གླེང་གཞི།

རྡོ་སྦིས་ཚེ་རིང་རྒྱལ་གྱིས་སྤྱི་ལོ༢༠༡༢ལོའི་པེ་ཅིན་བོད་རིག་པའི་ཚོགས་འདུའི་སྟེང་འུད་ཆེན་པོས་སྒྲོག་འདོན་བྱས་ཤིང་། ཕྱིས་སུ་དེར་ཁ་སྣོན་དང་བཅས་ཏེ་ ༢༠༡༤ལོའི་རྒྱ་ཡིག་གི《西藏档案》དེབ་དང་པོའི་སྟེང་དང་། དེ་ནས《ཀྲུང་གོའི་བོད་ལྗོངས》(༢༠༡༦ལོའི་བོད་ཡིག་དེབ་ལྔ་པ)སྟེང་བཀོད་པའི་དཔྱད་རྩོམ《མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་གི་རྡོ་རིང་དང་བཅས་པའི་སྐོར་སྤྱི་ཁྱབ་བཀའ་ཤག་ལ་ཕུལ་བའི་ཚིག་ཐོ་ཤོག་ལྷེར་དཔྱད་པ་ཐུང་ངུ》ཞེས་པ་དེའི་བརྗོད་སྙིང་དྲིལ་ན། “དེབ་ཐེར་དཀར་པོ་ནི་གཞུང་ས་ནས་རྩོམ་སྒྲིག་གི་ལས་གཞི་བཀོད་ཁྱབ་ཀྱིས་དགེ་འདུན་ཆོས་འཕེལ་རྩོམ་སྒྲིག་གི་དོ་དམ་དུ་བསྐོ་བཞག་བྱས་ནས་གྲུབ་པ་ལས། ད་ལྟ་མ་དག་རྒྱུན་འབྱམས་སུ་གྲགས་པའི་དགེ་འདུན་ཆོས་འཕེལ་རང་ཉིད་གཅིག་པུས་བརྩམས་པ་ཞིག་མིན་པར་གདོན་མི་ཟ” ཞེས་པ་དེ་ཡིན་འདུག་ཅིང་། སྐད་ཆ་དེ་བོང་རྫིའི་རྣ་ལ་སོན་མ་ཐག་མུ་ཏོ་བའི་ལག་ལ་གསེར་ལུག་མགོ་ཙམ་ཞིག་གནམ་ནས་ལྷུང་བ་ལྟར་དགའ་འབོད་ཐལ་ཆེར་བགྱི་ཞིང་སྐད་ཆ་ཁ་ལ་མ་ཤོང་བར་སྣབས་དང་འདྲེས་མར་བྱོ་བཞིན་འདུག་པས། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཤུལ་ལུས་གསུང་རྩོམ་དག་བཀླགས་མྱོང་ཙམ་དང་ཁོང་གི་ལོ་རྒྱུས་དམ་དུམ་རེ་མཐོང་མྱོང་མཁན་ཚུན་ཆད་ལ་རྒྱུན་ཤེས་ལྟ་བུར་འདུག་ཀྱང་མི་དེ་གཉིས་ཀྱི་ཆེད་དུ་བྱུང་བ་དངོས་དེ་ཕྲན་ཙམ་ངོ་སྤྲོད་ལན་ཅིག་མི་བྱེད་ཀ་མེད་བྱུང་ངོ་།།

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སྐར་ཆུང་རྡོ་རིང་སོགས་ཀྱི་སྐོར་སྤྱི་ཁྱབ་བཀའ་ཤག་ལ་སྙན་ཞུ་ཕུལ་བའི་ཚིག་ཐོའི་ཤོག་ལྷེ།

གུས་འབངས་༧རྒྱལ་རབས་རྩོམ་སྒྲིགས་དོ་དམ་དགེ་འདུན་ཆོས་འཕེལ་ནས་ཞུ་བ་  ཆོས་རྒྱལ་ཁྲི་ལྡེ་སྲོང་བཙན་སྐབས་སུ་བཞེངས་པའི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་གི་གནས་ཤུལ་ལྷ་སའི་ཉེ་འགྲམ་ར་མ་སྒང་དུ་ད་ལྟ་ཨ་ཎི་དགོན་པ་སངས་རྒྱས་དགོན་ཞེས་ཡོད་པ་དེ་དག་འཁྲུལ་མེད་ཡིན་ཞིང་  དེར་བྱེ་མས་ཕྱེད་ཙམ་ནུབ་པའི་རྡོ་རིང་སྤུས་དག་གིས་སྟེང་དུ་ཆོས་རྒྱལ་ཉིད་ཀྱི་སྐུ་དུས་སུ་བྲིས་པའི་ཡི་གེ་ཡང་གསལ་བར་བཞུགས་པ་དེ་དག་ད་ལྟ་བྱེ་དཀྱིལ་དུ་བདག་མེད་ལྟ་བུར་ལུས་འདུག་པ་དེ་བཞིན་ཆགས་སྐྱོན་མ་བྱུང་གོང་བྱེ་བསང་གིས་ལྕགས་རི་ཆུང་ངུ་ཞིག་བརྩིགས་ཐུབ་ན་ཧ་ཅང་ཡག་པོ་ཡོང་བ་འདུག་པས་གཞུང་ས་མཆོག་ནས་ཐུགས་འགན་གྱིས་ཨར་པོའི་ལས་ཁུངས་ཤིག་ཏུ་བཀའ་ཁྱབ་ཐུགས་རྗེ་ཆེ་བ་དང་  ད་དུང་ལོ་ཤས་ཀྱི་སྔོན་དུ་ད་ལྟ་ཡོད་པའི་རྡོ་རིང་དེའི་ཏོག་ཇི་ལྟ་བ་གཅིག་བྱེ་འོག་ནས་ཨ་ཎིའི་དགོན་པར་རྙེད་འདུག་པར་བརྟེན་རྡོ་རིང་མ་མོ་ད་ལྟ་བྱེ་འོག་ཏུ་གཟིམས་གཟིམས་པར་ཡོད་ངེས་སྟབས་དེ་ཁུལ་བྱེ་གསེབ་ཏུ་ཚལ་ཚོལ་གནང་ཚེ་གལ་སྲིད་རྙེད་ན་༧རྒྱལ་རབས་རྩོམ་འཕྲོར་ཡང་ཕན་འདོགས་ཡོང་ངེས་ཤིང་  ཕྱོགས་མཚུངས་དེང་སྐབས་༧རྒྱལ་རབས་རྩོམ་འཕྲོ་འདིར་ཤིན་ཏུ་མཁོ་བ་རྩེ་ཞོལ་ཕྱི་མའི་རྡོ་རིང་གི་ཡི་གེ་དེ་བཞིན་དགོས་འདུག་པ་གཞུང་སར་བཤུས་ཟིན་ཞིག་ཡོད་ན་གསོལ་རས་དང་  མེད་ཚེ་ཨེ་པར་བཀའ་ཁྱབ་ཀྱིས་འཕྲལ་དུ་ཚར་གཅིག་བཤུ་བཅུག་གནང་ཐུགས་རྗེ་ཆེ་བ་ཞུ་རྒྱུའི་ཚིག་ཐོ་ཤོག་ལྷེ་༧སྙན་ཞུར་ཕུལ་།

རྒྱུ་མ་ཕུ་འདེད།

རྡོ་སྦིས་ཚེ་རིང་རྒྱལ་གྱི་དཔྱད་རྩོམ་དེའི་ནང་དུ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པ་འཁྲུལ་མེད་ཡོངས་གྲགས་ཀྱི《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ》ཞེས་པ་དེང་སང་རང་ཅག་གིས་ཀློག་བཞིན་པའི་དེབ་ཐེར་འདི་མཁས་དབང་དགེ་ཆོས་ཁོང་གཅིག་པུས་བརྩམས་པ་ཞིག་མིན་པར་མ་ཟད། དེབ་ཐེར་དེ་ལྟ་བུ་ཞིག་རྩོམ་པའི་དྲན་སྐུལ་གནང་མཁན་ཡང་བོད་བཀའ་ཤག་སྲིད་གཞུང་ཡིན་པ་ལས། དགེ་ཆོས་ཀྱིས་ཐོག་མར་དྲན་པ་ཞིག་མིན་ཚུལ་སྨྲས་འདུག འོན་ཀྱང་། དཔྱད་རྩོམ་དེར་རྒྱལ་རབས་དེབ་ཐེར་དཀར་པོ་ནི་དགེ་ཆོས་གཅིག་པུས་བརྩམས་པ་མིན་པར་ཚོགས་པ་ཞིག་གིས་ལྷན་དུ་བརྩམས་པའི་སྒྲུབ་བྱེད་ཅང་འགོད་རྒྱུ་མ་རྙེད་པར་མུ་ཅོར་གྱི་གཏམ་ངན་ཉི་ཚེ་བ་གཉིས་སྒྲུབ་བྱེད་ལ་བསམ་སྟེ་གླེན་པའི་འུ་ཚུགས་ཁོ་ནས་སྨྲ་ཞིང་འདུག་སྟེ།

དཔྱད་རྩོམ་དེར་དགེ་ཆོས་ཀྱིས་བཀའ་ཤག་ལ་ཕུལ་བའི་སྙན་ཞུ་དེ་སྤྱི་ལོ1946ལོར་ཕུལ་བ་ཡིན་ཚུལ་སྐད་ཆེན་པོས་འདི་ལྟ་སྟེ། “དམ་པ་ཁོང་ཉིད་མི་ལོ་བཅུ་གཉིས་རིང་རྒྱ་གར་དུ་ཕེབས་རྗེས་ཀྱི1945ལོར་ཕྱིར་ལྷ་སར་སླེབས་ཏེ་རྒྱལ་རབས་རྩོམ་སྒྲིག་གི་དོ་དམ་འཁུར་བཞེས་ཀྱི་སྐབས་ཤིག་ལྷ་སའི་ཉེ་འཁོར་ཏེ། དེ་སྔ་སྣེའུ་རྫོང་ཁོངས་ར་མ་སྒང་དུ་ཆགས་པའི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་གི་རྡོ་རིང་དང་བཅས་པར་ཕྱག་རོགས་སུ་རང་གི་དགེ་ཕྲུག་ཧོར་ཁང་བསོད་ནམས་དཔལ་འབར་མཆོག་ཁྲིད་དེ་རྟོག་ཞིབ་ཏུ་བཅར་རྗེས་སུ་བཀའ་ཤག་ཏུ་ཕུལ་བའི་ཚིག་ཐོ་ཤོག་ལྷེ་ཞིག་ཡིན” ཞེས་དང་། “སྙན་ཞུ་འདི་ནི་བོད་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་ལོའི་བོད་ཟླ2པའི་ཚེས5ཉིན་མཁས་དབང་དགེ་འདུན་ཆོས་འཕེལ་དང་ཧོར་ཁང་བསོད་ནམས་དཔལ་འབར་མཆོག་རྣམ་གཉིས་རྒྱལ་རབས་རྩོམ་སྒྲིག་ལ་སྟ་གོན་ལྟ་བུར་ལྷ་སའི་ཉེ་འཁོར་་་་་་རྡོ་རིང་གཉིས་ལ་ལོ་རྒྱུས་སུ་མཁོ་བའི་ཡི་གེར་ཞིབ་འཇུག་བྱེད་པར་ཆེད་དུ་སོང་བའི་རྗེས་དང་། མེ་ཁྱི་ལོའི་བོད་ཟླ5པའི་ཚེས1ཉིན་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ལྷ་སའི་སྣང་རྩེ་ཤག་ལས་ཁུངས་ཀྱིས་དངོས་སུ་བཀག་ཉར་བྱས་པའི་བར་སྐབས་ཀྱི་དུས་ཤིག་ལ་བྲིས་ཏེ་བཀའ་ཤག་ལ་སྙན་ཞུར་ཕུལ་བ་ཡིན་པར་འདོད” ཅེས་སྨྲ། ཁོའི་རྩོམ་དེར་མཚོན་ན་སྒྲུབ་བྱེད་དམ་རྒྱུ་མཚན་དང་པོ་ལྟ་བུ་ཡང་འདི་ཡིན་འདུག་པས། འདིར་མདའ་འཁྱོག་གཞུ་ལ་སྦྱར་ཏེ་ཡོ་བསྲང་ན། སྤྱི་ལོ1946ལོར་དགེ་ཆོས་ཀྱིས་ཧོར་ཁང་ཁྲིད་དེ་སྐར་ཆུང་རྡོ་རིང་དང་འུ་ཤང་རྡོའི་རྡོ་རིང་ལ་བརྟག་དཔྱད་དུ་ཕེབས་ཀྱང་། དེབ་དཀར་རྩོམ་པ་དང་དེའི་རྒྱུ་ཆ་འཚོལ་བསྡུ་སོགས་ཆ་ཚང་དགེ་ཆོས་ཁོང་མི་སྒེར་གྱི་བསམ་བློ་དང་ཤེས་རབ་ལས་བྱུང་བ་འབའ་ཞིག་ཡིན་པ་ལས། བཀའ་ཤག་གིས་དགེ་ཆོས་ལ་བཀའ་ཕབ་ནས་བཙན་པོའི་སྐབས་ཀྱི་རྡོ་རིང་སོགས་ལ་བརྟག་དཔྱད་བྱེད་དུ་མངགས་པ་དང་རྒྱལ་རབས་ལོ་རྒྱུས་དེ་ལྟ་བུ་ཞིག་རྩོམས་ཤིག་ཅེས་མངགས་སྐུལ་བྱས་པ་སོགས་རྩ་བ་ནས་མེད་དེ།  《ཡང་ཞུན་གསེར་གྱི་ཐིགས་པ》ལས། “1946རབ་བྱུང་བཅུ་དྲུག་པའི་མེ་བྱིའི་ཟླ་གཉིས་པའི་ཚེས་ལྔ་ཉིན་རྒྱལ་རབས་དེབ་ཐེར་དཀར་པོ་རྩོམ་པར་བཞེད་པའི་སྟ་གོན་ལྟ་བུར་མཁས་དབང་ཉིད་དང་ཕྲན་གཉིས་ར་མ་སྒང་དུ་་་་་་རྡོ་རིང་གཉིས་ལ་ལོ་རྒྱུས་སུ་མཁོ་བའི་ཡི་གེར་ཞིབ་འཇུག་བྱེད་པར་ཆེད་དུ་བསྐྱོད་པ་ཡིན། སྐབས་དེར་སྐར་ཆུང་རྡོ་རིང་གི་ཡི་གེ་ཡོངས་རྫོགས་སྐྱོན་མེད་དུ་བསྡད་འདུག་པ་བཤུས་ཤིང་་་་་་སྐར་ཆུང་རྡོ་རིང་གི་དབྱིབས་ནི་ཞབས་སྟེགས་རྒྱ་ལྕོག་ལྟ་བུའི་གྲུ་བཞི་བྲག་རིའི་རི་མོ་བརྐོས་པ་ཞིག་མཆིས།་་་་་་འུ་ཤང་རྡོ་ལ་ཡི་གེ་མེད་ཅིང་། རྡོ་རིང་གི་རྣམ་པ་ནི་འོག་གི་ཞབས་སྟེགས་སུ་རུས་སྦལ་ཡོད་པ་ཆེ་ཆུང་སྐར་ཆུང་དང་དབྱེ་བ་མེད་པ་ཞིག་འདུག”ཅེས་དང་། “སྐར་ཆུང་གནས་ཤུལ་དུ་འབྱོར་ཏེ་རྟ་ལས་བབས་ཏེ་ལྷོད་པོར་ཞིབ་འཇུག་མཛད་པ་དང་། དེ་གར་སངས་རྒྱས་དགོན་ཞེས་པའི་ཨ་ཎིའི་དགོན་པ་ཞིག་འདུག་པ་སྐབས་དེར་ས་འོག་ནས་རྙེད་པའི་རྡོ་རིང་གི་ཏོག་གཅིག་དགོན་པའི་འདུ་ཁང་ནང་བཞག་འདུག་པ་དེ་དུས་ཡོད་པའི་རྡོ་རིང་དེའི་ཏོག་དང་ཁྱད་པར་གཏད་ནས་མི་འདུག་པར་གཞིགས་ན་ད་དུང་རྡོ་རིང་གཞན་ཞིག་བྱེ་མའི་འོག་ཏུ་བཞུགས་ཡོད་པ་གོར་མ་ཆག་ལ་དམ་པ་ཉིད་ཀྱི་ཞལ་ནས་ཀྱང་ཕལ་ཆེར་རྡོ་རིང་གཅིག་ཆོས་ཀྱི་མཛད་པ་དང་། གཅིག་སྲིད་ཀྱི་མཛད་པའི་སྐོར་ཡིན་ངེས་པས་གཅིག་ཤོས་དེ་རྙེད་ན་ལོ་རྒྱུས་འབྲི་རྩོམ་ལ་ཕན་ཐོགས་པོ་ག་འདྲ་མི་ཡོང་ངམ་ཞེས་གསུངས” ཞེས་གསལ་བོར་འཁོད་ཅིང་། སྤྱི་ལོ1946ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མི་ལོ་བཅུ་གཉིས་རིང(1934-1946)ལ་རྒྱ་གར་སོགས་རྒྱལ་ཁམས་་དུ་མར་ཉུལ་ནས་ལོ་རྒྱུས་ཞིབ་འཇུག་གི་རྒྱུ་ཆ་བསྡུ་གསོག་དང་གལ་གནད་ཆེ་རིགས་ཀྱི་སྐོར་བརྗེད་ཐོར་བཀོད་པ་སོགས་ཀྱི་སྟེང་དུ། བོད་དུ་བཞུགས་པའི་བཙན་པོའི་སྐབས་ཀྱི་རྡོ་རིང་སོགས་ཀྱང་རྩད་བཅད་དེ། རྒྱལ་རབས་དེབ་ཐེར་དཀར་པོ་དེ་ཉིད་དངོས་སུ་ལོ་རྒྱུས་གླེགས་བམ་གྱི་གཟུགས་སུ་སྒྲིག་འགོ་ཚུགས་པའི་ལོ་རང་ཡིན་ནོ།།

དེས་ན་ཧོར་ཁང་བསོད་ནམས་དཔལ་འབར་གྱིས་བྲིས་པའི་སྐབས་དེའི་རྡོ་རིང་རྟོག་ཞིབ་ཀྱི་གནས་ཚུལ་ཞིབ་བརྗོད་ནང་དུ། དམ་པ་དགེ་ཆོས་མཆོག་གིས་དེའི་སྐོར་བཀའ་ཤག་ལ་སྙན་ཞུ་ཕུལ་ཚུལ་སོགས་ཟུར་ཙམ་ཡང་བརྗོད་མེད་ཅིང་། དེར་མ་ཟད་དགེ་ཆོས་དང་ཧོར་ཁང་གཉིས་ཀྱིས་ཞོལ་རྡོ་རིང་ཕྱི་མའི་རྡོ་རིང་ལ་གཟིགས་སྐབས“རྒྱལ་རབས་འདི་ལ་བར་ཆད་ཅིག་ཡོད་པས་ད་འགྲོ་གསུངས། ཀློག་འཕྲོ་བཅད་དེ” གཞན་ལ་གཡོལ་ཕྱིར་ཕེབས་དགོས་པའི་གནས་ཚུལ་ཡང་བྱུང་འདུག་པ་སོགས་ཤིན་ཏུ་མངོན་ཆུང་དང་སྦས་པའི་ཚུལ་གྱིས་རྟོག་ཞིབ་གནང་གི་ཡོད་པ་གསལ་བོར་མཐོང་ཐུབ། གལ་སྲིད། སྙན་ཞུ་དེ་དགེ་ཆོས་ཀྱིས་སྤྱི་ལོ1946ལ་ཕུལ་བ་ཡིན་ན། དགེ་ཆོས་ཁོང་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་རྒྱལ་རབས་རྩོམ་སྒྲིག་དོ་དམ་དང་ལས་ཀྱི་སྣེ་མོ་བ་ཡིན་པས་གཞན་ལ་གཡོལ་དགོས་པའི་རྒྱུ་མཚན་གང་ཡིན། དགེ་ཆོས་དང་ཧོར་ཁང་གཉིས་ཀྱིས་སྐབས་དེར་མངོན་ཆུང་གིས་རྟོག་ཞིབ་གནང་བཞིན་ཡོད་པ་ལས། གཞུང་གིས་མངགས་པའི་བཀའི་ཕོ་ཉ་བགྲོད་པ་ལྟར་ཆེ་ཆེ་དྲེགས་དྲེགས་ཀྱིས་ཕེབས་མི་འདུག་པའི་རྒྱུ་མཚན་གང་ཡིན་ནམ། དགེ་ཆོས་ཀྱིས་ཧོར་ཁང་གི་སྐུ་སྲུང་དམག་སྒར་དུ་ཡོད་པའི་ལས་ཤག་ཏུ་དེབ་དཀར་གྱི་ཕྱག་ལས་བརྩམས་པ་ནི་ཧོར་ཁང་གིས་རང་གི་དགེ་རྒན་སོག་པོ་དགེ་བཤེས་ཆོས་གྲགས་ཀྱི་མདུན་ནས་དགེ་ཆོས་ལ་རྒྱལ་རབས་རྩོམ་པའི་ཞབས་ཞུ་མཐུན་རྐྱེན་ཡོངས་རྫོགས་སྦྱོར་རྒྱུའི་ཁས་ལེན་མཛད་ཡོད་པས་ཧོར་ཁང་གི་ལས་ཤག་དེར་བཞུགས་པ་ཡིན་ལ། ལས་ཤག་དེ་ཧོར་ཁང་རང་གི་ལས་ཤག་ཡིན་གྱི་བཀའ་ཤག་གིས་སྦྱར་བ་ག་ལ་ཡིན། དམག་སྒར་དེའི་སྐུ་སྲུང་བ་ཉི་མ་བདུན་རེ་སྡོད་བྱ་རེས་འཁོར་སྐབས་ལས་ནམ་རྒྱུན་ལྷ་སར་རང་ཁྱིམ་དུ་སྡོད་ཀྱི་ཡོད་པ་དང་དམག་མི་རྣམས་ཀྱང་ཕོ་བྲང་ཡས་མས་ཙམ་སྲུང་བྱ་ཙམ་ལས་གཞན་བྱ་བ་མེད་སྟབས་དམག་སྒར་ནི་ཁ་ཁུ་སིམ་པ་ཞིག་ཡིན་པས་ལྷིང་འཇགས་ཡིན་པ་དང་མི་ཉུང་བ། དམག་མིའི་ལྟ་རྟོག་མེད་པ་ཞིག་ཡིན་སྟབས་དེར་བསྡད་ནས་ཕྱག་ལས་གནང་བ་རེད།

དགེ་ཆོས་ཀྱི་སྙན་ཞུ་དེ་དོན་དུ་ནམ་ཞིག་ལ་ཕུལ་བ་ཡིན་ནམ་ཞེ་ན། སྤྱི་ལོ1946ལོའི་མཇུག་ཙམ་ལ་དགེ་ཆོས་བཙོན་འཇུག་བྱས་ཤིང་། “གོ་འཇོ་བླ་ཆུང་ཐུབ་བསྟན་ཤེས་རབ་རྒྱ་མཚོས་ཟླ་བ་ཉི་ཤུ་རྩ་བརྒྱད་ཀྱི་རིང་ལ་བཙོན་དུ་བཅུག་ཅེས་བཤད་འདུག་པ་ནི་བདེན་པར་འདུག་སྟེ། དེའི་ནང་གི་ཟླ་བ་ཉི་ཤུ་རྩ་གཅིག་གི་རིང་ལ་དགེ་ཆོས་ཞོལ་བཙོན་ཁང་དུ་བཅུག་འདུག” ལ། སྐུ་མདུན་གསེར་ཁྲིར་མངའ་གསོལ་སྐབས་བཙོན་པ་ཚང་མ་གློད་དགོས་པའི་སྲོལ་ཡོད་པ་ལྟར་དགེ་ཆོས་ཀྱང་དེའི་རོལ་དུ་གློད་པ་རེད། འོན་ཀྱང་། དེ་ནི་བཟང་བཙོན་གྱི་ཚུལ་དུ་གློད་པ་ཞིག་ལས་ཉེས་མེད་དཀར་འདོན་གྱིས་བཙོན་གྲོལ་བཏང་བ་མིན་ཏེ། དགེ་ཆོས་བཙོན་དུ་བཅུག་རྗེས་ནས་སྐུ་གཤེགས་པའི་བར་དུ་ལྷ་ས་གྲོང་ཁྱེར་ལས་བརྒལ་ཏེ་གོམ་པ་སྤོས་མ་མྱོང་ལ་སྤོ་ཡང་ཆོག་གི་མེད་པར་བཀའ་ཤག་གི་སྟངས་འཛིན་འོག་འཇིགས་ཞུམ་དང་བཞུགས་པ་ལགས། དགེ་ཆོས་མཆོག་གི་ཞལ་ནས།“རྒྱལ་བ་རིན་པོ་ཆེའི་སྐུ་དྲིན་ལ་ང་སྐྱིད་པོ་ཞེ་དྲག་བྱུང་། ཡིན་ནའང་ངའི་སེམས་དེ་སྨྱོན་པར་ཆགས་བཞག” ཅེས་སྣང་རྩེ་ཤག་གི་མི་དཔོན་སྐུ་ངོ་བཀྲ་ཤིས་དཔལ་ར་བ་ལ་གསུང་མོལ་གནང་དུས་ནི་དགེ་ཆོས་བཟང་བཙོན་འོག་ཡོད་དུས་ཡིན།  དགེ་ཆོས“བཙོན་ནས་གྲོལ་རྗེས་ལྕགས་སྟག(སྤྱི་ལོ༡༩༥༠)ལོ་ས་གནས་སྲིད་གཞུང་གིས་དམ་པ་དེ་ཉིད་ལ་རྒྱལ་རབས་ཀྱི་རྩོམ་འཕྲོ་བསྐྱངས་དགོས་པའི་བཀའ་ཕབ་སྟེ་ལོ་ལྟར་ཕོགས་ཐོབ་འབྲུ་ཁལ་དྲུག་ཅུ་རེ་དང་། བོད་དངུལ་སྲང་སུམ་སྟོང་རེ་འབུལ་རྒྱུའི་ལག་འཁྱེར་དང་། བཞུགས་གནས་སུ་སོ་ནམ་ལས་ཁུངས་ཀྱི་ཁང་ཁུངས་དགའ་རུ་ཤག་ཟེར་བའི་ཡང་སྟེང་ཁང་མིག་གསུམ་ཡོད་པའི་ཁང་པ་རབ་གཅིག་བཅས་ཀྱང་ཕུལ་འདུག བར་ཆད་ཐལ་ཆེ་བ་དང་ཁྲིམས་མུན་དུ་ཆུད་པའི་ཐུགས་ངལ་ཆེན་པོས་བཞེས་རག་ཁོ་ན་བཞེས་དགོས་པའི་རྐྱེན་གྱིས་སྐུ་ཁམས་ཧ་ཅང་ཞན་ལ་ཐུགས་ཀྱང་བརྗེད་ངད་ཆེ་བ་ཞིག་ཏུ་གྱུར་སྟབས་རྒྱལ་རབས་རྩོམ་འཕྲོ་མུ་མཐུད་སྐྱོང་རྒྱུ་ནི་ནམ་མཁའི་མེ་ཏོག་ལྟར་ཕྱག་བཞེས་སུ་འཁྱོལ་དཀའ་བར་གྱུར་ཏོ། །” ཞེས་ཧོར་ཁང་བསོད་ནམས་དཔལ་འབར་གྱིས་བརྗོད་འདུག་པ་བཞིན། ཆབ་སྲིད་འཚུབ་ལྷོངས་དང་གཉན་འཕྲང་དུ་ལུས་པའི་སྐབས་དེར་བཀའ་ཤག་ནས་དགེ་ཆོས་ལ་ཕོགས་ཐོབ་དང་སྡོད་གནས་སོགས་བཀོད་སྒྲིག་གིས་རྒྱལ་རབས་དེབ་ཐེར་དཀར་པོའི་འཕྲོ་སྐྱོང་བའི་བཀའ་ཕབ་འདུག་པ་དང་། དགེ་ཆོས་ཀྱི་སྙན་ཞུ་དེ་ཡང་དེའི་དུས་སུ་ཕུལ་བ་ཡིན་ནོ།། ཁོང་གི་སྐུ་ལུས་ལ་གཅོང་ཞུགས་པས་སྙན་ཞུ་དེ་ཕུལ་རྗེས་ཀྱང་དེབ་དཀར་གྱི་འཕྲོ་སྐྱོང་རྒྱུའི་ཐད་ལྷོད་ཆ་ཤོར་བས། གཞུང་ཞབས་ཁག་གིས་དེབ་དཀར་གྱི་མཇུག་སྐྱོང་རྒྱུར་གཞུང་སྒེར་གྱི་འབྲེལ་བ་སྣ་ཚོགས་བརྒྱུད་དེ་ཞུ་སྐུལ་བྱས་འདུག་སྟེ། པཎྚིཏ་རཱཧུལ་གྱི་ཟིན་ཐོར། “སྤྱི་ལོ1949ལོ་འགོའི་ནང་ལྷ་སའི་གཞུང་གི་གྲགས་ཅན་བློན་ཆེན་ཞིག་གི་གཅུང་པོ་ཤོ་སྒང་ཞབས་པད་རྒྱ་གར་ལ་ལས་དོན་ཞིག་གི་སླད་སླེབས་འདུག ང་ཁོང་ལ་ཐུག་འཕྲད་དུ་ཕྱིན་ནས་གསལ་བཤད་བྱས་དོན། དགེ་བཤེས་ལགས(དགེ་འདུན་ཆོས་འཕེལ)ལྟ་བུའི་མཁས་དབང་རྙེད་དཀའ། ཁྱེད་ནས་ཁོང་ལ་བོད་ཀྱི་ལོ་རྒྱུས་འབྲི་རྒྱུའི་སྐུལ་མ་གནང་དགོས། གལ་ཏེ་ཁྱེད་ནས་ཁོང་དང་མཉམ་དུ་འབྲེལ་བ་ཡག་པོ་བྱེད་ཐུབ་ཚེ་ཁྱེད་ལ་ཡང་ཕན་ཐོགས་ཡོང་ངེས་འདུག གུང་ཁྲན་རིང་ལུགས་བོད་ནང་ཡོང་རྒྱུ་སུས་ཀྱང་འགོག་མི་ནུས། གུང་ཁྲན་དངོས་སུ་བོད་ནང་འབྱོར་དུས་ཁོང་ལྟ་བུའི་གང་ཟག་དང་གྲོགས་འབྲེལ་གནང་ན་བོད་ཀྱི་དཀའ་ངལ་སེལ་ཐུབ་ཞེས་ཞུས་པ་ཡིན།”ཞེས་དང་། སྤྱི་ལོ1949ལོའི་ལོ་མཇུག་ཙམ་ལ“ཁོང་ནས་དགེ་བཤེས་ལགས་བཙོན་ཁང་ནས་གློད་གྲོལ་བཏང་ཟིན་པའི་སྐོར་དང་། དགེ་བཤེས་ལགས་ལ་བོད་ཀྱི་ལོ་རྒྱུས་འབྲི་རྒྱུའི་འགན་ཁུར་གནང་ཡོད་པའི་སྐོར་ཤེས་བྱུང་། འོན་ཀྱང་ཁོང་ཁང་པའི་ནང་བཀག་ཉར་བྱས་ཏེ། ལྷ་ས་ནས་ཕྱི་ལ་འགྲོ་མི་ཆོག་པ་བཟོས་འདུག་་་་་་ཟླ་བ་འགའ་ཤས་རྗེས་ང་ཚོས་ཤེས་གསལ་ལ། ཁྱད་དུ་འཕགས་པའི་མཁས་དབང་། རིག་རྩལ་ཤིན་ཏུ་ཆེ་བའི་སྒྱུ་རྩལ་པ། སྙན་ངག་མཁན་ཆེན་པོ་དང་། དམར་པོའི་རིང་ལུགས་ཀྱི་རྒྱབ་སྐྱོར་བ་དགེ་བཤེས་ལགས་རང་ཉིད་ཀྱི་འདོད་དོན་ཡོངས་རྫོགས་སྒྲུབ་མ་ཐུབ་པར་ལོ་ན་ཆུང་ཆུང་དེ་འདྲ་ཞིག་གི་སྐབས་ལ་དགོངས་པ་རྫོགས་པའི་གནས་ཚུལ་གོ་ཐོས་བྱུང” ཞེས་ཕངས་སེམས་དང་བཅས་གསུངས་འདུག་པ་འདི་ལས། དགེ་ཆོས་རྒྱལ་རབས་རྩོམ་སྒྲིག་གི་དོ་དམ་དུ་བསྐོ་བཞག་གནང་བའི་དུས་ཚོད་དེ་ཡང་སྤྱི་ལོ1949ལ་ཡིན་འདུག་པ་ལས་དེའི་སྔོན་དུ་མིན་པ་ཤིན་ཏུ་གསལ་ལོ།། བཀའ་ཤག་གིས་དགེ་ཆོས་ལ་རྒྱལ་རབས་རྩོམ་འཕྲོ་སྐྱོང་དགོས་པའི་བཀའ་ཕབ་རྗེས། དགེ་ཆོས་ཀྱིས་སྔར་བཀའ་ཤག་གིས་བར་ཆད་བྱས་ཏེ་རྩོམ་འཕྲོ་འཇོག་དགོས་བྱུང་པའི་རྒྱལ་རབས་དེབ་ཐེར་དཀར་པོའི་ནང་དུ་ཁ་སྣོན་གྱི་ཡི་གེ་འབྲུ་གཅིག་ཀྱང་བསྣན་མེད་དོ།། གོང་གི་ཚིག་དེ་དག་ལོ་ཚིགས་དང་བཅས་མཐར་ཆགས་སུ་བཤད་ན། རྒྱལ་རབས་དེབ་ཐེར་དཀར་པོ་ནི་དགེ་ཆོས་ཀྱིས་སྤྱི་ལོ1934ཙམ་ནས་ཞིབ་འཇུག་དང་རྩོམ་པའི་སྟ་གོན་ལ་ཞུགས་ཤིང་། སྤྱི་ལོ1946ལ་ལེགས་སྒྲིག་གི་དབུ་བརྩམས།1946ལོར་བར་ཆད་བྱུང་སྟེ་གཏན་དུ་འབྲི་འཕྲོར་ལུས་པའི་བོད་ཀྱི་ཆེས་ཐོག་མའི་སྲིད་དོན་ལོ་རྒྱུས་དེབ་ཐེར་ཞིག་གོ།

རྒྱལ་རབས་དེབ་ཐེར་དཀར་པོ་འདི་བཞིན་སྤྱི་ལོ1946ལོར་རྩོམ་འཕྲོར་ལུས་པའི་མ་རྩོམ་དེའི་སྟེང་དུ་ཁ་སྣོན་མ་བརྒྱབ་པའི་དན་རྟགས་གཞན་ཞིག་ནི། བཙོན་ནས་ཧོར་ཁང་ལ་གནང་བའི་འཕྲིན་ཡིག་དེ་ཡིན། འཕྲིན་ཡིག་དེ་ནི་ཧོར་ཁང་བསོད་ནམས་དཔལ་འབར་གྱིས་བོད་མེ་ཁྱི(སྤྱི་ལོ༡༩༤༦)ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་བཙོན་ཁང་དུ་གསང་ཐབས་ཀྱིས་ཡི་གེ་ཞིག་ཕུལ་བའི་བཀའ་ལན་ཡིན་ཏེ། “ཡི་མུག་པའི་དུས་འདི་འདྲར་ཡང་ཐོག་མའི་ཕུགས་བསམ་མ་བཏང་བ་ངོ་མཚར་ཆེ། རྒྱལ་རབས་འདི་ལ་བར་ཆད་ཅིག་འབྱུང་སྙམ་པ་དང་པོ་ནས་བློ་ལ་ཡོད་ཀྱང་། བར་ཆད་འདི་ཙམ་ཧ་ཅང་ཐལ་བ་ལགས། འོན་ཀྱང་རྗེ་མི་ལས། བླ་མའི་གདམས་ངག་མི་ཟབ་ན། བདུད་ཀྱི་བར་ཆད་ཅི་ལ་འོང་གསུངས་པ་ལྟར་ལགས། ལྷ་བཙན་པོ་རྣམས་ལ་འགོ་བའི་ལྷ་ཞིག་དང་། ལྷ་དེ་ཚོ་ལ་ནུས་པ་ཞིག་ཡོད་ན་ད་དུང་རྒྱལ་རབས་འདི་༼དེབ་ཐེར་དཀར་པོ༽འགྲུབ་པའི་རེ་བ་ཙམ་ཡོད། དེ་མིན་ཁོ་བོ་ལ་ནི་སྐྱོབ་མཁན་སུ་ཡང་མེད། ཁ་སང་ཞུ་བ་ལེན་སྐབས་ཁོ་བོས་བོད་ལ་སེམས་ནག་བྱས་མེད་པའི་རྒྱུ་མཚན་དུ་རྒྱལ་རབས་འདི་འདྲ་ཡོད་ཚུལ་ཞུས་པར། ཁོང་རྣམས་ཀྱིས་ཀྱང་ཚིག་ལ་ངར་བཏགས་ཏེ་རྒྱལ་རབས་འདི་འདྲས་རྒྱལ་ཁབ་ལ་ཕན་ཚབ་དང་། སྤོམ་མདའ་རབ་དགའ་ལ་གནས་ཚུལ་དཀྱུས་མའི་ཡིག་འགྲུལ་འགའ་ཙམ་བྱས་པའི་གནོད་ཚབས་གཉིས་ཀྱི་ནང་ནས་གལ་གང་ཆེ་མཁྱེན་ངེས་པས་སོགས་ཡིག་ཐོག་ཏུ་བཀོད་འདུག རྒྱལ་རབས་དུམ་བུ་དེ་ཙམ་ལུས་པ་བྱུང་ནས་ཀྱང་ད་ལན་གྱི་ཁོ་བོའི་ནག་ཉེས་ཆེ་ཆུང་ཅི་འདྲ་ཡིན། བོད་ཀྱི་ཤེས་ལྡན་པ་ཡོངས་ཀྱི་མདུན་དུ་མ་འོངས་པ་ན་ཐག་ཆོད་པ་ཞིག་འོང་ངེས་པས། སྙིང་དེ་ལས་ཚིམས་པ་དང་བློ་ཁ་དེ་ལས་ཁེངས་པ་མ་མཆིས”ཞེས་འཁོད་པ་དང་། རྩོམ་འཕྲོ་ཅན་གྱི་རྒྱལ་རབས་ཀྱི་ཚིགས་མཚམས་སུ་འགོད་རྒྱུའི་ལྗགས་རྩོམ་ཤོ་ལོ་ཤ་གཅིག་པུ་དེ་ཡང་བཙོན་ཁང་ནས་བསྩལ་བ་མ་ཟད“རྒྱལ་རབས་རྩོམ་འཕྲོ་ཅན་དེ་རེ་ཞིག་རྫོགས་སོ”འགོད་དགོས་ཞེས་ཤིན་ཏུ་གསལ་བར་འཕྲིན་ཡིག་གི་མ་ཕྱི་དང་བཅས་ད་ལྟ་ད་དུང་ཡང་བཞུགས་པ་ལགས། ཀྱེ་མ། འདི་ལས་ལྷག་པའི་བདེན་པའི་དཔང་པོ་ཅི་ཞིག་ཡོད།

ད་དུང་བཤད་པར་བྱ་སྟེ།

༼༡༽ དགེ་ཆོས་ཀྱི་སྙན་ཞུའི་ཚིག་ཐོའི“བྱེ་མས་ཕྱེད་ཙམ་ནུབ་པའི་རྡོ་རིང་་་་་་ད་ལྟ་བྱེ་དཀྱིལ་དུ་བདག་མེད་ལྟ་བུར་ལུས་འདུག་པ”ཞེས་པའི་ཚིག་འདི་གཉིས་ཀྱིས་དགེ་ཆོས་ཀྱིས་བཀའ་ཤག་ལ་སྙན་ཞུ་དེ་འབུལ་སྐབས་སུ་སྐར་ཆུང་རྡོ་རིང་གི་གནས་སྟངས་ག་འདྲ་ཡོད་མེད་བརྗོད་པ་ཡིན་པ་ལས། སྤྱི་ལོ1946སྐབས་ཀྱི་རྡོ་རིང་དེའི་གནས་ཚུལ་བརྗོད་པ་མིན་ཏེ། སྤྱི་ལོ1946ལོར“སྐབས་དེར་སྐར་ཆུང་རྡོ་རིང་གི་ཡི་གེ་ཡོངས་རྫོགས་སྐྱོན་མེད་དུ་བསྡད་འདུག”ཅེས་ཧོར་ཁང་བསོད་ནམས་དཔལ་འབར་གྱིས་སྐབས་དེའི་གནས་ཚུལ་ཞིབ་བརྗོད་དུ་གསུངས་འདུག་པ་དང་། དོན་ལ་ཡང་དེ་བཞིན་དུ་ཡོད་པ་ནི། དགེ་ཆོས་ཀྱི་སྙན་ཞུ་དེ་འབུལ་སྐབས་སྐར་ཆུང་རྡོ་རིང་གི་ཕྱེད་ཙམ་བྱེ་མས་ནུབ་ཟིན་ཡོད་ན་ཡང་། སྤྱི་ལོ1946ལོར་དགེ་ཆོས་དང་ཧོར་ཁང་གཉིས་རྟོག་ཞིབ་ཏུ་བསྐྱོད་སྐབས་རྡོ་རིང་བྱེ་མས་ནུབ་མེད་པར་མ་ཟད་རྡོ་རིང་ཆ་ཚང་གི་དབྱིབས་དང་དེའི་སྟེང་གི་རི་མོ་ཡང་ཇི་བཞིན་མཐོང་ཐུབ་ཅིང་། འུ་ཤང་རྡོའི་འོག་གི་རུས་སྦལ་ཆེ་ཆུང་གཉིས་ཀ་སྐར་ཆུང་དང་གཉིས་སུ་མེད་ཚུལ་བརྗོད་ཡོད་པ་སོགས་ལས། སྐབས་དེར་སྐར་ཆུང་རྡོ་རིང་བྱེ་མས་ཕྱེད་ཙམ་ཡང་ནུབ་མེད་པ་ལེགས་པར་ཤེས་ནུས་པས། དགེ་ཆོས་ཀྱི་སྙན་ཞུ་དེ་ཕུལ་དུས་ནི་སྤྱི་ལོ1946ལོ་མིན་པ་དེ་ཙམ་གྱིས་ཀྱང་ར་འཕྲོད་པར་འགྱུར་རོ།།

༼༢༽ ལྷག་པར་ཡང་ཚེ་རིང་རྒྱལ་གྱི་རྩོམ་ལ་སྙན་ཞུ་དེ་སྤྱི་ལོ1946ལ་ཕུལ་བ་གཏན་ལ་ཁེལ་ཚར་ནས། ཡང“ལོ་ཁ་ཤས་ཀྱི་གོང་དུ”ཞེས་དང“སྐབས་དེ་ལས་ལོ་ཤས་ཀྱི་སྔོན་དུ”ཞེས་འབྱུང་བས། དེའི་ལོ་ཤས་ཀྱི་གོང་དུ་དམ་པ་དགེ་ཆོས་རྒྱ་གར་རམ་ཡང་ན་སིངྒལ་གང་རུང་ཞིག་ཏུ་བཞུགས་པས། སངས་རྒྱས་དགོན་དུ“ད་ལྟ་ཡོད་པའི་རྡོ་རིང་དེའི་ཏོག་ཇི་ལྟ་བ་གཅིག་བྱེ་འོག་ནས་ཨ་ཎིའི་དགོན་པར་རྙེད་འདུག”པའི་གནས་ཚུལ་དེ་དང་ནང་འགལ་དུ་ཆེར་མ་སོང་ངམ།

༼༣༽ དེ་བཞིན། “རྒྱལ་རབས་རྩོམ་འཕྲོ”ཞེས་གསལ་ཞིང་ལྷང་བའི་ཚིག་རྣོན་པོ་འདིས། རྒྱལ་རབས་དེབ་ཐེར་དཀར་པོ་དེ་ཉིད་བཙན་པོ་མང་སྲོང་མང་བཙན་གྱི་སྐབས་ནས་རྩོམ་འཕྲོར་ལུས་པ་དེར་བསྟན་པ་ཡིན་ནམ་མིན། མིན་ན། རྒྱལ་རབས་རྩོམ་འཕྲོ་ཞེས་པ་གང་ཡིན་ནམ། ཁྱོད་ཀྱིས་དགེ་ཆོས་ཀྱི་སྙན་ཞུ་དེར་རིམ་པ་བཞིར་དབྱེ་ནས་འགྲེལ་བཤད་བརྒྱབ་ཡོད་པ་ལ། “རྒྱལ་རབས་རྩོམ་འཕྲོ”ཞེས་པའི་ཚིག་འབྲུ་གལ་འགངས་ཅན་འདི་དག་ལ་གཡོལ་ཅི་ཐུབ་ཀྱིས་འགྲེལ་བཤད་མེད་དོན་ཅི།

དགེ་ཆོས་ཀྱི་སྙན་ཞུའི་ནང་། མང་སྲོང་མང་བཙན་ཡར་སྔོན་གྱི་རྡོ་རིང་གི་སྐོར་ཟུར་ཙམ་མ་གླེང་བར། དེའི་རྗེས་ཀྱི་འབྲེལ་ཡོད་རྡོ་རིང་རྐྱང་གླེང་འདུག་པའི་རྒྱུ་མཚན་ཅི་ཡིན་ལ་སོམས་དང་། དགེ་འདུན་ཆོས་འཕེལ་གྱིས་བརྩམས་ཏེ་རྩོམ་འཕྲོར་ལུས་པའི་རྒྱལ་རབས་དེབ་ཐེར་དཀར་པོ་འདི་ཉིད་མ་ཡིན་པའི་གཞན་དུ་རྩོམ་སྒྲིག་ཚོགས་པ་དེར་རྩོམ་འཕྲོར་ལུས་པའི་རྒྱལ་རབས་དེབ་ཐེར་དཀར་པོ་ཞུ་བ་ཞིག་ཟུར་དུ་ཡོད་དམ། དེ་འདྲ་ཡོད་ན་ཤིན་ཏུ་ལེགས་ཏེ་ཁྱེར་ཤོག་དང་ངས་ཁྱོད་ལ་མགོ་བོས་སྟོང་གདབ་པར་བྱའོ།།

དེབ་དཀར་དང་བཀའ་ཤག་བར་ལ་འབྲེལ་བ་སྤུ་རྩེ་ཙམ་ཡང་མེད།

རྡོ་སྦིས་ཚེ་རིང་རྒྱལ་གྱི་དཔྱད་རྩོམ་དེའི་སྒྲུབ་བྱེད་དམ་རྒྱུ་མཚན་གཉིས་པ་ལྟ་བུ་ནི་དགེ་ཆོས་ཀྱི་སྙན་ཞུའི་སྟེང་གསལ་བའི“གུས་འབངས་རྒྱལ་རབས་རྩོམ་སྒྲིགས་དོ་དམ་དགེ་འདུན་ཆོས་འཕེལ་ཞུ་བ”ཞེས་པའི་ཚིག་དེ་བླངས་འདུག དེའི་ཐད་ཀྱི་འགྲེལ་བཤད་དུ། “དུས་སྐབས་འདིར་རྒྱལ་རབས་ཞེས་འབོད་པ་རྗེས་སོར་དེབ་ཐེར་དཀར་པོ་ཞེས་པ་འདི་ཉིད་ནི་ད་ལྟའི་སྐད་དུ་རྩོམ་སྒྲིག་ཚོགས་པ་ཞིག་ཆེད་དུ་གཞུང་ས་ནས་སྒྲིག་འཛུགས་བྱས་པ་དང་། དགེ་འདུན་ཆོས་འཕེལ་དེའི་དོ་དམ་དུ་བསྐོ་བཞག་བྱས་པ་ནི། སྲིད་གཞུང་གི་རྩོམ་སྒྲིག་གི་ལས་གཞི་ཞིག་ལས་མི་སྒེར་གྱི་བགྱིད་པ་ཞིག་མིན་པ་ཧ་ཅང་གསལ” ཞེས་དགེ་ཆོས་ཀྱི་སྐུ་སྲོག་ལ་བརྗེས་པའི་རྒྱལ་རབས་གལ་ཆེན་འདི་བཀའ་ཤག་གིས་བསྒྲིགས་པ་ཡིན་ཚུལ་དང་དེ་ཡང་བཀའ་ཤག་ལ་བོད་སྡོད་ག་གེ་མོས་སྐུལ་མ་ཡིན་ཚུལ་བཤད་བསམ་པ་ལྟ་བུར་འདུག  འདི་འདྲ་ལ་བསམ་ན། རྡོ་སྦིས་ཚེ་རིང་རྒྱལ་གྱིས་ལོ་མང་པོར་ཡིག་ཚགས་ཁང་ནས་ལས་ཀ་གཉེར་བའི་རྣམ་འགྱུར་དང་ཆུ་ཚད། དོན་སྒོ་རྣམས་ཇུས་ཀ་ངན་ན་ཨོང་ཤ་འཇུར་ཟེར་བ་བཞིན་ལྷང་ལ་བུད་འདུག་གོ།

དགེ་འདུན་ཆོས་འཕེལ་མཆོག་སྤྱི་ལོ༡༩༤༥ལོར་ལྷ་སར་འབྱོར་ནས་ཧོར་ཁང་ལགས་ཐོག་མར་འཇལ་བའི་ཉིན་དང་པོར་བོད་ཀྱི་རྒྱལ་རབས་དེབ་དཀར་རྩོམ་བཞེད་ཡོད་ལུགས་གསུངས་འདུག་ལ། དེ་ཡང་རྒྱ་གར་ནས་ཕྱིར་བོད་དུ་ཕེབས་དུས་མངའ་རིས་འཕགས་པ་ག་ཞའི་སྐུ་མདུན་དུ་རྒྱལ་རབས་དེབ་ཐེར་དཀར་པོ་བརྩམས་ན་ལེགས་ཉེས་ཅི་འབྱུང་གི་དྲི་བ་ཞུས་ཚུལ་སོགས་ཀྱང་གསུངས་འདུག་པ་ཧོར་ཁང་གིས་བྲིས་པའི༼རྒྱལ་རབས་དེབ་དཀར་བརྩམས་ལུགས་སྐོར་གྱི་འཕྲོད་པ་ཅུང་ཟད་གླེང་བ༽ཞེས་པར་བཀོད་ཡོད་ཅིང་། དེ་ལས་ཀྱང་རྩོམ་འཕྲོར་ལུས་པའི་རྒྱལ་རབས་དེབ་དཀར་འདི་ཐོག་མ་ནས་བཀའ་ཤག་དང་འབྲེལ་གང་ཡང་མེད་པ་ཤེས་ནུས་པས། རྡོ་སྦིས་ཚེ་རིང་རྒྱལ་གྱིས་དཔྱད་རྩོམ་གྱི་ཆེད་དུ་དཔྱད་རྩོམ་བྲིས་པ་ཞིག་ཡིན་པ་མ་གཏོགས། ལོ་རྒྱུས་དང་རིག་གཞུང་ཞིབ་འཇུག་གི་ཆེད་དུ་དཔྱད་རྩོམ་བྲིས་པ་ཞིག་མིན་པ་ནི་དགེ་ཆོས་དང་འབྲེལ་བའི་ད་ཡོད་ཡིག་ཆ་ཁ་ཚང་བཀླགས་མེད་པའི་རྣམ་འགྱུར་གྱིས་ཧ་ཅང་གསལ་བར་བསྟན་འདུག

ད་དུང་སྤྱི་ལོ1946ལོ་ནི་རྒྱལ་རབས་དེབ་ཐེར་དཀར་པོ་གླེགས་བམ་གྱི་གཟུགས་སུ་སྒྲིག་འགོ་ཚུགས་པའི་ལོ་ཡིན་གྱི། དེབ་དཀར་རྩོམ་པར་གྲ་སྒྲིག་གམ་རྨང་འདིང་བའི་ལོ་ནི་ག་ལ་ཡིན་ཏེ། གྲ་སྒྲིག་གནང་བའི་ཐོག་མའི་ལོ་ནི་རྒྱ་གར་ལ་བཞུགས་དུས་ཡིན་པ་གསར་འགྱུར་མེ་ལོང་སྟེང་བཀོད་པའི་ཁོང་གི་ལྗགས་རྩོམ་བོད་ཀྱི་རྒྱལ་རབས་གལ་ཆེན་ཞེས་པ་དེ་ལས་ཀྱང་ཤེས་ལ།  ཡོངས་རྫོགས་ཁ་ཁ་དང་སྣ་སྣ་ཞེས་སུ་བཀོད་དེ་ངོ་སྤྲོད་མི་དགོས་པར་འཚལ།

གཞན་ཡང་དགེ་ཆོས་ལ་བཙོན་འཇུག་ཞིབ་བཤེར་གནང་དགོས་ཚུལ་གྱི་བརྡ་གཏོང་མཁན་དང་འཇུ་བཟུང་གནང་མཁན་སྐབས་དེའི་སྣང་རྩེ་ཤག་གི་མི་དཔོན་སྐུ་ངོ་བཀྲ་ཤིས་དཔལ་ར་པ་ལགས་ལ་སྤྱི་ལོ1980ཟླ་བ12ཚེས2ཉིན་བཅར་འདྲི་ཞུས་སྐབས་“དགེ་འདུན་ཆོས་འཕེལ་ལགས་ཀྱིས་དེ་འདྲའི་ཐུགས་དྭོགས་ཡོད་ན་ང་ལ་གཞན་པ་གང་ཡང་ཡོད་མ་རེད། ང་ལ་ཁང་ཆུང་ཞིག་མ་གཏོགས་ཡོད་པ་མ་རེད། གཞུང་གི་བཀའ་རེད། ང་ག་པར་བཞག་པར་གནང་ན་ཡང་ཁྱེད་རང་ཚོའི་བཀའ་རེད་མ་གཏོགས་གང་ཡང་ཡོད་མ་རེད། ངེས་པར་ཞུ་གི་ཡིན། ཡིན་ནའང་ངའི་ཁང་པ་ཆུང་ཆུང་དེ་ཕལ་ཆེར་བསྔོགས་བཤེར་གནང་མདོག་ཁ་པོ་རེད། གཞན་གང་ཡང་ཡོད་པ་མ་རེད། ངས་བོད་སྤྱི་པའི་དོན་ལ་རྒྱལ་རབས་ཤིག་རྩོམ་གྱི་ཡོད། དེ་འདྲ་ཡིན་ཙམ་ང་སྡོད་སའི་གཡས་གཡོན་ཚང་མ་ལ་ཡི་གེ་མང་པོ་བཀྲམ་ནས་བཞག་ཡོད། མདོར་ན་ཤིག་རས་སྒམ་ཆུང་གི་སྒང་ལ་ཡིན་ནའང་ཡི་གེ་མང་པོ་བྲིས་ནས་བཞག་ཡོད། དེ་འདྲ་ཡིན་ཙང་ངས་ག་རེ་བཞག་པ་དེར་ཁྱེད་རང་ཚོས་ཐུགས་གཞིག་གནང་ནས་རང་འཇགས་བཞག་རོགས་གནང་། ང་རྒྱ་གར་གྱི་ས་ཆ་ག་ས་ག་ལ་ཕྱིན་ནས་བོད་ཀྱི་ཡི་གེ་རྙིང་པ་དེ་འདྲ་རེག་ཐབས་ཀྱི་ཐོག་ལ་དཀའ་ངལ་མང་པོ་བརྒྱབ་པ་ཡིན། ཁུངས་དག་པོ་དེ་འདྲ་ཁ་ཤས་ངོ་བཤུས་རྒྱབ། བྲི་འོས་པ་དེ་ཚོ་བྲིས། ཐ་ན་ཐ་མའི་སྒམ་ཆུང་ཡན་ཆད་ལ་ཡི་གེ་བྲིས་ནས་མཐར་ཡིག་རིགས་གང་ལ་གང་འཚམས་རེག་ཡོད། དེའི་གྲས་རང་འཇགས་བཞག་རོགས་གནང་། བསྔོག་བཤེར་གནང་སྟེ་ཐུགས་གཞིག་གནང་ན་འགྲིགས་ཀྱི་རེད། ང་ལ་བོད་སྤྱིའི་བསམ་བློ་ཞིག་ཡོད་མ་གཏོགས་ལས་ཀ་སྡུག་ཅག་བྱེད་མཁན་དེ་འདྲ་རྩ་བ་ནས་མིན། རིམ་པས་བཀའ་རྩད་གནང་ན་མཁྱེན་གྱི་རེད། གོང་མ་ལ་ཞུ་རོགས་གནང་། དེ་རིང་ག་པར་འགྲོ་དགོས་གསུངས་ཀྱང་དེ་ག་རང་ཞུ་གི་ཡིན་གསུང་གི་འདུག”ཕྱིས་སུ་བཀའ་ཤག་གིས་དགེ་ཆོས་ཀྱི“ཡི་གེ་དེ་ཚོ་མང་མ་འཁྱེར་ཤོག་ཅེས་བསྐྱར་དུ་དེ་འདྲ་གསུང་གི་འདུག་པས།་་་་་་རས་ཁུག་ཆེན་པོ་ཞིག་བཟོས་ནས་དེའི་ནང་ལ་ཡི་གེ་ཚང་མ་བླུགས་ནས་བཀའ་ཤག་ལ་ཕུལ་བ་རེད” “རྗེས་མ་ཁོ་རང་ངའི་ནང་ལ་ཕེབས་ནས་ཡི་གེ་དེ་བཅས་ག་རེ་བྱས་སོང་ངམ་གསུང་གི་འདུག་་་་་དགེ་འདུན་ཆོས་འཕེལ་ལགས་ཁྱེད་ཀྱིས་མཇུག་སྐྱེལ་རོགས་ཞུས་པ་ཡིན་པས། ཁོང་གིས་ད་ཡོད་པ་མ་རེད། ཡོང་ཡག་ཡོད་པ་མ་རེད། ཡི་གེ་དེ་གས་བསྡད་ཡོད་པའི་དབང་དུ་སོང་ནའང་ཁྱེད་རང་གིས་གསོལ་རས་ཞུས་ནས་ཡི་གེ་ཆ་ཚང་བྱུང་བ་འདྲ་ཞིག་ཡིན་ནའང་ང་སྨྱོན་པ་ཆགས་ཚར་བ་རེད། ངས་ལས་ཀ་དེ་རྩ་བ་ནས་ཡོང་ཡག་ཁོ་རང་ཡོད་མ་རེད། ག་པར་འགྲོ་གི་འདུག་ནའང་གཡུགས་ཞོག་མ་གཏོགས་ཡི་གེ་དགོས་ཡག་མི་འདུག ངས་ཁྱེད་རང་ལ་ནང་ཚགས་བྱས་ནས་དྲིས་པ་ཡིན་མ་གཏོགས་ཡོང་ཡག་རྩ་བ་ཉིད་ནས་ཡོད་མ་རེད། དཔེ་བསགས་ཚར་བ་རེད། ཡི་གེ་དེར་ངས་དཀའ་ལས་ཞེ་དྲག་བརྒྱབ་པ་ཡིན”ཞེས་དགེ་ཆོས་ཀྱིས་དེབ་དཀར་རྩོམ་པར་བཀའ་ཤག་གི་གཏོར་བརླག་བྱས་མེད་ན་རམ་འདེགས་ཏིལ་ཙམ་གནང་མེད་པ་དང་། ལོ་རྒྱུས་རྒྱུ་ཆ་འགངས་ཆེན་དེ་དག་བཀའ་ཤག་གིས་བར་ཆད་དང་གཞུང་བཞེས་ཀྱི་དབང་དུ་གྱུར་པས་དགེ་ཆོས་ཀྱི་སེམས་ཤུགས་ཉམས་དམས་སུ་བྱས་འདུག་པ་ནི། སྐབས་དེའི་དགེ་ཆོས་འཛིན་བཟུང་བྱེད་མཁན་གྱི་མི་སྣ་དངོས་མ་དག་གི་སྐད་ཆ་ལས་བདེན་པའི་ལོ་རྒྱུས་ཇི་ལྟ་བ་བཞིན་མཐོང་བར་གྱུར་རམ་མ་གྱུར།

དེབ་དཀར་ནི་དགེ་ཆོས་ཀྱིས་བརྩམས་པ་མིན་པར་ཚོགས་པ་ཞིག་གིས་བརྩམས་པ་ཡིན་ན།  དེབ་དཀར་དུ༼ཀ༽༼ཁ༽༼ག༽༼ང༽ཞེས་ལུང་དྲངས་པའི་རྒྱུ་ཆ་དེ་དག་གང་ནས་བྱུང། དེ་དག་ནི་དགེ་ཆོས་གཅིག་པུས་རྒྱ་གར་དང་སིངྒལ་ཚུན་ཆད་ནས་བཏུས་ཡོང་བ་མ་ཡིན་པ་གང་ཞིག་བཀའ་ཤག་གི་མཛོད་ལས་བླངས་ཏེ་གནང་བ་ཡིན་ནམ།  འདིར་ད་དུང་གསེར་ཐང་དང་དེབ་དཀར་གཉིས་ཀྱི་འབྲེལ་བའི་ཐད་ནས་ཅུང་ཟད་གླེང་ན་དེ་ལས་ཀྱང་ཇེ་གསལ་དུ་འགྲོ་མོད། མང་པོ་སྨྲ་བར་མི་འདོད། དེ་ལ་འབྲེལ་བ་ག་རེ་ཡོད་དམ་ཟེར་ན་ཁྱོད་རང་གི་ཡ་ཐོད་ཀྱི་མིག་དེ་ལ་ཚེགས་ཅུང་ཟད་བསྐུལ་ཏེ་བསྟན་བཅོས་རང་ལ་བལྟ་བར་བྱའོ།། གཅིག་བྱས་ན་གཏམ་རྒྱུད་གསེར་ཐང་ཡང་སྤྱི་ཁྱབ་བཀའ་ཤག་གི་རྩ་འཛུགས་འོག་བརྩམས་པ་ཡིན་ཚུལ་གྱི་རྫུན་ཡང་ཁྱོད་འདྲ་བས་ནམ་ཞིག་ལ་བསྒྲིགས་མི་སྲིད་པ་མ་ཡིན་ནོ།།

དེབ་དཀར་གྱི་མ་རྩོམ་དགེ་ཆོས་ཉིད་ཀྱི་ཕྱག་བསྟར་མ།

སྤྱིར་ན་རྒྱལ་རབས་དེབ་ཐེར་དཀར་པོ་དམ་པ་དགེ་ཆོས་རང་གིས་བརྩམས་པ་ཞིག་ཡིན་མིན་ཐད་འདི་འདྲའི་སྐད་ཆ་མང་པོ་སྨྲ་མི་དགོས་ཏེ། ཐ་ན་དེའི་ཚིག་གཤིས་ལ་ཅུང་ཟད་དཔག་པས་ཀྱང་ངོ་འཕྲོད་པར་འགྱུར་མོད། དེས་ཀྱང་མི་ཆོག་ན་གོང་འཁོད་དེབ་དཀར་གྱི་མ་རྩོམ་དགེ་ཆོས་ཉིད་ཀྱི་ཕྱག་བསྟར་མ་དེར་ལྟོས་ཤིག དེར་ལྟོས་ལ་རང་ཁ་གསེར་གྱི་སྒོ་མོའམ་རང་སྲོག་གཅོད་པའི་སྟ་རེ་དེའི་སླད་དུ་འགྱོད་བཤགས་གྱིས་ཤིག་ཨང་།                                                                                                             

༢༠༡༨ལོའི་ཟླ༣པའི་ཚེས༢༨ཉིན་ལ།

མཆན། 

1 ཀྲུང་གོའི་བོད་ལྗོངས། ༢༠༡༦ལོའི་དེབ་ལྔ་པ། ཤོག་ངོས༦༥སྟེང་གསལ།

2 པར་འདི་ནི། རྡོ་སྦིས་ཚེ་རིང་རྒྱལ་གྱི་དཔྱད་རྩོམ་དེ། ༢༠༡༤ལོའི་རྒྱ་ཡིག་གི《西藏档案》དེབ་དང་པོའི་སྟེང་བཀོད་འདུག་པ་དང་། དགེ་ཆོས་ཀྱི་སྙན་ཞུའི་མ་ཡིག་འདི་བཞིན་དེབ་དེའི་ཤོག་ངོས84སྟེང་བཀོད་ཡོད་པ་ལས་ཚུར་དྲངས་པ་ཡིན།

3  ཀྲུང་གོའི་བོད་ལྗོངས། ཤོག་ངོས༦༣སྟེང་གསལ།

4 ཀྲུང་གོའི་བོད་ལྗོངས། ཤོག་ངོས༦༥སྟེང་གསལ།

5 དགེ་ཆོས་ཞིབ་འཇུག འདོན་ཐེངས་གཉིས་པ། མེ་ལྕེ་དང་འབྲུག་མོ་བྱམས་གཉིས་ཀྱིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོ། ཤོག་ངོས9-10སྟེང་གསལ།

6 དགེ་ཆོས་ཞིབ་འཇུག འདོན་ཐེངས་གཉིས་པ། མེ་ལྕེ་དང་འབྲུག་མོ་བྱམས་གཉིས་ཀྱིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོ། ཤོག་ངོས11སྟེང་གསལ།

7 [ཧྥ་རན་སི།] ཧི་རྡིའམ་བདེ་ཆེན་བཟང་མོས་བརྩམས། 《ཨ་མདོའི་བསོད་སྙོམས་པ། སྲིད་ན་དཀོན་པའི་བྱེཌཱུའི་བུམ་པ་ཞིག་རྡོ་ལ་བརྡབས་ཚུལ》 ཏུའུ་ཡོང་པེན་གྱིས་རྒྱ་ཡིག་ཏུ་བསྒྱུར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས273སྟེང་གསལ།

8 གླེང་མི་ཚར་བའི་དགེ་འདུན་ཆོས་འཕེལ། ཤོག་ངོས126སྟེང་གསལ།

9 དགེ་ཆོས་ཞིབ་འཇུག འདོན་ཐེངས་དང་པོ། མེ་ལྕེས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤོག་ངོས46སྟེང་གསལ།

10 པཎྚིཏརཱཧུལ་སཱཾཀྲཱི་ཏྱཱཡན་གྱིས་བརྩམས། ངོས་ཀྱི་བོད་ནང་སྐོར་སྐྱོད་གསུམ་པ། ༡༩༣༦ལོ། རིག་གནས་ལོ་རྒྱུས་དཔེ་སྐྲུན་ཁང་། ཤོག་ངོས9-10སྟེང་གསལ།

11  མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ། ཤོས་ངོས279

12 དགེ་ཆོས་ཞིབ་འཇུག འདོན་ཐེངས་དང་པོ། མེ་ལྕེས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤོག་ངོས51སྟེང་གསལ།

13 ཀྲུང་གོའི་བོད་ལྗོངས། ༢༠༡༦ལོའི་དེབ་ལྔ་པ། ཤོག་ངོས༦༥སྟེང་གསལ།

14 ཀྲུང་གོའི་བོད་ལྗོངས། ༢༠༡༦ལོའི་དེབ་ལྔ་པ། ཤོག་ངོས༦༤སྟེང་གསལ།

15 དྲིན་གྱི་བུ་ལོན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། གུར་མགོན་སྐྱབས་ཀྱིས་བརྩམས། ཤོག་ངོས༡༠པ་ན་གསལ།

16 གླེང་མི་ཚར་བའི་དགེ་འདུན་ཆོས་འཕེལ། ཤོག་ངོས114-123སྟེང་གསལ།