དཔེ་ཡི་འགོད་ལུགས།

དོན་གང་ཞིག་གསལ་བར་བྱ་ཕྱིར་ཆོས་གཞན་ཞིག་འགོད་པའི་དཔེ་ཡི་འགོད་ལུགས་འདི་གནའ་ནས་དེང་གི་བར་དུ་རྒྱ་བོད་ཕྱི་གསུམ་གྱི་རྩོམ་གང་ལའང་ཉེ་བར་མཁོ་ཞིང་མང་དུ་བཀོལ་ཡོད་པ་ཞིག་ཡིན།  སྙན་ངག་ལ་མཚོན་ན་ལྷག་པར་དུ་དེ་ལྟར་ཡིན། འོན་ཀྱང་སྙན་ངག་གསར་རྙིང་གཉིས་ཀྱི་དཔེ་ཡི་འགོད་ལུགས་ནི་ཅུང་མི་འདྲ་སྟེ།  སྲོལ་རྒྱུན་སྙན་ངག་གིས། གཅིག་ན། རྒྱ་གར་རིག་གནས་ཀྱི་ཤན་ཞུགས་པའི་སྟབས་ཀྱིས་དཔེ་ཕལ་ཆེ་བ་རྒྱ་གར་གྱི་ཆོས་སུ་སྣང་སྟེ།  ཉི་མ་དང་པདྨ།  ཟླ་བ་དང་ཀུ་མུད། གླང་ཆེན་དང་པད་མཚོ། མ་ལ་ཡ་དང་ཙན་དན་སོགས་ཀྱི་འབྲེལ་བའི་མཚན་པའི་དཔེ་མང་བོ་ཞིག་ང་ཚོ་བོད་ལ་མཚོན་ན་ཅུང་ཟད་ལྐོག་ཏུ་གྱུར་བ་ཡིན།འདི་དག་ནི་རྩོམ་དུ་འཁོད་གྲངས་མང་བོ་དང་དཔེ་དོན་གཉིས་ཀྱི་དོན་གྱི་སྟོབས་ཀྱིས་ཕར་དཔེ་ལ་དེ་དང་དེ་ལྟ་བུ་ཡིན་ངེས་ཞེས་རྟོག་ངོར་བསམ་དགོས་པ་ལས་ངང་ཤུགས་ཀྱིས་འདི་དང་འདིའོ་ཞེས་པའི་མངོན་སུམ་པའི་སྣང་བརྙན་གསོན་ཉམས་ལྡན་པ་འཆར་དཀའ།

གཉིས་ན། སྙན་ངག་མེ་ལོང་བོད་དུ་འགྱུར་ཏེ་སྲོལ་རྒྱུན་སྙན་ངག་གི་གཞི་ཚུགས་པ་ནས་བཟུང་སྟེ་བྱུང་བའི་དཔེ་མང་བོ་ཞིག་དེང་ཡང་ད་དུང་སྤྱོད་བཞིན་དུ་ཡོད་པས།  སྲོལ་རྒྱུན་སྙན་ངག་གི་དཔེ་ལ་རྙིང་བའི་སྐྱོན་ཆེ་སྟེ་ཀློག་པ་པོར་མཛེས་རྟོག་སིམ་ཚོར་སྦྱིན་དཀའ།  “སྙན་ངག་གི་རྣམ་པ་འདི་རྩོམ་གྱིས་ཐུང་ལ་ཐ་ཆག་ཅིག་ཡིན་པར་མ་ཟད།  འདིའི་ནང་ན་བརྩམས་སྒྲུང་གི་སྣང་བརྙན་དང་།  བྱུང་རིམ་ལྟ་བུའི་མཚམས་སྦྱོར་གྱི་རྒྱུ་རྐྱེན་གང་ཡང་མེད་པས།  ཁོས་སྐད་ཆ་རྐྱང་བའི་སྒོ་ནས་དོན་དག་གང་ཞིག་གསལ་བར་བྱ་དགོས་པ་ཡིན།  རྒྱུན་སྲོལ་ལྟར་ན།  ཆེས་ཕྱི་ངོས་སུ་མངོན་པའི་ཆོས་དེ་མཛད་སླ་ལ།  སྙན་ངག་གི་སྐད་ཆ་དང་མི་རྣམས་ཀྱིས་མུ་མཐུད་གསར་རྩོམ་ལ་རེ་བའི་མཛེས་རྟོག་གི་དགོས་མཁོ་གཉིས་ཆེས་ཐད་ཀར་དུ་འབྲེལ་འདྲིས་འབྱུང་བ་ཡིན།  བརྩམས་སྒྲུང་དང་ཟློས་གར་ལ་བརྩམས་ཆོས་ཁྲོད་ན་སྣང་བརྙན་དང་བྱུང་རིམ་ལྟ་བུའི་མཚམས་སྦྱོར་གྱི་རྒྱུ་རྐྱེན་ཡོད་པས་དེས་ཞི་འཇགས(缓冲)ཀྱི་ཕན་ནུས་ཐོན་པ་ཡིན་པ་ལ།   སྙན་ངག་ནི་དེ་དང་འདྲ་བ་མ་ཡིན་ལ།   དེའི་ཕྱིར་སྙན་ངག་གི་སྐད་ཆ་ནི་ཆེས་མཛེས་སླ་བ་ཡིན།  ཞིབ་བསྡུར་རགས་མོ་ཞིག་བྱེད་ན།   སྣང་བརྙན་ཅན་གྱི་སྐད་ཆ་ཞིག་བརྩམས་སྒྲུང་ལས་ཐེངས་བཅུར་བྱུང་ན་ད་གཟོད་མི་རྣམས་ལ་སུན་སྣང་སྐྱེས་པ་ཞིག་ཡིན་པའི་དབང་དུ་བཏང་ན།   སྙན་ངག་གི་ནང་དུ་ཐེངས་གསུམ་བྱུང་དུས་མི་རྣམས་སུན་སྣང་སྐྱེས་ངེས་ཡིན།  གལ་ཏེ་སྐད་ཆའི་ནང་གནས་ཀྱི་དོན་གསར་དེ་ཡང་དང་ཡང་དུ་བསྐྱར་ཏེ་ཟད་ཚར་དུས།   སྔར་ཀྱི་ཕྱི་ཚུལ་ནས་བལྟས་ན་རྒྱན་དུ་གྱུར་བ་དག་ཀྱང་དེ་ལས་ལྡོག་པའི་ཀློག་པ་པོར་སུན་སྣང་བསྐྱེད་བྱེད་ཀྱི་རྒྱུར་འགྱུར་བ་ཡིན།   སྐད་ཆ་བཀོལ་སྤྱོད་ཀྱི་རྩལ་སྦྱོང་ར་བ་རུ་ནམ་ཡང་ཨང་དང་པོ་མ་གཏོགས་ཨང་གཉིས་པ་དང་གསུམ་པ་གཏན་ནས་ཡོད་པ་མ་ཡིན།  29དེའི་ཕྱིར་བང་འར་ཏིས(王尔德)ཀྱང་“ཐོག་དང་པོར་མེ་ཏོག་བུ་མེད་ཀྱི་དཔེ་རུ་འདྲེན་པ་དེ་མཁས་དབང་ཡིན་ལ། ཐེངས་གཉིས་པར་འདྲེན་མཁན་དེ་གྱི་ན་བ་ཞིག་དང་།   ཐེངས་གསུམ་པར་འདྲེན་མཁན་དེ་བླུན་རྒན་ནོ”ཞེས་གསུངས་པ་ཡིན།

ང་ཚོའི་སྲོལ་རྒྱུན་སྙན་ངག་དང་སྲོལ་རྒྱུན་སྙན་ངག་པ་ཞིག་ཡིན་དུས་ཁོའི་དཔེ་འབྱུང་སའི་ཡུལ་ཁམས་དེ་ངེས་ཅན་པ་ཞིག་དང་།   གྲུབ་ཟིན(定型)ནས་ཡོད་པས་ན།  སྐུ་ཟེར་དུས་ཕལ་ཆེ་པའི་སེམས་ལ་དེའི་དཔེར་གསེར་གྱི་རི་བོའམ་དཔག་བསམ་ལྗོན་དབང་བསམ་པར་འགྱུར་ངེས་ཡིན་པ་དང་།  གསུང་ཟེར་དུས་ཕལ་ཆེ་བའི་སེམས་ལ་ཚངས་པའི་དབྱངས་དང་ཁུ་བྱུག་གླུ་དྲན་པར་འགྱུར་ངེས་ཡིན།   དེ་བཞིན་དུ་མང་བ་ལ་སྐར་ཚོགས།  གསལ་བ་ལ་ཉི་མ།  འགྱུར་མེད་ལ་རྡོ་རྗེ།  དཔའ་བ་ལ་སྲིད་སྒྲུབ་ལྟ་བུ་ལས།   རྒྱུན་གྱི་བསམ་གཞིགས་ཀྱི་དྲ་རྒྱ་ལས་བླ་ལྷག་ཏུ་འགོངས་པར་འགྱུར་བ་ཞིག་ཆེས་ཆེར་དཀོན།   ཨ་རུའི་ཧྭ་ཧྥོ(哈佛)སློབ་གྲྭ་ཆེན་མོའི་ཅོའོ་ཧྲིག་ལུའུ་ཡུ་སིས་ཚེགས་ཆེན་པོ་མེད་པའི་ཕྱོགས་སུ་རེངས་འཐས་ཀྱིས་ཕྱོགས་པའི་སྤྱིར་བཏང་པའི་རྣམ་ཤེས”དེ་ལ་མིའི་སྒྱུད་ལུག་གི་བསམ་གཞིགས་སམ་ལེ་ལོའི་རྣམ་ཤེས་ཞེས་འབོད།   དེ་བས་ཁོས“སྒྲ་དབྱངས་ལྷ་མོའི་རི་སྟེང་ན་སྙན་ངག་མང་བོ་ཞིག་འཚང་ཀ་བྱེད་བཞིན་ཡོད་ལ།   ཀུན་གྱིས་ཀྱང་འཕགས་པས་བསྐྱུར་བའི་ལྭ་བ་མནབས་ནས་ཡོད”ཅེས་འདི་ལྟ་བུའི་སྒྱུད་ལུག་གི་བསམ་གཞིགས་དང་སྐད་ཆའི་རྙིང་ཧྲིལ་གྱི་རང་བཞིན་ལ་འཕྱ་དམོད་མཚར་བོ་མཛད་མྱོང་ཡོད།

སྙན་ངག་གསར་བ་ནི་འདི་ལས་ལྡོག་སྟེ།  དཔེ་དེ་ང་ཚོའི་ཁོར་ཡུག་ན་རྒྱུན་དུ་མཐོང་ཐོས་བཀོལ་སྤྱོད་དུ་ཡོད་པ་དང་།  དབང་བོ་མངོན་སུམ་པའི་ཉམས་མྱོང་དུ་གྱུར་བ་དང་།   སྤྱི་ཚོགས་གསར་བ་དང་དུས་རབས་གསར་བའི་འཕེལ་རྒྱས་དང་བསྟུན་སྤྱི་ཚོགས་གསར་བའི་ནང་དུ་བྱུང་བའི་ཆོས་མང་བོ་ཞིག་དང་།སྔར་སྙན་ངག་ཏུ་མ་འཁོད་པའི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དཔེ་མང་བོ་ཞིག་སྙན་ངག་གི་གསོལ་ཚིགས་ཁང་དུ་ཁྲིད་དེ་ཡོང་ཡོད་པ་ཞིག་ཡིན། ངས་བསམ་ན་དགེ་འདུན་ཆོས་འཕེལ་དང་།  རྡོ་སྦིས་དགེ་བཤེས།  ཞང་བཙུན་བསྟན་པ་རྒྱ་མཚོ།  རྫ་དཔལ་སྤྲུལ་སོགས་ཀྱི་བརྩམས་ཆོས་ལ་ལ་ཞིག་ལ་ཐུན་མོང་མ་ཡིན་པའི་ཡིད་འཕྲོག་གི་དགེ་མཚན་ཞིག་ལྡན་ནས་ཡོད་པ་དེ་ཡང་།   ཆེས་གཙོ་ཆེ་བ་ནི་སྙན་རྩོམ་གྱི་སྐད་ཆ་གསར་བ་དང་། དཔེ་གསར་བ་ཡིན་པའི་སྟེང་ནས་ཐོན་པ་རེད་སྙམ།  ༼འདི་དག་གི་བརྩམས་ཆོས་ལ་ལར་དཔེ་འགོད་ལུགས་ཀྱི་སྟེང་ནས་གསར་བའི་ཁྱད་ཆོས་ཡོད་ཀྱང་།   དེ་ལས་གཞན་པའི་རྣམ་པར་རྟོག་སྟངས་སོགས་ཀྱི་ཕྱོགས་ནས་སམ་རྩ་བའི་སྟེང་ནས་སྲོལ་རྒྱུན་སྙན་ངག་གི་ཁྱད་ཆོས་མ་ནོར་བར་ཚང་བས་ངས་སྙན་དག་གསར་བའི་ཁྲོད་དུ་འདྲེན་པ་མིན༽འདི་དག་ནི་ང་ཚོས་གསལ་བར་མཐོང་ཐུབ་པའི་ཕྱི་རོལ་གྱི་མི་འདྲ་ས་ཡིན་ལ།  སྙན་ངག་གསར་རྙིང་གཉིས་ལ་དཔེར་འགོད་ལུགས་ཀྱི་དེ་གཉིས་སུ་མ་ཟད།  ད་དུང་ནང་གནས་ཀྱི་ཆ་ན་མི་འདྲ་ས་ཡོད་པ་ཡིན།

སྲོལ་རྒྱུན་སྙན་ངག་གི་དཔེ་འགོད་དོན་ནམ་དཔེ་འཇོག་པའི་དགོས་པ་ནི།   བརྗོད་བྱའི་དོན་གྱི་རང་བཞིན་དང་ཁྱད་ཆོས་ཁྱད་པར་སོགས་གཟུགས་ཤེས་གང་ཡང་མ་ཡིན་པའི་དངོས་པོའི་མིང་དོན་དང་།   སྤྱི་མཚན་དང་།   ཡུལ་དུས་རང་བཞིན་གྱིས་བསྐལ་དོན་དུ་གྱུར་བའི་ཆོས་རྣམས་དབང་ཡུལ་དུ་སྣང་བའི་དངོས་པོའི་གཟུགས་དང་ཁྱད་ཆོས་དང་བྱེད་ལས་སོགས་ཀྱི་རྣམས་པ་དང་མཚུངས་པའམ།  གཟུགས་གཅིག་པར་བློས་བཏགས་བྱས་ཏེ།   ཕན་ཚུན་མཚུངས་ཆོས་ཀྱི་འབྲེལ་བ་ལ་བརྟེན་ནས་མཚོན་བྱའི་རང་བཞིན་རྟོགས་པར་བྱེད་པ་དེ་ཡིན”30དེ་བས་བོད་ཀྱི་སྒྲུབ་བྱེད་ཀྱི་རིགས་པ།  རྒྱབ་རྟེན་གྱི་ལུང་།   གསལ་བྱེད་ཀྱི་དཔེ་ཟེར་བ་བཞིན་དཔེ་དེའི་འགོད་དོན་ནི།  གསལ་བྱའི་དཔེ་དེ་དབང་ཡུལ་དུ་སྣང་བ་ལྟར་གསལ་བར་བྱ་བའམ་རྟོགས་པར་བྱ་བའི་ཆེད་ཡིན།   ནམ་ཞིག་གི་དུས་དོན་དེ་ཀློག་པ་པོས་གསལ་བོར་ངེས་རྗེས་དཔེ་ཡི་འགན་ཡོངས་སུ་འགྲུབ་པ་ཡིན་པས་སྙན་རྩོམ་ཁྲོད་ན་ཕྱི་ཕྱིར་གོ་ས་ཆེན་པོ་རང་མེད།  དེར་མ་ཟད་དཔེ་དང་དོན་གྱི་བར་ནའང་དཀར་བ།   འཇམ་པ།   འགྱུར་མེད།   དྭངས་པ་ལྟ་བུའི་སྤྱི་མཚན་པའི་མཚུངས་ཆོས་རྐྱང་ཚུགས་པ་ཁོ་ན་ལས་།   ཡིད་འགྱུར་དང་ཁམས་དང་འབྱུང་བའི་རྣམ་འགྱུར་མ་གཞུང་གི་སྟེང་བཞག་པའི་འབྲེལ་ཅི་ཡང་མེད།   དེ་བས་སྲོལ་རྒྱུན་སྙན་ངག་གི་དཔེ་འགོད་ལུགས་འདིར།   དེང་གི་ཚིག་རྒྱན་རིག་པའམ་(修辞学)དཔེ་ལ་བེད་སྤྱོད་ཅན་གྱི་དཔེ་དང་རྩོམ་རིག་ཅན་གྱི་དཔེ་གཉིས་སུ་དབྱེ་བ་ལས་དང་བོ་བེད་སྤྱོད་ཅན་གྱི་དཔེའི་ཤེད་ཆེ་ལ།   དེར་རིགས་རྟོག་གི་རང་བཞིན་མི་ཆུང་བར་ཡོད།   བེད་སྤྱོད་ཅན་གྱི་དཔེ་འདི་ཐང་ཧྲི(唐湜)ལྟར་ན་ད་དུང་དཔེ་དོན་སོ་སོ་བ་ཡིན་ལ་31ཧན་ཙོ་རོང་ལྟར་ན་མིང་དོན་དང་།  སྤྱི་མཚན་པའི་མཚུངས་ཆོས་ཙམ་གྱི་སྟེང་ནས་རྒྱན་འདིའི་གཞི་ཚུགས་པ་ཡིན།   32ལིག་ཧྲ་ཧི(流沙河)ལྟར་ན་ད་དུང་ཚིག་རྒྱན་གྱི་ཆུ་ཚད་ནས་ལུས་པ་ལས།   སྣང་བརྙན་བསྐྲུན་པའི་ཆུ་ཚད་དུ་ཐོན་མེད། ”33

སྙན་ངག་གསར་བའི་དཔེ་ནི་“སྣང་བརྙན་གསར་བཟོ་དང་།   སྙན་ངག་གི་མཁའ་དབུགས་འབུར་ཐོན་བྱ་བ་དང་མཉམ་འབྲེལ་བྱེད་དགོས”ཞེས་པ་ལྟར།   སྙན་ངག་སར་བའི་དཔེ་དེ་དོན་དང་མིང་དོན་ནམ་སྤྱི་མཚན་པའི་སྟེང་གི་མཚུངས་ཆོས་དང་།   དོན་དེ་གསལ་བར་བྱེད་པ་ལས་གཞན་ད་དུང་དཔེ་དེ་སྣང་བརྙན་དུ་འགྲོ་ཐུབ་པ་བྱ་བ་དགོས།   དོན་དེ་ཉིད་གསལ་བོར་ངེས་རྗེས་སུའང་དཔེ་ཡི་འགན་ཡོངས་སུ་རྫོགས་པ་མིན་པར། དཔེ་རང་ཉིད་སྣང་བརྙན་དུ་གྲུབ་ནས་དེའི་སྟེང་ད་དུང་མཛེས་རྟོག་གི་དོན་སྙིང་ཡོད་དགོས་པ་དང་།   ཡོད་པ་ཅན་ཞིག་དང་།   སྙན་ངག་གི་ཡིད་གཟུགས་སུ་གྲུབ་པ་དང་།   གྲུབ་དགོས་པ་དེ་རེད།   འདིས་སྙན་ངག་ཁྲོད་ན་ཕྱིའི་བརྡ་འཕྲིན་གྱི་གོ་ས་བཟུང་ཡོད་ལ།

ཕྱིའི་བརྡ་འཕྲིན་དེས་ཀློག་པ་པོའི་མཛེས་རྟོག་གི་སིམ་ཚོར་དང་།  མྱོང་བ་དང་ཡིད་འགྱུར་གཡོ་ཞིང་ཡར་བསྐྱེད་པར་བྱ་བ་དམིགས་སུ་བཅིངས་པ་ཡིན།   “ཡིད་གཟུགས་དང་མཚོན་དོན་གཉིས་འོ་ཆུ་བཞིན་དུ་རོ་གཅིག་ཏུ་གནས་པ་ནི་ཡིད་གཟུགས་དེ་ཚིག་རྒྱན་པའི་ཁྲོད་ཀྱི་དཔེ་དོན་གྱི་རོ་གཉིས་རང་བཞིན་ལས་ཆེས་ཆེར་ཁྱད་དུ་འཕགས་པའི་རྒྱུ་ཡིན།  ”34མཐར་གཏུགས་ན་དཔེ་དེ་སྲོལ་རྒྱུན་སྙན་ངག་གི་རྒྱ་མཚོ་ཙམ་དང་ནམ་མཁའ་ཙམ་གྱི་ལུང་མ་བསྟན་པའི་ངོར་བྱུང་བ་ཞིག་མིན་པར། དཔེའི་སྟེང་དུ་རྩོམ་པ་པོའི་ཞེན་དོན་ལྷུག་པོ་དང་དགའ་སྐྱོ་ཆགས་སྡང་ཞུགས་ཏེ།   དཔེའི་སྟེང་ནས་རྩོམ་པ་པོའི་སྤྲོ་སེམས་དང་།  སྐྱོ་གདུང་།  ཡིད་མུག   སེམས་ཁྲལ་ལྟ་བུའི་ཁམས་དང་འབྱུང་བ་རྙེད་ཐུབ་པ་དང་། དེ་ལྟའི་ཁམས་དང་འབྱུང་བ་འབུར་དུ་དོད་པ་དང་།   སྙན་ངག་ཡོངས་ཀྱི་བསམ་བློ་དང་ཡིད་འགྱུར་བླ་ལྷག་ཏུ་མཚོན་པར་གསེར་གཞོང་མར་ཁུས་བརྒྱན་པ་ལྟ་བུ་བྱེད་རྒྱུ་དེ་རེད།   དཔེ་འདི་ལྟ་བུར་རྩོམ་རིག་ཅན་གྱི་དཔེ་ཞེས་ཟེར།

“ མཚན་མོའི་ཆར་བ    མཚན་མོའི་ཆར་པ/   མིག་ཆུས་བཏགས་པའི་དྲ་ཕུད་ཡ་/”35ལྟ་བུར་མཚོན་ན།   མཚན་མོའི་ཆར་བ་ནི་མིག་ཆུས་འཐག་པའི་དྲ་ཕད་ཡིན་ཞེས་པ་ཙམ་གྱིས་ཀྱང་།   རྩོམ་པ་པོའི་རྟོག་འགྱུ་ཡི་ནུས་པ་ཆེས་ཕུན་སུམ་ཚོགས་པ་ཞིག་ཡིན་པར་ཤེས་ཐུབ་ལ།   དེར་མ་ཟད།   མཚན་མོའི་ཆར་བ་དེས་ཀློག་པ་པོ་རྣམས་ལ་འཁྱག་ཤུར་ཤུར་བའི་སྐྱོ་སྣང་དང་སྟོང་སྣང་ཞིག་སྟེར་བར་འགྱུར་བས།   སྐབས་འདིའི་མཚན་མོའི་ཆར་བ་འདི་ཕྱོགས་གཅིག་ནས་ལུང་མ་བསྟན་པའི་དཔེ་ཞིག་མ་ཡིན་པར།   དཔེའི་སྟེང་ལ་ཞེན་དོན་ཞུགས་ནས་སྐྱོ་སྣང་དང་སྟོང་སྣང་གི་ཉམས་ལྡན་པ(意境)ཞིག་དང་།  ཕྱོགས་གཞན་ཞིག་ནས་འདི་ཡུལ་ཅན་རང་གི་སེམས་པ་དང་སྙན་རྩོམ་གྱི་མཚོན་བྱ་ལོ་བཅུའི་གོད་ཆག་གི་ལོ་ཟླའི་རླུང་ཆར་ཁྲོད་ནས།  ལང་ཚོའི་དཔལ་ཡོན་ཆུད་ཟོས་སུ་ཕྱིན་པ་ལ་ཕངས་སེམས་ཚད་མེད་དང་སྐྱོ་སྣང་ཚད་མེད་འཆང་བའི་སེམས་པའི་ཁ་འཕྲོད་ཀྱི་ཕྱི་རོལ་དངོས་གཟུགས་སུ་སོང་བ་ལས།   “གསལ་བྱེད་ཀྱི་དཔེ”་རྐྱང་ཙམ་ཡང་མིན།

ཕང་ཏིའི(庞德)«དུས་ཚོད་གཅིག་པོ་འདི»ཞེས་པའི་ནང་གི“གང་ལྟར་ཀྱང་བཀའ་དྲིན་ཆེ    མོས་ཁ་ཕྱིར་འཁོར་སོང/   མེ་ཏོག་གི་འདབ་མའི་སྟེང་འཁྱིལ་བའི་ཉི་འོད/  བསེར་བུས་མེ་ཏོག་བདས་དུས་ཡལ་བ་བཞིན་དུ/   མོ་ཡང་བདག་དང་མྱུར་དུ་གྱེས·······”ལྟ་བུ་ཡང་གྲོགས་གང་ཞིག་དང་གྱེས་པ་ཉི་འོད་ཡལ་བ་དང་མཚུངས་པར་བསྟན་པ་ཙམ་མིན་པར།   མེ་ཏོག་གི་འདབ་མའི་སྟེང་འཁྱིལ་བའི་ཉི་འོད།   བསེར་བུས་མེ་ཏོག་བདས་དུས་ཉི་འོད་ཀྱང་འདབ་སྟེང་ནས་ཡལ་བ་བཞིན་དུ་ཚིག་འདིའི་ནང་དུ་དུས་ཚོད་ཡུད་ཙམ་པ་དེ་ཆེས་རྩ་ཆེན་པོ་དང་ཆེ་འོད་སྟོང་ལྡན་པར་སྣང་བའི་འཁྲིལ་སེམས་ཀྱི་ཉམས་ཤིག་ཡོད་ལ།   མཇུག་མཐར་ཉི་འོད་འདབ་སྟེང་ནས་ཡལ་བ་ལ་ཕངས་པའི་ཉམས་ཤིག་ཡོད།   ཕངས་ཉམས་དེའི་ནང་ན་ད་དུང་ང་རྒྱལ་བའི་ཉམས་སྣང་ཕྲན་བུ་ཞིག་ཀྱང་ཡོད།   འདི་ལྟའི་སེམས་པ་དེ་སྙན་རྩོམ་རིལ་བའི་མཚོན་བྱའམ་རྩོམ་པོའི་ཡིད་འགྱུར་རམ་ཁམས་དང་ཡོངས་སུ་མཐུན་པ་ཡིན།

རྩོམ་རིག་ཅན་གྱི་དཔེའམ་སྙན་ངག་གསར་བའི་དཔེ་ཡི་ཁྱད་ཆོས་ནི།   དཔེ་དོན་བར་གྱི་འབྲེལ་བའམ་མཚུངས་ཆོས་ནི་སྲོལ་རྒྱུན་སྙན་ངག་གི་རྗེས་འདེག་པ(对号入座)ལྟ་བུའི་ངེས་ཅན་གྱི་འབྲེལ་བ་གསལ་ཐག་ཆོད་པ་གཅིག་གི་ཚབ་ཏུ་གཅིག་བྱུང་བ“རིག་པ་དྲི་མེད་ཀྱི་ནམ་མཁའ་ལ།   ཐབས་ཤེས་གཉིས་ཀྱི་རྒྱུ་སྐར་ཤར”ལྟ་བུ་ཞིག་སྤྱིར་ན་མིན་ཏེ།  དེ་ལྟར་དཔེ་དོན་ཉིས་ཆར་དུ་བྱུང་ན་ཡིད་གཟུགས་ཀྱི་དཔེ་དེ་ཆེས་གསལ་བ་ཅན་དུ་གནས་ཏེ་ཀློག་པ་པོའི་བསམ་ཡན་ལ་གེགས་བྱེད་ངེས་པས།   དོན་དེ་སྦེད་ནས་དཔེ་ཁོ་ན་བྱུང་བར།མཚོན་བྱའི་དོན་དེ་ཤུགས་ནས་གོ་རུང་བ་དང་།   རབ་རིབ་འཐིབས་པོ་ཅན་དང་།   དོན་མང་ཅན་ཞིག་དང་།   མཚོན་བྱའི་དོན་དེ་མཚོན་བྱེད་དཔེ་ཡི་ཚད་འཛིན་ལས་རིང་དུ་འདའ་རུང་ནས།   ཆེས་ཡངས་པའི་སྒྲོ་རྟོག་གི་ནམ་མཁའ་རུ་བརྐྱངས་ཡོད་པ་ཅན་ཞིག་ཡིན་སྲིད།   དེ་བས་སྤྱིར་ན་སྙན་ངག་གསར་བའི་འབྲི་སྟངས་ཕལ་ཆེ་བ་རྩ་བའི་སྟེང་ནས་དོན་སྦེད་པའི་བསྡུས་བརྗོད་དམ་མཚན་དོན་རང་ལུགས(象征主义)དང་ཡིད་གཟུགས(意象)རང་ལུགས་ལྟ་བུའི་ངོར་བྱུང་བ་འབའ་ཞིག་ཡིན།   (“ཡིད་གཟུགས་ནི་དཔེའི་(比喻)རྣམ་པ་ཆེས་གོང་དུ་གཏད་པའོ(升华)”ཞེས་ཟེར།

ཁྱད་ཆོས་གཉིས་པ་ནི།   སྙན་རྩོམ་གྱི་བསྟན་བྱའི་དོན་དེ་དཔེ་ལས་ཚུར་བླངས་རྗེས་སྤྱིར་ན་ང་ཚོས་བཤད་པའི་བརྗོད་སྙིང་དེ་སྒྲ་སྤྱི་དང་བསམ་བློའི་ཁོངས་སུ་འདུ་མོད།   འོན་ཀྱང་སྙན་ངག་གི་དོན་དེ་གཏན་ཚིགས་རྐྱང་མའི་དོན་དེ་དང་མཚན་ཉིད་རིགས་པའི་རྟོག་གེའི་དོན་དང་འདྲ་བ་མ་ཡིན་པར།   མཛེས་རྟོག་གི་མྱོང་ཚོར་ཤུགས་དྲག་པོ་དང་འདྲེས་ནས་ཡོད་པའི་ཡིད་འགྱུར་བསམ་བློ་ཞིག་ཡིན།   དོན་ལ་གོ་བ་བསྐྱེད་བྱེད་དམ་དོན་དེ་འགྲུབ་བྱེད་ཀྱི་དཔེའམ་ཡིད་གཟུགས་ནི་མཛེས་རྟོག་གི་ཡུལ(审美对象)དང་།  དོན་དེ་གྲུབ་པའི(རྙེད་པའི)གོ་རིམ་ནི་སྣང་བརྙན་དང་།   དུངས་སེམས།  རྟོག་པ་གསུམ་ཀ་གཅིག་ཏུ་འདུས་པའི་མཛེས་རྟོག་གི་ཡུལ་དེའི་སྟེང་གི་དཀྲོང་སད(感悟)ཅིག་ཡིན།   གཏན་ཚིགས་རྐྱང་མ་དང་ཤེར་རྟོགས་རིག་པའི་དོན་གང་ཡིན་ཡང་དེ་གོ་བ་ལ་རྟོག་པ(理性)འབའ་ཞིག་མ་གཏོགས།  སྣང་བརྙན་དང་དུང་སེམས་མི་དགོས།   སྙན་ངག་ནི་དེ་ལྟ་མ་ཡིན།

ཐེ་ཝན་གྱི་ཞ་ཡིའུ(夏宇)ཡི་སྙན་རྩོམ«བསུང་ཞིམ་གྱི་འཁོན་ལན» (甜蜜的复仇)“ཁྱེད་གྱི་གྲིབ་གཟུགས་ལ་ཚ་ཞིག་བརྒྱབ/ བསྙལ་ནས་བསྐྱུར་ཏེ/  རླུང་གིས་སྐམ/  རྒས་པའི་དུས་སུ/  ཆང་དང་སྤོར/ ”ལྟ་བུར་མཚོན་ན།   མཛའ་བ་རྐང་ལ་ཟུག་པའི་བརྩེ་དུང་ནི་སྙན་རྩོམ་འདིའི་བསྟན་དོན་དང་།  དེ་རྙེད་པའི་གོ་རིམ་ནི་སྙན་རྩོམ་གྱི་སྣང་བརྙན་ཡོངས་རྫོགས་དང་།   དེའི་སྟེང་ན་ཡོད་པའི་འགྱུར་བ་མེད་པ་དང་བློ་སེམས་རྩེ་གཅིག་པའི་དུངས་ཞེན་སོགས་མཛེས་རྟོག་གི་ཡུལ་དུ་གྱུར་བ་ཡོད་ཚད་ཡིན།   གཏན་ཚིགས་རྐྱང་མས“མཛའ་བ་སྙིང་ལ་ཟུག་པའི་དགའ་ཞེན་ཟེར་བའམ།   ཡང་ན་“ཁྱོད་ཀྱིས་མི་བཟའ་ན་ངས་མི་འཐུང་གི་མཛའ་གཅུགས་སོགས་གང་ཟེར་ཡང་།   དེས་སྙན་རྩོམ་གྱི་སྤྱི་དོན་ཙམ་ཞིག་སྟོན་ཐུབ་པ་མ་གཏོགས།  སྙན་རྩོམ་གྱིས་བསྟན་པའི་དོན་མ་ལུས་ཡོངས་རྫོགས་གང་ལྟར་ཀྱང་སྟོན་དཀའ།   རྒྱུ་མཚན་ནི།  རིགས་རྟོག་གིས་བསྟན་པའི་དོན་དེའིི་ནང་དུ་སྣང་བརྙན་དང་དུངས་ཞེན་རྟོག་པ་གསུམ་གཅིག་ཏུ་འདུས་ཡོད་པའི་མཐར་ཐུག་གི་མཛེས་རྟོག་གི་དཀྲོང་སད(སྙན་རྩོམ་རིལ་བའི་སྟེང་གི)ཀྱི་དོན་འདི་འདུ་ཐབས་མེད་པ་ཡིན།   སྙན་རྩོམ་དང་རིགས་རྟོག་གིས་བསྟན་པའི་དོན་གཅིག་ནི་གཅིག་ཀྱང་།  དེ་གཉིས་ཀྱི་རྒྱ་དང་ཚད་ཤུགས་ཡིད་འཕྲོག་གི་ནུས་པ་སོགས་མཚུངས་པ་གཏན་ནས་མི་སྲིད།   དེའི་ཕྱིར་ཀི་ཏུ(歌德)སོགས་སྙན་ངག་པ་མང་བོའི་སྙན་ངག་ནི་“ལོ་ཙཱ”དཀའ་བའི་རྩོམ་གྱི་རྣམ་པ་ཞིག་གོ་ཞེས་གསུང་མྱོང་ཡོད་ལ།  མ་པུའུ་འར་ཏོན་གྱིས“སྙན་རྩོམ་གྱི་དོན་ནི་སྙན་ངག་རང་ཉིད་ཡིན།   ལྷུག་རྩོམ་གྱི་འགྲེལ་བཤད་ཚན་པ་ཞིག་ལས་སྙན་ངག་གི་དོན་རྙེད་ཐུབ་པར་མ་ཟད།   མཛེས་ཆོས་ལ་གནོད་ཅི་ཡང་མི་ཐེབས་པ་ཞིག་ཡིན་ན།   དེ་སྙན་ངག་གི་རྣམ་པས་ངེས་པར་འབྲི་དགོས་དོན་ཅི་ཡོད”36ཅེས་པ་དང་།   ཡང“གལ་ཏེ་ང་ཚོས་ཆེས་མཛེས་པའི་སྙན་ངག་འདིའི་ནང་དོན་ཡོངས་རྫོགས་ཅི་ཡིན་ཞེས་འདྲི་ན།     (མུས་འར་ཏོན་གྱི་སྙན་ངག་ཅིག)ཆེ་འཚམས་པའི་དྲིས་ལན་ནི་སྙན་ངག་དེ་སླར་ཡང་ཐེངས་གཅིག་བསྐྱར་རྒྱུ་དེ་ཡིན”37ཞེས་གསུང་ཡོད།

དེས་ན་སྙན་རྩོམ་ལ་གོ་བ་ལོན་ནས་དོན་རགས་པ་ཞིག་རྙེད་ནི་རྙེད་ཀྱང་དེ་གང་ལྟར་སྨྲ་བརྗོད་ལས་འདས་པ།རྟོག་མེད་ཤེས་པའི་ངོར་གནས་པ་འབའ་ཞིག་ལས།     གཏན་ཚིགས་དང་རྟོག་གེའི་ཡུལ་དང་བརྡ་སྐད་ལས་ཆེས་ཆེར་འདས་པ་ཞིག་ཡིན།   སྙན་ངག་པ་ཀུན་གྱི་མྱོང་རོལ་ལས་བརྩམས་ཏེ་རྟོག་བཅོས་ཀྱི་ཤེས་པ་དང་།  གཞུང་ལུགས་པ་དང་།   “ཅའོ་ཧྲིག”བཅས་ལ་སྡིག་བཞིན་པའང་གཙོ་བོར་འདིར་ཐུག་ཡོད།

སྙན་ངག་གི་རྩོམ་རིག་སྐད་ཆ།  
   

དེ་ལྟར་སྲོལ་རྒྱུན་སྙན་ངག་གི་དཔེ་དེ་དཔེ་དོན་སོ་སོ་བ་དང་།   དཔེ་ཡིས་དོན་དེ་གསལ་བར་བྱེད་པ་ཙམ་ལས།   དོན་ཁོག་རྒྱ་བསྐྱེད་པ་ལ་མི་ཕན་པ་དང་།   དཔེ་དོན་གཉིས་ཀྱི་དཔེ་དེར་ཀློག་པ་པོའི་མཛེས་རྟོག་གི་ཡིད་འགྱུར་གཡོ་ཞིང་ཡར་བསྐྱེད་པར(激起读者的审美情感)བྱ་བ་མེད་པ་དང་།   མཚོན་བྱའི་དོན་དེ་སྙན་ངག་གི་ཁ་གཏོད་ཡུལ་སྐབས་སུ་བཤད་པ་ལྟར།   རགས་གཟུགས་དང་ལུས་ངག་གི་འདུ་བྱེད་སོགས་ཤེས་པ་མ་ཡིན་པའི་གསལ་ཐག་ཆོད་པའི་ཆོས་དག་དང་།   འབྲི་སྟངས་ཀྱི་ཐད་ནས་ཀྱང་མཚོན་པ་མ་ཡིན་པའི་བརྗོད་པ་ཡིན་པ་བཅས་ཀྱིས།   སྙན་ངག་གི་རྩོམ་རིག་སྐད་ཆའང་རྐྱོང་བསྐུམ(张力)མེད་པ་སོ་ཕག་ལྟ་བུ་ཡིན་པར་ཐག་བཅད།

“མང་ཐོས་སྙིང་བོ་མ་ཎི་ཀའི།   །ཕྲེང་བ་དཔྱད་འཇོག་ཟུང་འབྲེལ་གྱི།   རྒྱལ་མཚན་རྩེ་མོར་མངོན་མཆོད་ནས།   །དོན་གཉིས་དགའ་སྟོན་ཁྱོད་ཀྱིས་མྱངས་”ལྟ་བུར་མཚོན་ན།   དོན་གྱི་མིང་བརྡ(概念)མང་ཐོས།   དཔྱད་འཇོག   དོན་གཉིས་དང་དཔེ་ཡི་མིང་བརྡ་མ་ཎི་ཀའི་ཕྲེང་བ།   རྒྱལ་མཚན་རྩེ་མོ།   མངོན་མཆོད་སོགས་དོན་གསལ་ཐག་ཆོད་ཅིང་གོ་དོན་ངེས་ཅན་པའི་མིང་རྐྱང་ཡིན་པ་ལས་རྐྱོང་བསྐུམ་ཆེན་པོ་མེད་པ་ཅན་ཡིན།  ཚིག་གི་ཆ་ནས་ཀྱང་དོན་ལ“མང་དུ་ཐོས་པའི་ཐོས་དོན་དེ་ཞི་ལྷག་ཟུང་འབྲེལ་གྱི་སྒོམ་པའི་སྒོ་ནས་ཉམས་སུ་བླངས་པས།   རང་དོན་དང་གཞན་དོན་གཉིས་གྲུབ་པའི་དགའ་སྟོན་དེ་ཁྱོད་ཀྱིས་རེག་གོ”ལྟ་བུ་ཙམ་དང་།  དེའི་དཔེ་ཡི་ཚུལ་དུ་“ནོར་བུ་རིན་པོ་ཆེ་རྒྱལ་མཚན་རྩེ་མོ་ལ་བཏེགས་ཏེ་མཆོད་ཅིང་གསོལ་བ་བཏབ་པ་ལས་དགོས་འདོད་ཐམས་ཅད་ལྷུན་གྱིས་གྲུབ་བོ”ཞེས་པ་ལྟ་བུའི་སྨྲ་བརྗོད་ཀྱི་ཡུལ་དུ་གྱུར་བའི་དོན་ངེས་ཅན་པ་གསལ་ཞིང་དག་པར་གོ་ཐུབ་པ་ལས།   དེའི་ཕན་ཆད་ན་སྙན་ངག་གི་ཁམས་ཡོད་པས་ཀློག་པ་པོའི་ཀུན་རྟོག་འགྱུ་རུང་ཞིག་དང་།   དཔེའི་སྟེང་དུ་ཞེན་དོན་ལྷུག་པོ་ཞུགས་པས་རྩོམ་པ་པོའི་ནད་སེམས་ཀྱི་གསང་བ་མངོན་པའམ།   ཀློག་པ་པོའི་མཛེས་རྟོག་གི་ཚོར་སྣང་གཡོ་ཞིང་བསྐྱེད་པར་བྱེད་པ་ཞིག་མེད།
མཆན།
29《诗探索》总第12期《诗歌的美学语言》钟义P184
30《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ》དོར་ཞིས་བརྩམས།
31《新意度集》唐湜   著   《论意象》
32《感觉·智慧与诗》韩作荣著《互不相关的碰撞》
33《十二象》流沙河   著  P123
34《新意度集》唐湜   著   P9
35《中国新编鉴赏大字典》P1086  《网》五歌行
36《解歌解剖》布尔顿  著   P10

 

གསལ་བྱེད། དཔྱད་རྩོམ་འདི་དྲ་སྟེགས་གང་དུ་འང་དགོད་པར་མི་བྱའོ།།