལྟར་སྤྲོད་སྟངས་དེའང་ན་གཞོན་སོ་སོའི་ནུས་ཚད་དང་། དྲན་འཆར། རྣམ་དཔྱོད། སློབ་སྦྱོང་བྱེད་ཕྱོགས་སོགས་ལ་ངེས་པར་དུ་བསྟུན་དགོས་ཀྱི་ཡོད། ངས་ད་ལྟའི་སློབ་གསོའི་ལམ་ལུགས་འདི་ནི་བཟའ་བཏུང་ལས་རིགས་ནང་གི་སྟབས་བདེའི་ཟ་མའི་ཟ་ཁང་ལ་དཔེར་འཇོག་ཅིག་བྱས་ཏེ་རྒྱུ་མཚན་མདོར་བསྡུས་ཤིག་བཤད་ན། སྤྱིར་ཟ་ཁང་ནང་གི་བཟའ་བཏུང་གི་ཚོང་ལས་ཕྱོགས་ནས་ཟ་མའི་སྤུས་ཚད་འགན་ལེན་ཁག་ཐེག་ཐད་ལ་བྱེད་ཐབས་གཙོ་བོ་གཉིས་ཡོད་པ་ལས། གཅིག་ནི་ཚད་གཞི་གཅིག་གྱུར་བྱེད་རྒྱུ་དེ་ཡིན། དཔེར་ན། སྟབས་བདེའི་ཟ་མའི་ཟ་ཁང་གི་འགྲོ་སྟངས་ཏེ། གལ་སྲིད་ཁྱོད་ལ་སྟབས་བདེའི་ཟ་མའི་ཟ་ཁང་དགའ་ཤོས་ཤིག་ཡོད་ཚེ། ཁྱོད་རང་སྟབས་བདེའི་ཟ་མའི་ཟ་ཁང་དེའི་ཡན་ལག་ས་གནས་གང་དུ་སོང་རུང་། ཁྱོད་ཀྱིས་དེ་རུ་ཤའི་བག་ལེབ་དང་། ཞོག་ཁོག་སྲེག་མ། ཁུ་ནག ཟ་ཁང་ནང་གི་བཟོ་བཀོད། ཞབས་ཞུ་བའི་རྣམ་འགྱུར་སོགས་ལ་རོལ་མྱོང་གཅིག་མཚུངས་སུ་ཐོབ་ཐུབ་ལ། སྟབས་བདེའི་ཟ་ཁང་འདིའི་རིགས་ཀྱི་མགོ་མཇུག་བར་གསུམ་གྱི་འགྲོ་སྟངས་ཚང་མ་ཚད་གཞི་གཅིག་གྱུར་ཡིན་པ་ཁག་ཐེག་བྱེད་ཐུབ་ཀྱིན་ཡོད།

ཞོར་དུ་བཤད་རྒྱུ་ཞིག་ལ། སྟབས་བདེ་ཞིང་གོང་ཚད་ཆུང་བའི་མགྱོགས་ཟས་རིགས་ཀྱིས་སྤྱི་ཚོགས་ཐོག་ཏུ་མིའི་ལུས་ཕུང་ལ་གྱོང་གུད་དང་གནོད་སྐྱོན་ཆེ་ཤོས་ཏེ་གཅིན་པ་མངར་འགྱུར་གྱི་ནད་དང་ཚོ་ནད་ཀྱི་ནད་ཡམས་བཅས་འབྱུང་བར་མཐུན་རྐྱེན་སྦྱོར་གྱིན་ཡོད་ནའང་། ཟ་མའི་སྤུས་ཚད་ཀྱི་ཐད་ནས་ཚད་གཞི་གཅིག་གྱུར་ཡིན་པ་ཁག་ཐེག་བྱེད་ཐུབ་ཀྱི་ཡོད།

ཟ་མའི་སྤུས་ཚད་ལ་འགན་ལེན་ཁག་ཐེག་བྱེད་ཐབས་གཞན་དེ་ནི། སྐར་མ་རིམ་པའི་དཔྱད་བསྡུར་གཏན་འབེབས་ལ་གཞིར་བཞག་སྟེ་ཟ་ཁང་གི་ཚད་རིམ་ལ་གདེང་འཇོག་བྱེད་སྟངས་ཏེ་དཔེར་ན་མིས་ཆེས་ལིན་(Michelin)ལྟ་བུའོ།།

ཟ་ཁང་འདི་འདྲའི་རིགས་ཀྱིས་ཟ་ཁང་ནང་དུ་ཟ་མ་ཅི་ཞིག་བཙོང་བ་དང་། ཟ་ཁང་གི་བཟོ་བཀོད་དང་མཛེས་རྒྱན་ཇི་ལྟར་སྒྲིག་སྟངས། ཐ་ན་ཟ་ཁང་ནམ་ཚོད་ཅིག་ལ་སྒོ་ཕྱེ་བའམ་ཡང་ན་སྒོ་རྒྱག་པ་བཅས་ཀྱི་ཐད་ལ་གཅིག་གྱུར་གྱི་གཏན་འབེབ་སྒྲིག་གཞི་ཡོད་པས་དེར་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པར་མ་ཟད། ཕུལ་བྱུང་གི་ཚད་གཞིའམ་ཡང་ན་ཟ་ཁང་སོ་སོའི་ཁྱད་ཆོས་ངེས་ཅན་ཞིག་ཟ་ཁང་སོ་སོའི་ངོས་ནས་ངོས་འཛིན་བྱས་མཐར་རང་ཉིད་ཀྱི་བྱེད་ཐབས་ལ་བརྟེན་ཏེ་དམིགས་ཡུལ་སྒྲུབ་དགོས་ཀྱི་ཡོད། ཟ་ཁང་ནང་གི་ཟ་མ་ལའང་ཧྥི་རན་སི(France)འི་ཟ་མའམ། མའེ་ཁི་སིས་ཁོ(Maxico)འི་ཟ་མ། རྒྱ་གར་(India)གྱི་ཟ་མ། ཨ་རི(America)འི་ཟ་མའམ་ཡང་ན་ས་གནས་ག་གེ་མོའི་ཟ་མ་ཅི་ཞིག་ཡིན་རུང་ཆོག་པ་དང་། ཟ་ཁང་གི་ཞབས་ཞུ་དང་ཞབས་ཞུ་བ་སོགས་ཀྱང་ཟ་ཁང་སོ་སོའི་འགྲོ་སྟངས་ལྟར་རང་འདོད་ཡིན།

སྤྱིར་བཏང་གི་ཆ་ནས་བཤད་ན། ཟ་ཁང་འདིའི་རིགས་ནི་སྟབས་བདེའི་ཟ་མའི་ཟ་ཁང་ལས་ལེགས་པོ་ཡོད་པ་དང་ཞབས་ཞུའི་སྤུས་ཚད་ཀྱང་དེ་བས་མཐོ་བ་ཡོད། དེའི་རྒྱུ་མཚན་ནི་ཟ་ཁང་འདིའི་རིགས་ཀྱིས་ས་གནས་དེ་གའི་ཁྲོམ་རར་བསྟུན་ཡོད་པར་མ་ཟད། ས་གནས་དེ་གའི་མི་ལ་ཆེད་དམིགས་ཀྱིས་ས་གནས་དེ་གའི་ཁྱད་ཆོས་དང་ས་གནས་དེ་ཡི་ཡུལ་མིའི་ཁམས་དང་བསྟུན་ཡོད།

སློབ་གསོའི་བསྒྱུར་བཅོས་འཕེལ་རིམ་ཡང་དུས་རྒྱུན་སྟབས་བདེ་ཟ་མའི་ཟ་ཁང་གི་སྤུས་ཚད་ཁག་ཐེག་བྱེད་ཕྱོགས་ཀྱི་འགྲོ་སྟངས་ཏེ་བཟོ་ལས་ཐོན་སྐྱེད་ཀྱི་སྒྲོམ་གཞིའི་ཚད་གཞི་དང་། ཀུན་མཐུན། ཚད་གཞི་གཅིག་གྱུར་སོགས་ལ་གཞིར་བཞག་བྱེད་ཀྱིན་འདུག་མོད། འོན་ཏེ། ང་ཚོར་དགོས་པའི་སློབ་གསོ་ནི་བཟོ་ལས་ཐོན་སྐྱེད་ཀྱི་སྒྲོམ་གཞིའི་ཚད་གཞི་དང་། ཀུན་མཐུན། ཚད་གཞི་གཅིག་གྱུར་བཅས་ཀྱི་གཏན་འབེབ་ཚད་གཞི་ལས་མཐོ་ཞིང་སྣ་མང་ཅན་ཞིག་ཡིན་དགོས་ཏེ། བྱིས་པ་རེ་རེའི་སློབ་སྦྱོང་བྱེད་ཕྱོགས་ཀྱི་རང་གཤིས་དང་དགའ་ཕྱོགས་ལ་གཞིར་བཞག་ནས་སློབ་གྲྭ་རེ་རེ་ལ་ཡོད་པའི་ངེས་སྲོལ་དང་ས་གནས་དེ་གའི་རིག་གཞུང་ལ་མཐུན་པར་བྱས་ཏེ་ས་གནས་དེའི་དགོས་མཁོ་སྐོང་ཐུབ་པ་ཡོང་དགོས་ཀྱི་འདུག འདི་འདྲའི་སློབ་གསོའི་ལམ་ལུགས་ཤིག་ནི་རིག་པའི་གཞུང་ལུགས་ཞིག་ག་ལ་ཡིན།

ས་གནས་ཁག་མང་པོ་ཞིག་གི་སློབ་གྲྭ་ཚོས་སློབ་གསོའི་ལམ་ལུགས་འདི་ལག་བསྟར་བྱས་ཏེ་སྔར་ཡོད་སློབ་གསོའི་རྨང་གཞི་ལ་གསར་བཅོས་བྱས་ཡོད། འོན་ཀྱང་། གདོང་ལེན་བྱེད་ས་ནི་སློབ་གསོའི་ལམ་ལུགས་ངེས་ཅན་ཞིག་གམ་ཡང་ན་སློབ་གསོའི་སྒྲོམ་གཞི་ངེས་ཅན་ཞིག་སྔོག་འདོན་བྱེད་རྒྱུ་ཁོ་ན་མིན་པར། དགེ་རྒན་དང་། སློབ་མ། ཕ་མ། སློབ་གྲྭའི་མགོ་འཛིན་རྣམས་ཀྱིས་རང་གི་སྡེ་ཁུལ་དུ་འཕྲད་པའི་སྒྲོམ་གཞི་དང་ལམ་ལུགས་དེ་ལས་བྱུང་བའི་དཀའ་ངལ་དག་སློབ་གསོའི་ཁྱབ་ཁོངས་ཁྲོད་ནས་ཁྱབ་སྤེལ་བཏང་སྟེ་སྒྲོམ་གཞི་དེ་སྔར་ལས་ཇེ་ལེགས་དང་ཡར་རྒྱས་སུ་གཏོང་རྒྱུ་དེ་ཡིན།

ཚད་གཞི་གཅིག་གྱུར་གྱི་སློབ་གསོའི་ལམ་ལུགས་ཀྱིས་སློབ་གསོའི་ཚད་གཞིའི་འཕེམ་རིམ་དམའ་ཤོས་དེ་ལ་རོགས་རམ་བྱེད་ཀྱིན་ཡོད། གལ་ཏེ་སློབ་གསོའི་མཐུན་རྐྱེན་དེ་ལེགས་འགྲུབ་ཡོང་ཐུབ་པའི་མཐུན་རྐྱེན་ཡང་དག་པ་ཞིག་ཡིན་ཚེ། མིའི་རེ་འདུན་དང་ཕུགས་བསམ་ཡང་རང་བཞིན་གྱིས་སྔར་ལས་ཆེ་རུ་འགྲོ་ལ། ན་གཞོན་ཚོའི་རང་ནུས་དང་དགའ་ཕྱོགས་སོགས་ལ་མཐུན་རྐྱེན་གསར་བསྐྲུན་བྱེད་རྒྱུ་དེ་ནི་བྱིས་པའི་སློབ་གསོའི་གནད་འགག་ཡིན་པར་མ་ཟད། བྱིས་པའི་སློབ་གསོ་ནི་ང་ཚོའི་འགྱུར་ལྡོག་ཡོད་ཚད་ཀྱི་འགག་རྩ་ངོ་མ་དེའང་ཡིན་ནོ།།

 

ཁེན•རའོ་སྦིན་སོན་(Ken Robinson)གྱིས་སྤྱི་ལོ་༢༠༡༠ལོར་གསུངས། མ་ཡིག་དངོས་ལ་གཟིགས་ན་གཤམ་དུ་དྲ་འབྲེལ་བྱོས།
http://www.cnn.com/2010/OPINION/05/31/robinson.education.fast.food/index.html