【ནང་དོན་གནད་བསྡུས།】འདིའི་ནང་རྩོམ་པ་པོས་དེང་རབས་ཚན་རིག་གི་ཨང་རྩིས་རིག་པ་བཀོད་དེ་གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པའི་སློབ་དཔོན་ཆེན་མོ་དབྱིག་གཉེན་གྱིས་མཛད་པའི 《མངོན་པ་མཛོད》 ལས་བྱུང་བའི་འཇལ་བྱེད་ཀྱི་ཚད་དེ་དཔག་ཚད་དང་དུས་མཐའི་སྐད་ཅིག་མའི་ཚད་ལ་ཉམས་ཞིབ་བྱས་ནས་རྒྱལ་སྤྱིའི་བར་ཐག་འཇལ་བྱེད་ཀྱི་ཚད་སྤྱི་ལེ་དང་སྐར་ཆར་རྒྱུ་མཚན་ཅན་གྱི་ཡིད་དཔྱོད་ཀྱིས་གཏན་ལ་ཕབ་ཡོད།

【བརྡ་ཆད་གཙོ་བོ།】རྡུལ་ཕྲ་རབ། དཔག་ཚད། སྤྱི་ལེ། དུས་མཐའི་སྐད་ཅིག་མ། སྐར་ཆ།

———————————————————————————————————

གཅིག  རྡུལ་ཕྲ་རབ་ཀྱི་གདོས་ཚད་བརྟག་པ།

སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི 《མངོན་པ་མཛོད་རྕ་འགྲེལ》ལས་བྱུང་བའི་འཇལ་བྱེད་ཚད་ཀྱི་རྩ་བའི་གཞི་འཛིན་ཆོས་ནི་རྡུལ་ཕྲ་རབ་ཡིན་ལ། རྡུལ་ཕྲ་རབ་ཀྱི་གདོས་ཚད་ནི་གཟུགས་ཅན་གྱི་ཆུང་བའི་མཐར་ཐུག་པ་ཞེས་པ་ཙམ་ལས་ཨང་རྩིས་རིག་པའི་ལམ་ནས་འདི་ཞེས་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་གང་ནའང་ཁ་གསལ་མེད། ཡིན་ཡང་ང་ཚོས་བརྟག་ཆོག་པ་ཞིག་ཡིན།  གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པའི་སློབ་དཔོན་ཆེན་མོ་དབྱིག་གཉེན་ལགས་ཀྱིས་འཇལ་བྱེད་ཚད་ཀྱི་གྲངས་ཀ་བརྩི་སྟངས་འདི་ནི་སློབ་དཔོན་རང་ཉིད་ཀྱིས་གསར་བཟོ་མ་ཡིན་པར་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་ནས་བཞི་བའི་སྐབས་སུ་ཧ་ཅང་དར་ཁྱབ་ཆེ་བའི་བར་ཐག་འབྱེད་བྱེད་ཀྱི་གྲངས་ཀ་བརྩི་སྟངས་ཤིག་ཡིན་ཤོས་ཆེ། གཅིག་བྱས་ན། སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པ་ཡན་ཆད་དུ་གནའ་བོའི་རྒྱ་གར་གྱི་ཁོར་ཡུག་ཏུ་དར་ཁྱབ་ཆེ་བའི་འཇལ་བྱེད་ཀྱི་ཚད་ཅིག་རེད་ཅེས་བཤད་ནའང་མངོན་སུམ་གྱི་འགལ་བ་མི་རྙེད་པ་ཐག་གིས་ཆོད།

ད་བར་ང་ཚོའི་མིག་སྔར་བྱུང་བའི་བསྟན་བཅོས་དག་ལས་རྙེད་པ་ནི་ཧ་ལམ་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བ་ནས་བཞི་བའི་བར་གླགས་སུ་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་ལ་དད་མོས་དང་སློབ་གཉེར་བྱེད་མཁན་གྱི་སྤྱི་ཚོགས་ཁྲོད་དུ་དར་ཁྱབ་ཆེ་བའི་ཚད་འཇལ་རིག་པའི་ཁོངས་གཏོགས་ཤིག་ཡིན་པ་ནི་གསལ་འགྲེལ་མི་དགོས་པ་ཞིག་རེད། དེས་ན་ངས་འདི་ནས་ཉམས་ཞིབ་བྱེད་འདོད་པའང་ནང་བསྟན་མཚན་ཉིད་རིག་པའི་སྒྲོམ་གཞི་ལས་མངོན་པ་འོག་པའི་བར་ཐག་འབྱེད་བྱེད་ཀྱི་ཚད་དེར་རྒྱལ་སྤྱིའི་རིག་གཞུང་གི་ཐབས་ལམ་བེད་སྤྱད་དེ་ཉམས་ཞིབ་གང་ལ་གང་འཚམས་ཤིག་བྱེད་འདོད་པ་དེ་ཡིན།

མངོན་པ་འོག་མའི་བསྟན་བཅོས་རང་དང་ཁུངས་དང་རྒྱབ་རྟེན་གྱི་མདོ་དང་བསྟན་བཅོས་ལས་བྱུང་བའི་གྲངས་འཛིན་གྱི་གཞི་རྟེན་ནི་རྡུལ་ཕྲ་རབ་དང་། རྡུལ་ཕྲན་དང་། ལྕགས་རྡུལ་དང་། ཆུ་རྡུལ་དང་། རིང་བོང་གི་སྤུ་རྩེའི་རྡུལ་དང་། དེ་བཞིན་དུ་ལུག་དང་གླང་དང་ཉི་ཟེར་སོགས་ཡིན་པ་ནི་གཅིག་མཚུངས་སུ་གྲུབ་འདུག་ཀྱང་། གཞི་འཛིན་ཆོས་ཀྱི་གོ་རིམ་མམ་རྡུལ་གྱི་གོ་རིམ་ཅུང་ཟད་མི་མཐུན་པ་ལྟ་བུར་སྣང་མོད་ཀྱང་བདུན་འགྱུར་གྱི་གྲངས་གནས་འཕེལ་འགྱུར་ནི་གཅིག་མཚུངས་སུ་གྲུབ་ཡོད།  དཔེར་ན། མངོན་པ་མཛོད་རང་འགྲེལ་ལས། རྡུལ་ཕྲ་རབ་ལ་སོགས་པ་འདི་དག་ནི་གོང་ནས་གོང་དུ་བདུན་འགྱུར་དུ་རིག་པར་བྱ་སྟེ། རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲན་ནོ།། རྡུལ་ཕྲན་བདུན་ལ་ནི་ལྕགས་རྡུལ་ལོ།། དེ་དག་བདུན་ལ་ནི་ཆུ་རྡུལ་ལོ།། དེ་དག་བདུན་ལ་ནི་ལུག་རྡུལ་ལོ།། དེ་དག་བདུན་ལ་ནི་གླང་རྡུལ་ལོ།། དེ་དག་བདུན་ལ་ནི་ཉི་ཟེར་རྡུལ་ལོ།། དེ་དག་བདུན་ལ་ནི་སྲོ་མའོ།། སྲོ་མ་བདུན་ལ་ནི་དེ་ལས་བྱུང་སྟེ། སྲོ་མ་ལས་བྱུང་བ་ནི་ཤིག་ཅེས་བྱ་བའི་ཐ་ཚིག་གོ། ཤིག་བདུན་བདུན་ལ་ནི་ནས་སོ།། ནས་བདུན་ལ་ནི་སོར་མོའི་ཚིགས་སོ།། སོར་མོའི་ཚིགས་གསུམ་ལ་ནི་སོར་མོ་ཞེས་བྱ་བར་གྲགས་པ་ཉིད་པས་མ་བཤད་དོ།། ངོས་སུ་བྱ་བ་ནི། སོར་ནི་ཉི་ཤུ་བཞི་ལ་ཁྲུ།། ཁྲུ་བཞི་ལ་ནི་གཞུ་གང་ངོ་།།འདོམ་གང་ངོ་བྱ་བའི་ཐ་ཚིག་གོ། དེ་དག་ལྔ་བརྒྱ་རྣམས་ལ་ནི།། རྒྱང་གྲགས་དེ་ལ་དགོན་པར་འདོད། གཞུ་ལྔ་བརྒྱ་ལ་ནི་རྒྱང་གྲགས་དེ་གྲོང་ནས་རྒྱང་གྲགས་ཙམ་གྱི་ཐག་ལ་ནི་དགོན་པར་འདོད།། དེ་བརྒྱད་དཔག་ཚད་ཅེས་བྱའོ།། རྒྱང་གྲགས་དེ་དག་བརྒྱད་ལ་དཔག་ཚད་ཅེས་བྱའོ།། [①]ཞེས་དང་། མོོངྒལ་གྱི་བུའི་འཇིག་རྟེན་གདགས་པ་ལས། ཉི་ཟེར་གྱི་རྡུལ་བཞི་བཅུ་རྩ་དགུའི་ཆ་གཅིག་ནི་རྡུལ་ཕྲ་རབ་ཡིན་ནོ།། རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲ་མོ་གཅིག་གོ། རྡུལ་ཕྲ་མོ་བདུན་ལ་ནི་ཉི་ཟེར་གྱི་རྡུལ་གཅིག་གོ། ཉི་ཟེར་གྱི་རྡུལ་བདུན་ལ་ནི་རི་བོང་གི་རྡུལ་གཅིག་གོ། རི་བོང་གི་རྡུལ་བདུན་ལ་ནི་ལུག་རྡུལ་གཅིག་གོ། ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག་གོ། གླང་རྡུལ་བདུན་ལ་ནི་སྲོ་མ་གཅིག་གོ། སྲོ་མ་བདུན་ལ་ནི་ཨ་བ་ག་ན་གཅིག་གོ། ཨ་བ་ག་ན་གཅིག་ལ་ནི་བ་ཏི་ཀ་གཅིག་གོ། བ་ཏི་ཀ་བདུན་ལ་ནི་ནས་འབྲུ་གཅིག་གོ།ནས་འབྲུ་བདུན་ལ་ནི་སོར་གཅིག་གོ། སོར་ཉི་ཤུ་རྩ་བཞི་ལ་ཁྲི་གང་ངོ་།།[②]ཞེས་གསུངས་ཏེ། ཉི་ཟེར་གྱི་རྡུལ་དང་ལྕགས་ཆུའི་རྡུལ་སོགས་ཀྱི་སྔ་ཕྱི་གོ་རིམ་ཙམ་མ་གཏོགས་རྡུལ་གྲངས་ཀྱི་འཕེལ་འགྱུར་ལས་འཇལ་བྱེད་ཀྱི་གྲངས་ཚད་ངོས་བཟུང་བྱེ་བྲག་གི་ཁྱད་པར་མ་མཆིས་ཏེ། གཉི་ཀའང་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཕགས་པ་རྒྱ་ཆེར་རོལ་བའི་མདོ་དང་། འདུལ་བ་རྣམ་པར་འབྱེད་པའི་མདོ་སོགས་ལས་བྱུང་བའི་འཇལ་བྱེད་ཚད་ཀྱི་གཞི་གྲངས་གཏན་ཕབ་ལ་བརྟེན་ནས་གསུངས་ཡོད་པ་ནི་བརྟག་ན་ཤེས་ཐུབ། མདོ་དང་བསྟན་བཅོས་གཞན་དུ་དྲུག་འགྱུར་གྱི་ཚད་བཟུང་སྟེ་གསུངས་ཡོད་མོད་ཀྱང་འདིར་མ་ཡིན་ནོ།། རྒྱ་ཆེར་རོལ་བའི་མདོ་ལས་ནི། བྱང་ཆུབ་སེམས་དཔས་སྨྲས་པ། རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲ་མོ་གཅིག་གོ། རྡུལ་ཕྲན་མོ་བདུན་ལ་ནི་རྡུལ་ཆུང་ངུ་གཅིག་གོ།། རྡུལ་ཆུང་ངུ་བདུན་ལ་ནི་ཉི་ཟེར་གྱི་རྡུལ་གཅིག་གོ། ཉི་ཟེར་གྱི་རྡུལ་བདུན་ལ་ནི་རི་བོང་རྡུལ་གཅིག་གོ། རི་བོང་རྡུལ་བདུན་ལ་ནི་ལུག་རྡུལ་གཅིག་གོ། ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག་གོ། གླིང་རྡུལ་བདུན་ལ་ནི་སྲོ་མ་གཅིག་གོ། ཡུངས་འབྲུ་བདུན་ལ་ནི་ནས་གཅིག་གོ། ནས་བདུན་ལ་ནི་སོར་གཅིག་གོ། སོར་བཅུ་གཉིས་ལ་ནི་མཐོ་གང་ངོ་།། མཐོ་དོ་ལ་ནི་ཁྲུ་གང་ངོ་།། ཁྲུ་བཞི་ལ་ནི་གཞུ་གང་ངོ་།།གཞུ་སྟོང་ལ་ནི་ཡུལ་མ་ག་ངྷའི་རྒྱང་གྲགས་གཅིག་གོ། རྒྱང་གྲགས་བཞི་ལ་ནི་དཔག་ཚད་གཅིག་གོ།། [③]ཞེས་དང་། འདུལ་བ་ལུང་རྣམ་འབྱེད་ལས། རྡུལ་ཕྲ་རབ་དྲུག་རྡུལ་ཕྲ་མོ་གཅིག་གོ། རྡུལ་ཕྲ་མོ་དྲུག་ལ་ཆུ་རྡུལ་གཅིག་གོ། ཆུ་རྡུལ་དྲུག་ལ་ལྕག(ལྕགས)རྡུལ་གཅིག་གོ། ལྕག(ལྕགས)རྡུལ་དྲུག་ལ་ནི་རི་བོང་གི་རྡུལ་གཅིག་གོ། རི་བོང་གི་རྡུལ་དྲུག་ལ་ལུག་རྡུལ་གཅིག་གོ། ལུག་རྡུལ་དྲུག་ལ་གླང་རྡུལ་གཅིག་གོ། གླང་རྡུལ་དྲུག་ལ་ཉི་ཟེར་གྱི་རྡུལ་གཅིག་གོ། ཉི་ཟེར་གྱི་རྡུལ་དྲུག་ལ་སྲོ་མ་གཅིག་གོ། སྲོ་མ་དྲུག་ལ་ཤིག་གཅིག་གོ། ཤིག་དྲུག་ལ་ནས་གཅིག་གོ། ནས་དྲུག་ལ་སོར་གཅིག་གོ། སོར་བཞི་དྲུག་ལ་ཁྲུ་གང་ངོ་།། ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ།། ཁྲུ་བཞི་ལ་གཞུའོ།། གཞུ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་གོ། རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་གོ། [④]ཞེས་རྒྱ་ཆེར་རོལ་བའི་མདོའི་སྐབས་དང་བསགས་རྡུལ་གྱི་གྲངས་འབོར་མི་འདྲ་བར་དྲུག་དུ་ཕྱེ་ནས་འཇལ་བྱེད་ཀྱི་ཚད་གཏན་ལ་ཕབ་གནང་འདུག

མདོ་དང་བསྟན་བཅོས་དག་ལས་བྱུང་བའི་རྡུལ་གྱི་སྔ་ཕྱི་གོ་རིམ་ནི་དམིགས་བསལ་གྱི་གནད་དོན་ཆེ་ཤོས་ཤིག་ཏུ་འདོད་མི་དགོས་པ་ནི། འཕགས་ཡུལ་གྱི་ནང་པའི་གཞུང་ལས་བྱུང་བའི་ཚན་རིག་ད་ལྟ་གྲུབ་ཀུན་བཏུས་ལས་བྱུང་བ་ལྟར་ལེགས་ཏེ། འོ་ན། རྒྱ་ཆེར་རོལ་བའི་མདོ་ལས་བཤད་པའི་ཉི་ཟེར་གྱི་རྡུལ་ལ་རྡུལ་ཕྲ་རབ་ཀྱི་གྲངས་འབོར343དང་།འཇིག་རྟེན་བཞག་པ་ལས་བཤད་པའི་ཉི་ཟེར་གྱི་རྡུལ་ལ་རྡུལ་ཕྲ་རབ་ཀྱི་གྲངས་འབོར49དང་། མངོན་པ་མཛོད་རྩ་འགྲེལ་ལས་བཤད་པའི་ཉི་ཟེར་གྱི་རྡུལ་ལ་གྲངས་འབོར823543ཚོགས་པར་འགྱུར་བར་གསུངས་པས། དེ་རྣམས་ནང་ཕན་ཚུན་དངོས་སུ་འགལ་བར་མི་འགྱུར་སྙམ་ན། འདི་དག་རྡུལ་ཕྲ་རབ་སོགས་འདུས་པའི་གནས་སྐབས་དེ་དང་དེ་ལ་མིང་དེ་ལྟར་བཏགས་པ་ཡིན་གྱི་སྲོག་ཆགས་ཀྱི་སྤུའི་རྩེ་མོ་ཁོ་ན་ལ་བརྩི་བ་སོགས་ནི་མིན་པས་དོན་ལ་འགལ་བ་མེད་པའི་ཚུལ་ཡང་མཛོད་འགྲེལ་འགའ་ཞིག་ལས་བཤད་དོ།།[⑤]

མངོན་པའི་རྒྱན་ལས། གདགས་པ་ལས་ནི།ལྕགས་ཆུ་གཉིས་མི་འབྱུང་བར་ཕྲ་རབ་རྡུལ་དང་། རྡུལ་ཕྲན་དང་། ཉི་ཟེར་རྡུལ་དང་། རི་བོང་རྡུལ་དང་། ལུག་རྡུལ་དང་། གླང་རྡུལ(འདི་དག་རྡུལ་འདུས་པའི་གནས་སྐབས་མིང་དེ་ལྟར་བཏགས་ཀྱི་སྲོག་ཆགས་ཀྱི་སྤུའི་རྩེ་མོ་ལ་བརྩི་བ་ལ་སོགས་ནི་མིན་ནོ།།)དང་། སྲོ་མ་དང་། ཨ་བ་ག་ན་དང་། བ་ཏི་ཀ་དང་། སོར་རྣམས་སྔ་མ་བདུན་བདུན་ལ་ཕྱི་མ་རེ་རེར་བཤད་ལ། རྒྱ་ཆེར་རོལ་བ་ལས་རྡུལ་ཕྲ་རབ་དང་། རྡུལ་ཕྲ་མོ་དང་། རྡུལ་ཆུང་ངུ་དང་། ཡུངས་འབྲུ་དང་། ནས་དང་། སོར་རྣམས་སྔ་མ་བདུན་བདུན་ལ་ཕྱི་མ་རེ་རེར་གསུངས་མོད་ཀྱང་མིང་ཐ་དད་ལས་རྡུལ་ཕྲ་རབ་ལ་ཆེ་ཆུང་མེད་དོ།། སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ངོ་།། ཁྲུ་བཞི་ལ་ནི་གཞུ་འདོམ་གང་ངོ་།། འདོམ་དེ་ལྔ་བརྒྱ་རྣམས་ལ་ནི་རྒྱང་གྲགས་ཡིན་ལ། གྲོང་ལས་རྒྱང་གྲགས་ཀྱིས་འཕགས་པ་ནི་དེ་ལ་ནི་དགོན་པར་འདོད་དོ།། རྒྱ་ཆེར་རོལ་བ་ལས་ནི། གཞུ་སྟོང་ལ་ཡུལ་མ་ག་དྷའི་རྒྱང་གྲགས་གཅིག་དང་རྒྱང་གྲགས་བཞི་ལ་དཔག་ཚད་གཅིག་ཏུ་བཤད་དོ།། དེ་དག་ནི་སྣོད་བཅུད་ཀྱི་ཚད་ཐམས་ཅད་འཇལ་ལོ།།[⑥] ཞེས་རྡུལ་ཕྲ་རབ་ལ་ཆེ་ཆུང་མེད་པར་བཤད་པ་དང་། རྒྱ་ཆེར་རོལ་བ་ནས་མ་ག་དྷའི་རྒྱང་གྲགས་བཞི་ལ་དཔག་ཚད་དུ་བཤད་པ། འདུལ་བ་ལུང་རྣམ་འབྱེད་ལས་རྒྱང་གྲགས་བརྒྱད་ལ་དཔག་ཚད་དུ་བཤད་པ་འདི་དག་ལ་གཤིབ་བསྡུར་རང་བཞིན་གྱིས་ཉམས་ཞིབ་ཅུང་ཟད་ཅིག་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་གྱུར་འདུག  གཤམ་དུ་ང་ཚོས་འདིའི་སྐོར་ལ་ཉམས་ཞིབ་ཅུང་ཟད་ཅིག་བྱས་ཆོག་གོ།

ཡང་སྙིང་། མ་ག་དྷའི་རྒྱང་གྲགས་བཞི་ལ་དཔག་ཚད་དང་རྒྱང་གྲགས་བརྒྱད་ལ་དཔག་ཚད་དུ་བྱས་པ་དང་། དྲུག་སྐོར་གྱི་དབང་དབང་དང་བདུན་སྐོར་གྱི་དབང་དུ་བྱས་ནས་རྡུལ་ཕྲན་སོགས་འཇོག་པའི་རྒྱུ་མཚན་གང་ཡིན་ནམ། འདི་ནི་ངེས་པར་དུ་རྟོག་ཞིབ་བྱ་དགོས་པའི་ཡུལ་ཞིག་ཏུ་ཆགས་འདུག  བོད་ཀྱི་མཚན་ཉིད་རིག་པའི་སློབ་དཔོན་ཚོས་དུས་ཀྱི་དབང་གིས་མིའི་མཛུབ་མོ་དང་གཟུགས་པོ་སོགས་ཆེ་ཆུང་གི་དབང་གིས་ཡིན་པར་འདོད་མོད་ཀྱང་། ད་དུང་རྟོག་ཞིབ་བྱ་དགོས་པ་ནི་ཕྲ་རབ་དང་རྡུལ་ཕྲན་གྱི་བོངས་ཚད་འགྱུར་བའི་སྟེང་དུ་ལུས་འདུག་སྙམ། ང་ཚོའི་མིའི་རིགས་ཀྱི་སོར་ཚིགས་དང་གཞུ་འདོམ་དང་གཟུགས་པོའི་ཆེ་ཆུང་སོགས་ལ་དུས་ཀྱི་དབང་གིས་ཞེན་འགྱུར་བྱུང་གི་ཡོད་པ་ནི་ནང་བསྟན་ཚན་ཉིད་རིག་པ་དང་གནའ་རྫས་རྟོག་ཞིབ་རིག་པའི་ལམ་ནས་གསལ་འགྲེལ་ཐུབ་པ་ཞིག་རེད།   ཡིན་ཡང་། ང་ཚོར་དཀའ་ལས་ཁག་ས་དེ་གཞི་རྡུལ་ཕྲ་རབ་ནས་བདུན་དང་དྲུག་གིས་འཕེལ་འགྱུར་གྱིས་རྡུལ་ཕྲན་དང་ནས་རྡོག་སོགས་གྲུབ་སྟངས་དང་གྲུབ་རྡུལ་གྱི་བོངས་ཚད་ཀྱི་འགྱུར་བ། ནས་རྡོག་ནས་བདུན་དང་དྲུག་གིས་ཞེན་འགྱུར(退化)གྱིས་རྡུལ་ཕྲ་རབ་གྲུབ་སྟངས་དང་གྲུབ་རྡུལ་གྱི་བོངས་ཚད་ཀྱི་འགྱུར་བ་དེ་རེད།  རིགས་པ་འདི་ནི་མངོན་པ་འོག་མ་ལས་བྱུང་བའི་རྡུལ་ཕྲ་རབ་ཀྱི་བོངས་ཚད་དང་ཚངས་ཐིག་འབྱེད་པའི་གཏན་ཚིགས་ཀྱི་ལམ་ཁ་ཞིག་ཀྱང་ཡིན།  རིགས་པ་རྩར་གཏུགས་དེ་རྟོག་ཞིབ་བགྱིས་ན། རྡུལ་ཕྲ་རབ་བདུན་འདུས་པའི་རྡུལ་ཕྲན་གྱི་གོང་བུའི་བོངས་ཚད་དང་། རྡུལ་ཕྲ་རབ་དྲུག་འདུས་པའི་རྡུལ་ཕྲན་གྱི་གོང་བུའི་བོངས་ཚད་གཉིས་གཅིག་ཡིན་ནམ།  དྲི་བ་འདི་ནི་ཆེས་གནད་འགག་གི་དྲི་བ་ཞིག་ཀྱང་ཡིན། བོངས་ཚད་གཅིག་ཏུ་འདོད་ན་ནི་རྡུལ་ཕྲ་རབ་ཀྱི་ངོས་འཛིན་མི་འདྲ་བ་གཉིས་འབྱུང་དགོས་ལ།  གཅིག་མ་ཡིན་པར་འདོད་ན་ནི་རྡུལ་ཕྲན་གོང་བུའི་བོངས་ཚད་འགྱུར་བ་འགྲོ་དགོས་པ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན།

འདིའི་ནས་ཞེས་པ་ནི་ཧ་ལམ་མ་ག་དྷའི་འབྲས་ལ་བཤད་དགོས་པ་ཞིག་ཡིན་སྙམ། ནས་ནི་མཐོ་སྒང་རང་གི་ཁྱད་དངོས་ཐོན་རྫས་ཤིག་ཡིན་ལ་ས་བབ་མཐོ་སར་སྐྱེས་པའི་འབྲུའི་རིགས་ཤིག་ཡིན། གནའ་བོའི་མ་ག་དྷའི་ཁོར་ཡུག་ནི་ཚ་ཁུལ་དུ་གཏོགས་པས་ས་དེར་ནས་མེད་པ་ནི་ཐག་གིས་ཆོད་པ་ཞིག་ཡིན། གྲངས་གནས་ཀྱི་ནང་དུ་ནས་ཞེས་ཐ་སྙད་སྦྱོར་བ་ནི་ལོ་ཙཱ་བ་ཚོས་བོད་རང་གི་ཐ་སྙད་དང་བསྟུན་ནས་བསྒྱུར་གནང་པ་ཞིག་རེད་སྙམ།  མ་ག་དྷའི་འབྲས་ནི་དེང་སང་ཡང་ང་ཚོས་མཐོང་ཐུབ། རོ་བྲོ་འབྲས་གཞན་ལས་ཁྱད་པར་དུ་འཕགས་ཤིང་སྣ་རིང་ལ་ཞེང་ཕྲ་བ་ཞིག་རེད།

བཅོམ་ལྡན་འདས་ཀྱིས་རྒྱ་ཆེར་རོལ་བ་ནས་ནས་བདུན་གྱི་ཚད་ལ་སོར་གཅིག་དང་།འདུལ་བ་རྣམ་པར་འབྱེད་པ་ནས་ནས་དྲུག་གི་ཚད་ལ་སོར་གང་གི་ཚད་དུ་གསུངས་པ་ནི་ཡང་སྙིང་ཅི་ལ་དགོངས་ནས་གསུངས་པ་ཡིན་ནམ། ནས་ཀྱི་གཏོས་ཚད་མ་འདྲ་བ་ཡིན་ནམ།  ཡང་ན་།  རྒྱུ་མཚན་གཞན་ཞིག་ཡོད་དམ། ཨང་རྩིས་རིག་པའི་ལམ་ནས་རྟོག་ཞིབ་བྱས་ཚེ་ཅུང་ཁྱད་མཚར་བ་ཞིག་རེད། དཔེར་་ན། རྡུལ་ཕྲན་གཅིག་གི་གདོས་ཚད་རྡུལ་ཕྲ་རབ་བདུན་དང་རྡུལ་ཕྲ་རབ་དྲུག་སྤུངས་པའི་གདོས་ཚད་དང་མཉམ་གནས་ཀྱིས་བརྩིས་ན་འདི་ལྟ་སྟེ། བདུན་བརྩིས་ཀྱི་དབང་དུ་བྱས་ན་རྡུལ་ཕྲ་རབ་གཅིག་གི་གདོས་ཚད་ནི་ནས་འབྲུ་རྡོག་པོ་གཅིག་ཆ40353607རུ་ཕྱེ་བའི་གཅིག་ཙམ་ཡིན་ལ། དྲུག་བརྩིས་ཀྱི་དབང་དུ་བྱས་ན་ནས་འབྲུ་རྡོག་པོ་གཅིག་ཆ 10077696 དུ་ཕྱེ་བའི་གཅིག་ཙམ་ཡིན་འདུག འདི་ལྟར་བརྩིས་ན་དྲུག་བརྩིས་དང་བདུན་བརྩིས་ཀྱི་བར་དུ་ཧ་ལམ་རྡུལ་གྲངས30275911 གིས་ཧེ་བག་ཤོར་འདུག་ཅིང་། ནས་འབྲུ་རྡོག་པོ་གཅིག་གི་གཏོས་ཚད་ཀྱི་ལྡབ་གྲངས་ཀྱང་རྒྱ་ཆེར་རོལ་དང་ལུང་རྣམ་འབྱེད་ཀྱི་བར་དུ  4.00424928≦4 བར་ཁྱད་བྱུང་འགྲོའོ།།

ངས་གོང་ནས་བཤད་ཚར་བ་ནང་བཞིན་འདི་ནས་བསྟན་པའི་ནས་ཞེས་པ་དེ་ལོ་ཙཱ་བས་བོད་ཀྱི་ཁོར་ཡུག་གི་འབྲུ་རིགས་དང་བསྟུན་པ་མ་གཏོགས་དོན་ལ་མ་ག་དྷའི་འབྲས་རྡོག་ལ་གོ་དགོས་པའང་རྒྱ་ཆེར་རོལ་བའི་མདོ་ལས་གཞུ་སྟོང་ལ་ཡུལ་མ་ག་དྷའི་རྒྱང་གྲགས་གཅིག་གོ[⑦]ཞེས་པའི་ལུང་ཚིག་གིས་རིགས་བསྒྲེས་ཀྱིས་ངེས་ཤེས་འདྲོང་ཐུབ་པ་ཞིག་ཡིན། མ་ག་དྷའི་འབྲས་ནི་འབྲས་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན་ཏེ།  ཐང་གི་དགེ་སློང་ཟན་ཙང(唐玄奘)གིས། འབྲུ་སྣ་ཚོགས་འདེབས་རུང་ཡང་གཙོ་ཆེ་བ་ནི་འབྲས་དཀར་ཡིན་ཏེ་དེ་ནི་ཡུལ་གཞན་ན་མེད་པ་དྲི་ཞིམ་པ་ཁ་དོག་དཀར་ལ་འཚེར་བ།འབྲུ་རྡོག་ཆེ་བ་མིང་ལ་མི་ཆེན་གྱི་ཞལ་ཟས་སུ་གྲགས་སོ[⑧]ཞེས་འབྲས་རྡོག་འབྲས་གཞན་ལས་ཆེ་བ་ཞིག་ཡིན་པར་སྣང་། ད་བར་ཡང་རྒྱ་གར་གྱི་ཁྲོམ་ར་དག་ན་བཙོང་རྒྱུ་ཡོད་ཅིང་རྒྱ་ནག་པ་ཚོས་དེ་མིང་ལ་རྒྱ་གར་འབྲས་ཞིམ(印度香香米)ཟེར་བཞིན་འདུག ད་བར་གྱི་ཚད་འཇལ་གཞིར་བྱས་ན་མ་ག་དྷའི་འབྲས་རྡོག་གི་རིང་ཚད་ལ་ཧ་ལམ﹥6.6cm[⑨] དང་། ཞེང་དུ﹤2.0cm ཡོད་པ་ནི་སྐྱེ་ལུགས་ཚན་རིག་པས་ཡིད་དཔྱོད་ཙམ་གྱིས་གཏན་འཁེལ་བྱས་ཡོད། ཡིན་ཡང་། ཚད་འཇལ་གྱི་ཕལ་ཆེར་གཏན་གྲངས་འདི་ནི་ད་བར་གྱི་དབང་དུ་བྱས་པ་ཞིག་ཡིན་པས་མི་ལོ་1712ལྷག་གི་སྔོན་གྱི་གནའ་བོའི་མ་ག་དྷའི་འབྲས་ཀྱི་ཚད་ནི་འདི་ལྟ་བུ་ཞིག་ཅེས་ཁ་ཚོན་གཅོད་དཀའ་བ་ཞིག་ཡིན། མ་ཟད། ད་བར་གྱི་མ་ག་དྷའི་འབྲས་ཀྱི་བོངས་ཚད་ཀྱང་འདི་ཞེས་གཏན་འཁེལ་རང་བཞིན་གྱི་ཐག་གཅོད་དཀའ་བ་ཞིག་ཡིན། རྒྱུ་མཚན་ནི་རྒྱུ་ཚོགས་ཀྱིས་དབང་དུ་བྱས་པའོ།།

དེས་ན་ང་ཚོས་ཕལ་ཆེར་གྱི་གཏན་གྲངས་འདི་ལ་བརྟེན་ནས་རྡུལ་ཕྲ་རབ་ཀྱི་བོངས་ཚད་དམ་ཡང་ན་ཚངས་ཐིག་འཚོལ་དགོས་བྱུང་སོང་། ཨང་རྩིས་རིག་པའི་ཐབས་ལམ་སྤྱད་ཏེ་བརྟག་ཚེ་མ་ག་དྷའི་འབྲས་རྡོག་གཅིག་གི་བོངས་ཚད་ལ་ཧ་ལམ་ལི་སྨི་རྒྱ་དཔང་གྲུ་བཞི་མ 6.908 cm3 ཡོད་ཅིང་། ལི་སྨི་རྒྱ་དཔང་གྲུ་བཞི་མ་རེའི་རྡུལ་ཕྲ་རབ་ཀྱི་ཤོང་ཚད་ནི་ཧ་ལམ 56495098 ཡིན། མ་ག་དྷའི་འབྲས་རྡོག་གཅིག་གི་རིང་ཚད་ལ་ལི་སྨི6.6cmཡོད་པ་གཞིར་བྱས་ཀྱི་བརྩིས་ན་འབྲས་རྡོག་གཅིག་གི་རིང་ཚད་ལ་ནཱ་སྨི[⑩]66000000nm ཡིན།   དེ་ལྟར་ན་བདུན་འགྱུར་བདུན་འགྱུར་དབང་དུ་བྱས་པའི་རྡུལ་ཕྲ་རབ་གཅིག་གི་ཚད་ནི 66000000nm/282475249=0.2336487nm ཡིན་ཞིང་། བཞི་དོར་ལྔ་གོང་བསྒྲིལ་གྱི་རྩིས་ཐབས་སྤྱད་ཚེ་ཧ་ལམ་ནཱ་སྨི≦0.234nm ཡིན། སིལ་གྲངས་འདི་ནི་རིང་ཚད་ཀྱི་དབང་དུ་བྱས་ན་དབྱིག་གཉེན་གྱིས་མངོན་པ་མཛོད་ལས་བཤད་པའི་རྡུལ་ཕྲ་རབ་ཀྱི་ཚངས་ཐིག་རེད་ཅེས་བཤད་ནའང་མི་ཆོག་པ་མེད་སྙམ།  རིང་ཚད་ལ་བརྟེན་ནས་ཐོབ་པའི་རྡུལ་ཕྲ་རབ་ཀྱི་བོངས་ཚད་ནི་ཧ་ལམ་ནཱ་སྨི་རྒྱ་དཔང་གྲུ་བཞི་མ 0.00670542nm3≦0.007nm3 ཡིན། ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་འགྲོས་ལྟར་ན་རྡུལ་ཕྲ་རབ་ཀྱི་ཚངས་ཐིག་དང་བོངས་ཚད་ནི་གཅིག་པ་ཡིན་ཏེ། སློབ་དཔོན་ཕྱོགས་གླང་གིས་དམིགས་པ་བརྟག་པའི་འགྲེལ་བར། དེ་ནི་རྡུལ་ཕྲན་རྫས་ཡོད་ལ།། མེད་དེ་ཚད་དབྱེ་མེད་ཕྱིར་རོ།། རྡུལ་ཕྲ་རབ་རྣམས་ནི་རྫས་གཞན་ཡིན་དུ་ཟིན་ཀྱང་ཟླུམ་པོ་ལ་ནི་དབྱེ་བ་མེད་དོ།།[11]ཞེས་གསུངས་ཤིང་ནང་བསྟན་མཚན་ཉིད་རིག་པའི་སྤྱི་ལུགས་ཀྱང་ཡིན་ནོ།། དོན་ནི་ནང་མཚན་ཉིད་རིག་པའི་བོད་ཀྱི་མཁས་པ་ཚོས་རྡུལ་ཕྲ་རབ་ཀྱི་དབྱིབས་ནི་ཟླུམ་པོ་ཁོ་ནར་ངེས་པ་ཅན་དང་ཁ་དོག་སྣ་ཚོགས་པའི་རང་བཞིན་དུ་འགྲེལ་བཤད་གནང་ཡོད།

མ་ག་ངྷའི་འབྲས་ཀྱི་ཞེང་ཚད་ནི་ལི་སྨི﹤2.0cmལྷག་ཡིན་པའི་དབང་དུ་བཏང་ན། རྡུལ་ཕྲ་རབ་གཅིག་གི་ཚད་ནི20000000/282475249=0.03540133≦0.035nm ཡིན། ཟླུམ་པོ་ཁོ་ནར་ངེས་པའི་རྡུལ་ཕྲ་རབ་ལྟར་བརྩིས་ཚེ ≦0.035nm ནི་རྡུལ་ཕྲ་རབ་ཀྱི་ཚངས་ཐིག་ཏུའང་གྱུར་ཡོད། ཞེང་ཚད་ལྟར་བརྩིས་པའི་རྡུལ་ཕྲ་རབ་ཀྱི་བོངས་ཚད་ནི་ནཱ་སྨི་རྒྱ་དཔང་གྲུ་བཞི་མ 0.00002244nm3 ཡོད།  མ་ག་དྷའི་འབྲས་ཀྱི་ཞེང་དང་དཀྱིལ་གང་གིས་དབང་དུ་བྱས་ཀྱང་རྡུལ་ཕྲ་རབ་ཀྱི་བོངས་ཚད་ཐ་མལ་བའི་མིག་གིས་མཐོང་དཀོན་པའི་གནས་སུ་ཆགས་འདུག  ཕྲ་རབ་བདུན་དང་རྡུལ་ཕྲན་དང་།། ལྕགས་ཆུ་རིང་བོང་ལུག་དང་གླང་།། ཉི་ཟེར་སྲོ་མ་ཤིག་དང་ནི།། ཞེས་སོགས་ཀྱི་སྐབས་སུ་སོར་མོ་ཉེར་བཞིར་ཁྲུ་གང་གི་བརྩིས་ཚུལ་ལ་དཔག་ན་ཞེང་ཚད་ཀྱིས་རྩིས་གཞི་ཚད་ལེན་བྱེད་ཀྱི་ང་ཚོས་ཧ་གོ་ཐུབ་པ་ཞིག་རེད། ད་བར་ཀྱི་རྩིས་གཞི་ལྟར་ཁྲུ་གང་ལ་ལི་སྨི33.3333cmཡོད་པའི་དབང་དུ་བཏང་ཚེ་སྤྱི་ལོ་སྔོན་ཀྱི་དུས་རབས་ལྔ་བའི་སྐབས་ཀྱི་ཡུལ་མ་ག་དྷའི་མིའི་སོར་ཚད་ལ་ལི་སྨི≦1.39cm མ་གཏོགས་མེད་ལ། འདི་ནི་ད་བར་གྱི་མི་གཟུགས་པོའི་རིང་ཚད་སྨི 1.68m ཡས་མས་ལས་མེད་པའི་མིའི་སོར་ཚད་དང་གཅིག་པ་ཆགས་འདུག་པས་ཡིད་མི་ཆེས་པ་ལྟ་བུ་ཞིག་རེད།  འོ་ན་ང་ཚོས་ཇི་ལྟར་རྟོག་ཞིབ་བྱ་དགོས་ཞེ་ན།  གནའ་བོའི་མ་ག་དྷའི་ཁོར་ཡུག་གི་མིའི་ཁྲུ་གང་གི་འཚོལ་རྒྱུ་དེ་རེད། མཆིམས་འཇམ་པའི་དབྱངས་ཀྱིས། ཁྲུ་ནི་ཐམས་ཅད་དུ་འོག་ནས་འཆད་པའི་ཕྲ་རབ་རྡུལ་ལ་སོགས་པ་བསགས་པའི་ཚད་དང་ལྡན་པ་ཡིན་གྱི་རང་རང་གི་ཁྲུ་མ་ཡིན་ནོ།།[12]ཞེས་བཤད་མོད་ཀྱང་ཅུང་དཀའ་བའི་གནས་སུ་འདུག སའི་དངོས་གཞི་ལས་ནི། འཛམ་བུ་གླིང་གི་རྣམས་ནི་ལུས་ཀྱི་ཚད་ནི་ངེས་པ་མེད་དེ། རེས་འགའ་ནི་ཆེན་པོར་འགྱུར་རོ།། རེས་འགའ་ནི་ཆུང་ངུར་འགྱུར་ཏེ། དེ་ཡང་རང་རང་གི་ཁྲུ་ཚད་ཕྱེད་དང་བཞིའོ།།[13]ཞེས་དཔྱད་གཞིའི་ཚུལ་དུ་དྲངས་པ་འདི་ལ་རྩིས་གཞིར་བཟུང་ཆོག་པ་ལྟ་བུར་སྣང་ངོ་།། གླིང་གཞན་དེ། ཤར་ལུས་འཕགས་པ་དང་ནུབ་བ་ལང་སྤྱོད་པ་དང་བྱང་མི་སྙན་པ་ཞེས་བྱ་བ་ནི་རིམ་ལྟར་སྔ་མ་སྔ་མ་ཉིས་འགྱུར་གྱིས་བསྐྱེད་པ་ཁྲུ་བརྒྱད་དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་པ་ཡིན་ནོ།།[14]།ཞེས་པ་ལ་དཔག་ན་མཆིམས་འཇམ་པའི་དབྱངས་ཀྱིས་ཀྱང་གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་སྨྲ་བའི་སློབ་དཔོན་ཆེན་མོ་ཐོགས་མེད་ཀྱི་འདོད་པའི་ཕྱོགས་སུ་བློ་ཡོལ་བའི་རིགས་པ་ཞིག་ཁོངས་ན་གནས་འདུག་སྙམ། མ་ཟད། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་། ཡང་ཇི་ལྟར་སྣོད་རྣམས་ཀྱི་ཚད་ལ་བྱེ་བྲག་ཡོད་པ་བཞིན་དུ་དེ་ན་གནས་པའི་སེམས་ཅན་རྣམས་ཀྱི་ཚད་ཀྱང་། བྱེ་བྲག་ཡོད་དམ་ཞེ་ན། སྨྲས་པ་ཡོད་དེ། དེ་ལ་རེ་ཞིག། འཛམ་བུའི་གླིང་བ་རྣམས་ཀྱི་ཚད།། ཁྲུ་བཞི་པ་དང་ཕྱེད་དང་བཞི།།འཛམ་བུ་གླིང་པའི་མི་རྣམས་ནི་ཕལ་ཆེར་ཁྲུ་ཕྱེད་དང་བཞི་པའོ།། ཁ་ཅིག་ནི་ཁྲུ་བཞི་པ་དག་གོ། ཤར་གྱི་ལུས་འཕགས་པ་རྣམས་དང་ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲི་མི་སྙན་པ་རྣམས་ནི་རིམ་བཞིན་དུ་ཁྲུ་བརྒྱད་པ་དང་། བཅུ་དྲུག་པ་དང་། སུམ་ཅུ་རྩ་གཉིས་པ་དག་ཡིན་ནོ།།[15]ཞེས་གསུངས་ཡོད་དོ།།

བར་གྱི་གླིང་ཕྲན་བརྒྱད་ན་གནས་པའི་མིའི་ཚད་ནི་ལུས་ཆུང་བར་རྒྱ་གར་གྱི་མངོན་པའི་སློབ་དཔོན་ཆེན་མོ་གང་སྤེལ་གྱིས་བཤད་པར་མངོན་པའི་རྒྱན་ན་གསལ། རྒྱུ་མཚན་ནི་གླིང་ཕྲན་བརྒྱད་ཀྱི་སྣོད་དང་བཅུད་ནི་ལས་ངན་པའི་སྟོབས་ཀྱིས་གྲུབ་པར་བཤད་པའི་ཕྱིར་རོ།།

ངས་ཀྱང་གནའ་བོའི་རྒྱ་གར་གྱི་ཆོས་མངོན་པའི་སློབ་དཔོན་ཆེན་མོ་དབྱིག་གཉེན་དང་ལྷན་དུ་དཔག་ཚད་བརྟག་པའི་མ་མཐའི་རྩིས་གཞིའང་རྡུལ་ཕྲ་རབ་ཀྱི་དབྱིབས་དང་ཚད་ཅི་ཙམ་པ་དེ་མ་ཡིན་པར། མི་ལོ་ཉིས་སྟོང་བདུན་བརྒྱ་ཡས་མས་ཀྱི་འགྲོ་བ་མིའི་རིགས་སམ་ཡང་ན་སངས་རྒྱས་བཅོམ་ལྡན་ཀྱི་སྐུའི་གཟུགས་ཚད་འཚོལ་རྒྱུ་དེ་རེད།  སངས་རྒྱས་ཀྱི་སྐུའི་གཟུགས་ཚད་ཀྱིས་གནའ་བོའི་རྒྱ་གར་གྱི་རིང་ཚད་འཇལ་བྱེད་ཀྱི་རྩིས་གཞི་རིང་ཤོས་ཏེ་དཔག་ཚད་ཀྱི་ཚད་ལའང་ཅུང་ཟད་ངེས་ཤེས་འདྲོང་ཐུབ་སྙམ་མོ།། ཡང་གཅིག་བྱས་ན། སོར་མོའམ།  ཁྲུའམ། གཞུ་འདོམ་ནི་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་དང་། ཀུན་དགའ་བོ་དང་།  སྤྱན་རས་གཟིགས་དང་། འཇམ་པའི་དབྱངས་སོགས་སྐུའི་འཁོར་གྱི་ཉེ་གནས་རེ་ཟུང་གི་ཚད་མ་ཡིན་པའི་ངེས་པའང་མེད་ལ། ཡང་ན། སྐབས་དེའི་ཁོར་ཡུག་གི་མི་སྤྱི་བཏང་བ་ཞིག་གི་སོར་མོ་དང་། ཁྲུ་དང་། གཞི་འདོམ་སོགས་ཀྱིས་ཚད་མ་ཡིན་པའི་ངེས་པའང་མེད་དོ།། ཡིན་ཡང་། ངས་ནི་གཤམ་དུ་སངས་རྒྱས་ཀྱི་སྐུའི་གཟུགས་ཚད་ལ་དབྱེ་ཞིབ་བྱས་པའི་སྒོ་ནས་རྟོག་ཞིབ་བྱ་རྒྱུ་ཡིན།།

མངོན་པ་ལས་བྱུང་བ་ལྟར་ན་ཉི་མའི་འོས་ཟེར་གྱི་རྡུལ་ནི་རྡུལ་ཕྲ་རབ་ཀྱི་བོངས་ཚད་ཀྱི་ལྡབ823543གྱིས་ཆེ་བའི་གདོས་ཚད་ཅན་གྱི་བེམ་གཟུགས་ཤིག་དུ་འདོད་ལ། དེང་རབས་དངོས་ཁམས་ཚན་རིག་ཉམས་ཞིབ་པས། འོད་རྡུལ་གྱི་མགྱོགས་ཚད་ནི་འོད་ཀྱི་མགྱོགས་ཚད་དེ་ག་ཡིན་ལ། དེར་ཕྱོགས་ཆ་མེད་པས་ཕྱོགས་ཀྱི་ཆ་མེད་དུ་བརྩི་བ་རེད། འོད་རྡུལ་དེ་རྡུལ་དུ་བརྩི་ཡང་དེ་ལ་གདོས་ཚད་མེད། [16]ཅེས་འདོད་ཀྱི་ཡོད་པ་རེད།

གཉིས།  སངས་རྒྱས་ཀྱི་སྐུའི་གཟུགས་ཚད་བརྟག་པ།

ཏག་ཏག་གོང་ནས་བརྫོད་ཟིན་པ་ལྟར།  མངོན་པ་ལས་བྱུང་བའི་ཚད་འཇལ་གྱི་གྲངས་ཚད་རིང་ཤོས་དཔག་ཚད་བརྟག་པ་ལ་སངས་རྒྱས་ཀྱི་སྐུའི་གཟུགས་ཚད་ལ་དབྱེ་ཞིབ་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་དུ་གྲུབ་འདུག་པས། ང་ཚོས་ཀྱང་གཞི་འཛིན་གྱི་གནས་གང་ཞིག་གིས་སྟེང་ནས་སངས་རྒྱས་ཀྱི་སྐུའི་གཟུགས་ཚད་འཚོལ་ལམ། སངས་རྒྱས་ཀྱི་སྐུའི་གཟུགས་ཚད་འཚོལ་བ་ནི་གཞུ་འདོམ་གྱི་ཚད་དང་དཔག་ཚད་ཀྱང་འཚོལ་བ་ཞིག་ཡིན་པ་ནི་སྨོས་མེད་དུ་གྲུབ་ཡོད།

ད་ལྟ་ང་ཚོའི་ཁོར་ཡུག་ཏུ་ལྷག་ཡོད་པར་བཤད་པ་ནི་སངས་རྒྱས་ཀྱི་ཞབས་རྗེས་དང་ཚེམ་ཡིན་ལ། མཐར་གཏུགས་ན་སངས་རྒྱས་ཀྱི་ཞབས་རྗེས་ལ་བརྟེན་ནས་སྐུའི་གཟུགས་ཚད་བརྟག་པ་ནི་ཐབས་ལམ་ཉག་གཅིག་ཏུ་གྱུར་ཡོད། སྙིང་རྗེ་པད་མ་དཀར་པོའི་མདོ་དང་། འཇམ་དཔལ་རྩ་རྒྱུད། ཚུལ་ཁྲིམས་འཆལ་བ་ཚར་གཅོད་པའི་མདོ། མཛངས་བླུན་ཞེས་བྱ་བའི་མདོ་སོགས་མདོ་དང་བསྟན་བཅོས་མང་བོར་བཅོམ་ལྡན་འདས་ཀྱི་སྐུའི་ཚད་ལ་ཚད་མེད་པར་གསུངས་པ་ནི་འདིར་དཔྱད་གཞི་མི་རུང་བས་རེ་ཞིག་བཏང་སྙོམས་སུ་འཇོག་དགོས་སོང་།  དེས་ན་ང་ཚོས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་དང་། གནའ་བོའི་རྒྱ་གར་ཀྱི་ཁོར་ཡུག་ནས་མཐོང་བའི་སངས་རྒྱས་ཀྱི་ཞབས་རྗེས་གཞིར་བཟུང་སྟེ་རྟོག་ཞིབ་དངོས་ལ་འཇུག་པར་བྱའོ།།

1.མདོ་དང་སྦྱར་ཏེ་བརྟག་པ།

མདོ་ལས། ད་ནི་བཅོམ་ལྡན་འདས་ཀྱི་སྐུའི་ཚད་ཀྱིས་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་མཚན་ཉིད་གསུངས་པ་རྒྱལ་བའི་ཞེས་པ་ལ་སོགས་པ་སྟེ་འདིར་རྒྱལ་བའི་བདག་པོ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་སྟེང་ནས་མཛོད་སྤུའི་དབུས་ཞེས་པ་སྨིན་མའི་དབུས་སུ་ཕྱེད་དང་བཅས་པ་ཉི་མའི་སོར་དུ་འགྱུར་ཏེ་ཕྱེད་དང་བཅས་པའི་སོར་བཅུ་གཉིས་ཀྱི་ཚད་དོ།། དེ་ནས་མགྲིན་པའི་ཆུ་སྐྱེས་དེ་བཞིན་ཏེ་ཕྱེད་དང་བཅས་པའི་སོར་བཅུ་གཉིས་ཀྱི་ཚད་དོ།།སྙིང་ཁ་ཡང་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ།། དེ་ནས་ལྟེ་གསང་ཆུ་སྐྱེས་དེ་བཞིན་ནོ་ཞེས་པ་ནི་ལྟེ་བའི་ཆུ་སྐྱེས་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ།།དེ་བཞིན་དུ་གསང་བའི་ཆུ་སྐྱེས་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ།།དེ་ལྟར་གཙུག་ཏོར་ནས་གསང་བའི་པད་མའི་མཐར་ཕྱེད་དང་བཅས་པའི་སོར་དྲུག་བཅུ་རྩ་གཉིས་ཀྱི་ཚད་ནི་སྐུའི་ཚད་དོ།།ཞབས་ཀྱི་མཐིལ་ནི་མ་ནུ་ཞེས་པ་སོར་བཅུ་བཞི་རྣམས་ཀྱིས་འགྱུར་རོ།། རྗེ་ངར་དེ་ཉིད་ཅེས་པ་ཉི་ཤུ་རྩ་ལྔ་སྟེ་བརླ་ཡང་དེ་བཞིན་ནོ།། ཞབས་ཀྱི་དཔངས་ནི་རིག་བྱེད་ཅེས་པ་སྟེ་ཕྱེད་དང་བཅས་པའི་སོར་བཞིས་སོ།། དེ་བཞིན་དུ་པུས་མོའི་ཚིགས་དང་དཔྱི་ཡང་སོར་བཞིས་སོ།།  དེ་ལྟར་ཕྱེད་དང་བཅས་པའི་སོར་དྲུག་བཅུ(ཅུ)རྩ་གཉིས་ཀྱི་དཔྱི་ནས་ཞབས་ཀྱི་མཐིལ་གྱི་མཐར་རོ།། དེ་ལྟར་སོར་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ནི་སངས་རྒྱས་ཀྱི་སྐུའོ།། བྲང་ཕྱེད་ཕྱེད་བཅས་ཉི་མས་ཞེས་པ་ནི་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་ཚད་ཀྱིས་སོ།། རང་དཔུང་དཔུང་ལག་རྣམས་ནི་མཁའ་མིག་རྒྱལ་པོ་ཉི་མའི་ཚད་ཀྱིས་སོ་ཞེས་པ་ནི་ཉི་ཤུས་དཔུང་པ་དང་བཅུ་དྲུག་གིས་ཉེ་བའི་དཔུང་བ་དང་བཅུ་གཉིས་ཀྱི་ལག་པ་གུང་མོའི་སོར་མོའི་མཐར་ཐུག་པའོ།། གཅིག་གི་ལག་པ་དང་ཉེ་བའི་དཔུང་པའི་འཚམས(མཚམས)དང་དཔུང་པ་དང་ཉེ་བའི་འཚམས་སོ།། དེ་ལྟར་ཕྱེད་དང་བཅས་པའི་སོར་དྲུག་བཅུ(ཅུ)རྩ་གཉིས་ཏེ་གཡོན་ལ་ཇི་ལྟ་བ་དེ་བཞིན་དུ་གཡས་པ་ལ་ཡང་ངོ་།།ཐམས་ཅད་དུ་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་གཅིག་ནི་སྐུའི་ཚད་དེ་གྲུ་བཞིའོ།། [17]ཞེས་བྱུང་ཞིང་། མདོ་འདི་དང་བསྟུན་ན་གཙུག་ཏོར་ནས་ཞབས་ཀྱི་མཐིལ་དང་། གཡས་ནས་གཡོན་བར་དུ་ཉི་ཤུ་རྩ་ལྔ་ལྷག་པའི་སོར་བརྒྱ་བརྒྱ་སྟེ་གྲུ་བཞི་ལྟ་བུར་གྲུབ་ཅིང་། སྐུ་སྟོད་དང་སྐུ་སྨད་ལ་སོར་དྲུག་ཅུ་རྩ་གཉིས་ཚན་པ་གཉིས་ཀྱིས་ཚད་དུ་གསུངས་འདུག

བཅོམ་ལྡ་འདས་ཀྱི་སྐུའི་ཚད་འཇལ་བའི་སོར་མོའི་ཚད་ནི་ད་ལྟའི་མིའི་རིགས་ཀྱི་སོར་ཚད་དུ་ངོས་བཟུང་གནང་ཚེ། བཅོམ་ལྡན་འདས་ཀྱི་སྐུའི་ཚད་ནི་ལི་སྨི173.44cmཙམ་མ་གཏོགས་མེད། གཟུགས་ཚད་འདི་ནི་ད་ལྟ་སྟེ་དུས་རབས་ཉེར་གཅིག་པའི་ནང་གི་མི་སྤྱི་བཏང་བ་ཞིག་གི་གཟུགས་ཚད་དང་གཅིག་པ་ལྟ་བུར་གྲུབ་འདུག་པས། ནང་བསྟན་མཚན་ཉིད་རིག་པའི་ཞེན་འགྱུར་གྱི་རིགས་པའི་ལམ་ནས་བརྟག་ན་ཡིད་ཆེས་དཀའ་བའི་གནས་སུ་གྱུར་འདུག་ལ། གནའ་རྫས་རྟོག་ཞིབ་རིག་པའི་བརྟག་འབྲས་དང་བསྟུན་ནའང་ཁས་ལེན་དཀའ་བའི་གནས་སུ་ཆགས་འདུག སྐྱེ་ཁམས་ཚན་རིག་གི་ངོས་ནས་ལྟོས་ནའང་གདོད་མའི་དུས་རབས་ནས་བཟུང་སྟེ་ད་ལྟའི་བར་དུ་ང་ཚོ་མིའི་རིགས་ཀྱི་ཆ་གང་ཐད་ནས་ཞེན་འགྱུར་བྱུང་དང་འབྱུང་གི་ཡོད་པ་ནི་རིགས་རྫས་ཉམས་ཞིབ་པ་ཚོས་ར་སྤྲོད་གནང་གི་ཡོད་གི་ཡོད། དཔེར་ན། ཨ་རིའི་ཝེ་སི་ཁང་ཤིན་གཙུག་ལག་སློབ་ཆེན(威斯康星大学)གྱི་རྩི་ཤིང་མཚམས་སྦྱོར་རིག་པའི(植物遗传学)འབུམ་རམས་པ་ཡོ་ཧན.ཧྲིན་ཧྥེ་ཏེའི(约翰.圣弗德博士)《ཞེན་འགྱུར་གྱི་རྣམ་བཤད》(退化论-基因熵与基因组的奥秘)ཅེས་པའི་རྒྱ་འགྱུར་གླེང་བརྗོད་ཀྱི་ནང་དུ། ལྷག་པར་དུ་ད་བར་གྱི་མིའི་རིགས་ཀྱི་རིགས་རྫས་གོང་བུར(基因组)(མིའི་ལུས་ཀྱི་ཕྲ་ཕུང་ནང་གི་རིགས་རྫས་ཚང་མ)དངོས་སུ་བརྟག་ཚེ་ལྡོག་ཏུ་མེད་པའི་ཞེན་འགྱུར་བྱུང་བཞིན་པ་མཐོང་ཐུབ། [18] ཅེས་ཉམས་ཞིབ་གྱིས་ལམ་ནས་རྒྱའི་ཚན་རིག་པ་ལིག་ཡུན(流萤)གྱི་བཤད་ཡོད་ཅིང་། 《ཞེན་འགྱུར་གྱི་རྣམ་བཤད》དུའང་དངོས་བརྒྱུད་ཅི་རིགས་ཀྱི་ང་ཚོ་མིའི་རིགས་ཀྱི་ཞེན་འགྱུར་ཕྱོགས་ལ་ཉམས་ཞིབ་གནང་གིན་ཡོད།

རྒྱ་ནག་གི་སྐུ་ཞབས་ལིས་ཞོ་མིན(礼晓明)གྱི 《རྐང་བའི་སྲིད་ཞེང་གི་ཚད་ལ་བརྟེན་ནས་མིའི་གཟུགས་ཚད་ཚོད་རྩིས་ཀྱི་ཐོག་མའི་ཉམས་ཞིབ》[19](利用脚长和脚宽推测身长的初步研究)ཀྱི་སྤྱི་འགྲོས་ལྟར་བརྩིས་ཚེ། མདོ་ལས། ཞབས་ཀྱི་མཐིལ་ནི་མ་ནུ་ཞེས་པའི་སོར་བཅུ་བཞི་རྣམས་ཀྱི་འགྱུར་རོ།།[20]ཞེས་པའི་དོན་ཞབས་ཀྱི་མཐིལ་སོར་བཅུ་བཞིས་བརྩིས་ན་ད་བར་གྱི་མི་གཟུགས་ཐུང་ཞིག་གི་ཚད་ལྟ་བུར་སྣང་བ་དང་། འགྱུར་གྱི་ཚིག་གི་ནུས་པ་བཏོན་ནས་ཉིས་འགྱུར་གྱིས་བརྩིས་ན་མདོའི་དགོངས་པ་དང་ཅུང་མཐུན་སྙམ་སྟེ། གཤམ་དུ་ང་ཚོས་སྐུ་ཞབས་ལིས་ཞོ་མིན་གྱི་སྤྱི་འགྲོས་བེད་སྤྱད་དེ་བརྩི་བར་བྱའོ།།

སྐུ་ཞབས་ལིས་ཞོ་མིན་གྱིས་གཟུགས་ཚདYགྱི་མཚོན་པར་བྱེད་པ་དང་། མིའི་རྐང་པའི་སྲིད་དང་ཞེང་ནིXཡིས་མཚོན་པར་བྱེད་ཀྱི་ཡོད་དེ། རྐང་བའི་སྲིད་ཞེང་གི་ཚད་ལས་གཟུགས་ཚད་བརྟག་པ་འདི་ལ་ཕོ་མོ་གཉིས་དབར་ཅུང་ཁྱད་པར་ཡོད་མོད་མ་གཞི་གཅིག་ལྟ་བུར་ཆགས་མི་འདུག་པའང་མེད། སྐྱེས་པའི་རྐང་བའི་སྲིད་ཞེང་གི་གཟུགས་ཚད་བརྟག་ཚུལ་སྤྱི་འགྲོས་མི་འདྲ་གཉིས་འདུག་སྟེ། སྲིད་ལ་བརྟེན་ནས་གཟུགས་ཚད་དཔག་པའི་ཚོད་རྩིས་ཀྱི་སྤྱི་འགྲོས་ནི y=93.55+3.26x ཡིན་པ་དང་། ཞེང་ལ་བརྟེན་ནས་གཟུགས་ཚད་དཔག་པའི་ཚོད་རྩིས་ཀྱི་སྤྱི་འགྲོས་ནི y=130.79+4.18x ཡིན། བུད་མེད་ནི y=130.53+1.41x དང y=137.99+2.72x སྤྱི་འགྲོས་གཏན་འཁེལ་གནང་ཡོད་ཅིང་།སྤྱི་འགྲོས་སུ་ཚབ་ཞུགས་བྱེད་པ་ལ་ཐོག་མར་སངས་རྒྱས་ཀྱི་ཞབས་མཐིལ་གྱི་སྲིད་དང་ཞེང་ཚད་ལ་ཤེས་རྟོགས་དགོས་པ་ནི་མ་མཐའི་ཆ་རྐྱེན་དུ་གྲུབ་ཡོད་པས། ཐོག་མར་སངས་རྒྱས་ཀྱི་ཞབས་མཐིལ་གྱི་སྲིད་ཞེང་གི་ཚད་ལི་སྨིར་ཕབ་ན་སྲིད་དུ་ལི་སྨི 19.425cm[21]ཡོད་པ་དང་། ཞེང་དུ་ལི་སྨི7.28cm ཡོད། ཉིས་འགྱུར་གྱི་དབང་དུ་བྱས་ཚེ་སྲིད་དུ་ལི་སྨི 38.85 cmདང་ཞེང་དུ་ལི་སྨི14.56cm ཡོད། སྲིད་དུ་ལི་སྨི19.425cm དང་ཞེང་དུ་ལི་སྨི7.28cm ལྟར་བརྩིས་ན་སངས་རྒྱས་ཀྱི་སྐུ་ཚད་ནི་ལི་སྨི y=156.88cm དང་ལི་སྨི y=159cm སྟེ་ཧ་ལམ་གྱི་སྐུའི་གཟུགས་ཚད་ནི་ལི་སྨི y=158cm ཡས་མས་ཡིན་ཏེ། གཟུགས་ཚད་འདི་ནི་ད་བར་གྱི་མིའི་གཟུགས་ཚད་འབྲིང་གི་ཐ་མ་ལྟ་བུར་ཆགས་འདུག་པས་ཡིད་མི་ཆེས་པ་ཞིག་རེད་དོ།།

མདོ་ལས། སངས་རྒྱས་བཅོམ་ལྡན་འདས་ཀུན་ནས་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེའི་ཚེ་ཚད་ནི་ལོ་བྱེ་བ་ཕྲག་བརྒྱ་སྟོང་དུ་གྱུར་ཏོ།། དེའི་ཉན་ཐོས་འདུས་པ་ཆེན་པོ་ནི་བྱེ་བ་ཕྲག་དུང་ཕྱུར་ཡོངས་སུ་ཚང་བར་གྱུར་ཏོ།། དེའི་ཚེ་མི་དེ་དག་གི་ལུས་ནི་ཁྲུ་དགུ་བཅུ་རྩ་དགུ་ཡོད་དོ།། བཅོམ་ལྡན་འདས་ཀྱི་སྐུ་ལ་ནི་ཁྲུ་ཕལ་པ་དེའི་ཉིས་འགྱུར་ཡོད་དོ།།[22] ཞེས་སངས་རྒྱས་བཅོམ་ལྡན་འདས་ཀུན་ནས་འོད་ཀྱི་སྐུ་ལ་ནི་ཁྲུ་ཕལ་བ་ཉིས་འགྱུར་ཡོད་པ་བཞིན་དུ་རྒྱལ་བ་ཤཱཀྱ་ཐུབ་པའི་ཁྲུ་ལའང་ཚེ་ལོ་བརྒྱ་བའི་འཛམ་བུའི་གླིང་གི་མིའི་ཁྲི་ཕལ་བ་ཉིས་འགྱུར་ཡོད་པ་ནི་གོང་དུ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་དྲངས་དང་ཡང་མཐུན་སྙམ་མོ།། ཉིས་འགྱུར་གྱི་དབང་དུ་བྱས་ནས་བརྩིས་ན། སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ཚད་ནི་ལི་སྨི y= 313.76cm དང་ལི་སྨི y=318cmཡིན་པ་དང་། ཚོད་བརྩིས་ཀྱི་སྐུའི་གཟུགས་ཚད་ནི་ཧ་ལམ་ལི་སྨི y=314cm ཡོད་དོ།།

2.མྱ་ངན་མེད་ཀྱི་རང་གི་ཞབས་རྗེས་ལས་བརྟག་པ།

མྱ་ངན་མེད་ནི་སྤྱི་ལོ་སྔོན་གྱི་དུས་རབས་བཞི་པ་ཙམ་ལ་ཁྲིར་བཞུགས་པའི་གནའ་བོའི་རྒྱ་གར་ཀྱི་ཆོས་ཀྱི་རྒྱལ་བོ་ཞིག་ཡིན།  རྒྱ་གར་གྱི་ལྟ་གྲུབ་སྨྲ་བའི་སློབ་དཔོན་ཆེན་མོ་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བ་ལས་གསུངས་ཚུལ་ལྟར་སྟག་ཚང་ལོ་ཙཱ་བས། རྒྱལ་བ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ན་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་ས།གྲོང་ཁྱེར་མེ་ཏོག་རྒྱས་པར། དགེ་འདུན་འཁྲུག་ལོང་ལ་བརྟེན་ནས་ཕལ་ཆེན་པ་དང་གནས་བརྟན་པ་གཉིས་སུ་གྱེས[23]ཞེས་བཤད་པ་ལྟར་ན། ཁོང་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སུམ་ཅུ་བཞི་བཅུ་ཡས་མས་སུ་བྱོན་ཅིང་། སྤྱི་ལོ་སྔོན་གྱི་དུས་རབ་བཞི་བའི་མི་ཡིན་འདུག (འདི་ནི་ཡོངས་གྲགས་སུ་ཁས་ལེན་པའི་གནས་བརྟན་སྡེ་བའི་ལུགས་གཞིར་བཞག་སྟེ་བརྩིས་པ་ཡིན། རྒྱའི་མཁས་པ་ཁ་ཤས་ཀྱིས་སྤྱི་ལོ་སྔོན་གྱི་ལོ 303 དང ལོ273 དུ་སྐྱེས་པ་ཡིན་པར་བཤད་པ་ཡོད་མོད། ངས་ནི་ལེགས་ལྡན་གྱི་ལུགས་ལྟར་དུ་ཁས་ལེན་བཟུང་ན་འདོད། ) ལྷག་དོན་ཁོང་ནི་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་ལ་ཕྱག་རོགས་བླ་མེད་ཞུས་གནང་མཁན་ཞིག་རེད་འདུག  སྐབས་དེར་ཁོང་གིས་གཙུག་ལག་ཁང་དང་མཆོད་རྟེན་བཞེངས་པའང་མང་པོ་ཡོད་སྐད་དོ།།

དུས་རབས་ཉེར་གཅིག་པའི་མི་ཞིག་གིས་ལོ་ངོ་ཉིས་སྟོང་སུམ་ལྔ་བརྒྱ་དྲུག་བརྒྱ་ཡས་མས་ཀྱི་རིག་གནས་ཀྱི་ཁོར་ཡུག་ཅིག་ལ་རྟོག་ཞིབ་བྱེད་དགོས་ཚེ་ཁྱོན་ནས་ལས་སླ་བོ་ཞིག་མ་རེད་ལ། ལས་སླ་བོ་ཞིག་མ་རེད་ཅིས་རང་སོར་བཞག་ནའང་འོས་ཤིང་འཚམས་པ་ཞིག་མ་རེད་སྙམ་མོ།། འོ་ན་ང་ཚོ་ཇི་ལྟར་རྟོག་ཞིབ་བྱེད་དགོས་ཞེ་ན། ལོ་རྒྱུས་ཀྱི་དཔང་པོ་ལ་བརྟེན་རྒྱུ་ཤིན་ཏུ་གལ་ཆེན་དུ་གྲུབ་ཡོད། ཡིན་ནའང་། གནའ་བོའི་རྒྱ་གར་གྱི་ཁོར་ཡུག་ཆགས་རིམ་དང་ལོ་རྒྱུས་གྲུབ་ཚུལ་ལ་ཡང་དག་པའི་དཔང་བོ་འདི་ཞེས་པ་ཞིག་རྒྱ་གར་རང་ནའང་རྙེད་དཀའ་བས། སྤྱི་ལོ་དུས་རབས་བདུན་པའི་སྐབས་སུ་བྱོན་མྱོང་བའི་ཐང་གུར་གྱི་དགེ་སློང་ཟན་ཙང་དང་པེན་ཅིས་བརྩམས་པའི 《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག》ནང་བཀོད་པ་སངས་རྒྱས་ཀྱི་ཞབས་ཚད་བརྟག་གཞིར་བཟུང་སྟེ་རྟོག་མི་བྱ་ག་མེད་དུ་གྱུར་སོང་།  གཤམ་ནས་རྟོག་ཞིབ་དངོས་ཀྱི་སྐབས་སུ་ངས《རྒྱ་གར་ཞིང་གི་དཀར་ཆག》ཅེས་དེབ་མིང་སྟབས་བདེར་སྤྱོད་རྒྱུ་ཡིན།

《རྒྱ་གར་ཞིང་གི་དཀར་ཆག》ཏུ། དེའི(ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་རང་བསྲེལ་མཆོད་རྟེན)མཐའ་ལོགས་སུ་མི་རིང་བར་དྲི་གཙང་ཁང་ཆེན་པོའི་ནང་དུ་རྡོ་ཆེན་པོ་ཞིག་ལ་བཅོམ་ལྡན་འདས་ཀྱི་ཞབས་ཟུང་གི་རྗེས་ཡོད་པའི་ཚད་ནི་དཀྱུས་སུ་ཁྲུ་གང་དང་ཚོན་བརྒྱད། ཞེངས་སུ(ཞེང་དུ)ཚོན་དྲུག་ལྷག་ཙམ། ཞབས་མཐིལ་གཉིས་ལ་འཁོར་ལོའི་རི་མོ་དང་། སོར་མོ་བཅུ་ལ་མེ་ཏོག་གི་རི་མོར་འདྲེས་པའི་ཉ་དང་དུང་ལ་སོགས་པའི་བཀྲ་ཤིས་པའི་རི་མོ་འབུར་དུ་དོད་པ་འོད་འཚེར་བ་ཞིག་འདུག་གོ།[24]ཅེས་པ་ནི་སྐབས་འདིའི་དཔྱད་གཞིའི་རྒྱུ་ཆར་བླངས་ཡོད།  ཡིན་ནའང་། ང་ཚོས་ཡིག་ཆར་བཀོད་པ་ལྟར་དུ་སོར་བཞག་གིས་བརྩིས་ན་ཐོབ་འབྲས་ཡང་དག་པ་ཞིག་འཁྱོངས་མིན་དོགས་པ་ཆེ་བས། ཐོག་མར་གནའ་བོའི་ཐང་གི་སྐབས་ཀྱི་འཇལ་བྱེད་ཀྱི་ཚད་ལ་རྟོགས་འཇུག་བྱ་རྒྱུ་ནི་གལ་ཆེན་རེད་སྙམ། རྒྱུ་མཚན་ཐང་ཟན་ཙང་ནི་གནའ་བོའི་ཐང་རྒྱལ་བོའི་ཁབ་ཀྱི་དགེ་སློང་ཞིག་ཡིན་ལ《རྒྱ་གར་ཞིང་གི་དཀར་ཆག》ནང་གི་སངས་རྒྱས་ཀྱི་ཞབས་རྗེས་དངོས་སུ་ཚད་འཇལ་མཁན་ཡང་ཁོ་རང་ཆགས་ཡོད་པས་སོ།།

གནའ་བོའི་ཐང་དང་འབྲེལ་བའི་འཇལ་བྱེད་ཀྱི་ཚད་ནི 《ཐང་ཡིག་རྙིང་མ་ལས་ལྟོ་གོས་ཀྱི་སྐོར་སྟོད་མ》(旧唐书. 食货上)དང《ཐང་གི་གཞུང་དྲུག་ལས་ཧྲང་ཧྲུའུ་མཛོད་སྡེའི་སྐོར》(唐六典.尚书户部)གྱི་དེབ་ལས་ཐོན་པའི་རྩིས་ཐབས་ལས་དབྱེ་ཞིབ་བྱ་རྒྱུ་ཡིན། 《ཐང་ཡིག་རྙིང་མ་ལས་ལྟོ་གོས་ཀྱི་སྐོར་སྟོད་མ》ལས། སྤྱི་བཏང་གི་ཚད་འཇལ་ལུགས་ཀྱི་གཞི་འཛིན་ས་ནི། བྱང་ཕྱོགས་ཀྱི་ཁྲེ་རྒོད་འབྲིང་བ་གཅིག་གི་ཚད་ལ་ཧྥུན་དང་། ཧྥུན་བཅུ་ལ་ཚུན་གང་། ཚུན་བཅུ་ལ་ཁྲི་གང་། ཁྲི་བཅུ་ལ་ཀྲང་གཅིག(凡权衡度量之制:度,以北方柜黍中者一黍之广为分,十分为寸,十寸为尺,十尺为丈)   ཞེས་དང་། ཡང་ཧྲན་ཏུང་ཀྲུའུ་ཁུལ་ཏུ། ཁྲི་གང་དང་ཚུན་དོ་ལ་ཁྲིན་ཆེན་གཅིག་ཅེས་བཀོད་སྤྱོད་བྱེད་ཀྱིན་ཡོད།(又山东诸州,以一尺二寸为大尺,人间行用之)ཅེས་རིང་ཚད་འཇལ་བའི་རྩིས་གཞིས་གཏན་ལ་ཕབ་འདུག་པ་དང་། 《ཐང་གི་གཞུང་དྲུག་ལས་ཧྲང་ཧྲུའུ་མཛོད་སྡེའི་སྐོར》ལས། ཚད་འཇལ་ལུགས་ནི། བྱང་ཕྱོགས་ཀྱི་ཁྲེ་རྒོད་འབྲིང་བ་གི་ཚད་ལ་ཧྥུན་དང་། ཧྥུན་བཅུ་ལ་ཚུན་གང་། ཚུན་བཅུ་ལ་ཁྲི་གང་དང་། ཁྲི་གང་ཚུན་དོ་ལ་ཁྲི་ཆེན་གཅིག …ཕྱི་ནང་གི་གཏུག་བཤེར་གྱི་སྐབས་སུ་བྱེད་ཀིན་ཡོད།(凡度,以北方黍中者一黍之广为分,十分为寸,十寸为尺,一尺二寸为大尺,…内外官司,悉用大者)ཅེས་བྱུང་བ་ལྟར་རོ།།

སྤྱིར་ན། གནའ་བོའི་རྒྱ་ནག་གི་ཧན(汉)དང་། རྒྱལ་ཁབ་གསུམ(三国)དང་། ཅིན་ནུབ་མ(西晋)དང་། ཅིན་ཤར་མ(东晋)དང་། ནུབ་བྱང་རྒྱལ་རབས(南北朝)དང་། ཐང(唐)དང་། སུང(宋)སོགས་ཀྱི་རང་གི་རིང་ཚད་འཇལ་བའི་རྩིས་གཞི་ལ་ཅུང་ཟད་མི་མཐུན་པ་ཡོད། ཡིན་ཡང་། འདིར་ཐང་རྒྱལ་རབས་སྐབས་ཀྱི་འཇལ་བྱེད་གཞིར་བཞག་གིས་རྟོག་ཞིབ་བྱ་དགོས་ཤིང་། 《རྒྱ་ནག་གི་རྒྱལ་རབས་རིམ་བྱུང་གི་འཇལ་ལུགས་རིམ་འགྱུར་ཚད་ལེན་སྟབས་བདེ་རེའུ་མིག》(中国历代度制演变测算表)ཅེས་པར་ཀྲང་གཅིག་ལ་ལི་སྨི300cmདང། ཁྲི་གང་ལ་ལི་སྨི30cmདང་། ཚུན་གང་ལ་ལི་སྨི3cmདང་། ཧྥུན་གང་ལ་ལི་སྨི0.3cmལྟར་ལི་སྨི་ལ་ཕབ་བསྒྱུར་བཏང་ཡོད།  གནའ་བོའི་ཐང་དང་དེང་རབས་རྩིས་གཞི་ཕབ་བསྒྱུར་ལྟར་ན་ཐང་ཟན་ཙང་གི་ཚད་འཇལ་གནང་བའི་ཆོས་རྒྱལ་མྱ་ངན་མེད་ཀྱི་རང་གི་མཆོད་རྟེན་དེ་ལས་མཐོང་བའི་དེ་བཞིན་གཤེགས་པའི་ཞབས་དཀྱུས་ཀྱི་ཚད་ནི་ལི་སྨི54cm(1.8×30=54cm)དང་། ཞེང་དུ་ལི་སྨི18cm(0.6×30≦18cm)ཡོད། སྐུ་ཞབས་ལིས་ཞོ་མིན(礼笑明)གྱི་སྤྱི་འགྲོས་སྤྱད་དེ་བརྩིས་ན། y ཡིས་གཟུགས་ཀྱི་རིང་ཚད་མཚོན་པ་དང་། x ཡིས་ཞབས་ཀྱི་དཀྱུས་དང་ཞེང་མཚོན་པ་ནི་གོང་དུ་བཤད་ཟིན་པ་ལྟར་རོ།།  སྐུ་ཞབས་ལིས་ཞོ་མིན་གྱི་སྤྱི་འགྲོས་ལ་བརྟེན་ནས་སྐུའི་གཟུགས་ཚད་བརྩི་བ་ལ་ཞབས་ཀྱི་དཀྱུས་དང་ཞེང་གི་ཚད་གཉིས་རེ་རེ་ལ་བརྟེན་ནས་བརྩི་དགོས་ཤིང་དེ་གཉིས་བར་དུའང་ཅུང་ཟད་མི་མཚུངས་པའི་སྣང་ཚུལ་འབྱུང་སྲིད་པ་ཡིན། དཔེར་ན། y=93.55+3.26×54=269.59cm དང་།y=130.79+4.18×18=206.03cm ལྟ་བུ་རེད། སྲིད་ཞེང་ནས་བརྟག་པའི་སངས་རྒྱས་ཀྱི་སྐུའི་གཟུགས་ཚད་འདི་ནི་ཞབས་ཀྱི་སྲིད་ཞེང་གི་ལྡབ་གྲངས་ཀྱི་བར་ཁྱད་ལས་བྱུང་བ་ཞིག་ཡིན་ལ། སྤྱིར་བཏང་གི་མི་ཕལ་བ་ལས་ཞབས་ཀྱི་ཞེང་ཁ་ཆེ་བས་ཅུང་ཚད་ལྡན་མིན་པའི་བརྩིས་འབྲས་ཤིག་ཐོབ་འདུག  ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་ཐང་གི་དགེ་སློང་ཟན་ཙང་གིས་མཐོང་བའི་ཞབས་རྗེས་འདི་ནི་སངས་རྒྱས་ཀྱི་ཞབས་རྗེས་དངོས་ཡིན་ནམ། ཡང་ན་སངས་རྒྱས་དགོངས་ལོ་ག་ཚོད་དུས་ཀྱི་ཞབས་རྗེས་ཡིན་ནམ།

གསུམ།  འོལ་ཚོད་ཀྱིས་དཔག་ཚད་གཏན་ལ་འབེབས་པ།

ངས་གོང་ནས་སངས་རྒྱས་ཀྱི་མདོ་གཞུང་གཅིག་གཉིས་རེ་དང་ཐང་ཟན་ཙང་གི་རྒྱ་གར་ཞིང་གི་གནས་ཡིག་ལས་བྱུང་དེ་བཞིན་གཤེགས་པའི་ཞབས་རྗེས་ཀྱི་ཚད་གཉིས་གཞིར་བཟུང་སྟེ་རྟོག་ཞིབ་ཅུང་ཟད་བྱས་ཡོད་མོད། བདག་གིས་རྟོག་ཞིབ་ཀྱི་གཞི་འཛིན་ས་འདི་གཉིས་མཐའ་གཅིག་ཏུ་བདེན་པའི་ངེས་པ་མ་མཆིས་མོད། ཕྱི་རབས་པའི་རིག་གཞུང་ཉམས་ཞིབ་པ་ཚོར་རྟ་ལ་དཀྱུ་ས་སྟོན་པ་ནང་བཞིན་དུ་ཞིབ་འཇུག་བྱེད་ཐབས་ཀྱི་ཁ་ཕྱོགས་ཙམ་སྟོན་པའི་ཆེད་དུ་མ་གཏོགས། ད་དུང་ཞིབ་འཇུག་གི་གཞི་འཛིན་ས་དང་བྱེད་ཐབས་སྣ་ཚོགས་གཞི་གྲུབ་སྲིད་པ་ཞིག་གོ།

ད་དུང་བདག་གིས་གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པའི་སློབ་དཔོན་དབྱིག་གཉེན་དང་ལྷན་དུ་མངོན་པ་མཛོད་ལས་བྱུང་བའི་དཔག་ཚད་ཀྱི་ཚད་གཞི་གཏན་ཕབ་བྱེད་ཐུབ་མེད་པས་མུ་མཐུད་དུ་རྟོག་ཞིབ་བྱ་དགོས་བྱུང་། གོང་ནས་བརྟག་པའི་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་ཚད་ལ་ཐོབ་འབྲས་མི་འདྲ་བཞི་བྱུང་འདུག་ལ། གཉིས་ནི་ཞབས་ཀྱི་དཀྱུས་ཚད་ལས་ཐོབ་པའི་བརྟག་འབྲས་ཡིན་ཞིང་གཞན་གཉིས་ནི་ཞབས་ཀྱི་ཞེང་ཚད་ལས་ཐོབ་པའི་བརྟག་འབྲས་ཡིན་པ་རེད། མདོ་ལས་བྱུང་བའི་སངས་རྒྱས་ཀྱི་སྐུའི་ཚད་བརྟག་པའི་ཐོབ་འབྲས་ནི་ཧ་ལམ་ལི་སྨི 314cm ཆགས་འདུག་པ་ནི་གོང་གི་བརྩིས་ཐོབ་ལས་གསལ་བོ་ཤེས་ཐུབ། བརྟག་འབྲས་འདི་ནི་ངས་སྐབས་འདིར་དཔག་ཚད་གཏན་ལ་དབབ་བྱེད་ཀྱི་གཞི་འཛིན་གྲངས་ཀྱང་ཡིན་ཞེས་བཤད་ཆོག   ཅིའི་ཕྱིར་ཞེ་ན། སྤྱིར་ན་ངས་སྐབས་འདིའི་ཉམས་ཞིབ་ནི་བརྟག་གཞི་གཉིས་བཟུང་སྟེ་ཞིབ་འཇུག་བྱས་ཡོད་མོད། ཐང་གི་དགེ་སློང་ཟན་ཙང་གིས《རྒྱ་གར་ཞིང་གི་དཀར་ཆག》ཏུ་བཀོད་པའི་ཞབས་རྗེས་དེ་ནི་མྱ་ངན་མེད་ཀྱི་རང་དུ་བཞེངས་པའི་མཆོད་རྟེན་གྱི་ཞབས་རྗེས་ཡིན་མིན་ད་དུང་བརྟག་དགོས་པའི་གནས་སུ་གྱུར་ལ། མ་ཟད། ཞབས་རྗེས་དེ་ཡང་དེ་བཞིན་གཤེགས་པ་སྐུ་དངོས་ཀྱི་ཞབས་རྗེས་ཡིན་མིན་ལའང་དོགས་པ་སྐྱེས་པ་ཞིག་རེད།  དེས་ན་བདག་གིས་ནི་མདོ་ལས་བྱུང་བའི་དེ་བཞིན་གཤེགས་པའི་སྐུ་ཚད་ཀྱི་བརྟག་དོན་གྱི་གྲུབ་གནས་རང་ལ་བརྟེན་ནས་དཔག་ཚད་གཏན་ལ་དབབ་རྒྱུ་ཡིན། (སངས་རྒྱས་དགོངས་གྲངས་ག་ཚོད་ཀྱི་ཚད་ཡིན་པ་ནི་ད་དུང་བརྟག་རྒྱུར་ལུས་ཡོད་པས་དུས་སྐལ་བྱུང་ཚེ་གཞན་ནས་བརྟག་པར་བྱའོ།།)

《བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མེད་འོད་ཅེས་བྱ་བ》འི་མདོ་ལས་བྱུང་བའི་སངས་རྒྱས་ཀྱི་ལ་བརྟེན་ནས་བརྟག་ན་དེ་བཞིན་གཤེགས་པའི་སྐུའི་ཚད་ནི་ཧ་ལམ་ལི་སྨི 314cm ཡིན་ཞིང་། སངས་རྒྱས་ཀྱི་སྐུའི་ཚད་ཇི་ལྟ་བུ་ཡིན་པ་དེ་ལྟར་དུ་འདོམ་གྱི་ཚད་ཀྱང་ཡིན་པ་མདོའི་དགོངས་པ་ཡིན་ཏེ། མདོ་ལས། དེ་ལྟར་ཕྱེད་དང་བཅས་པའི་སོར་དྲུག་བཅུ(ཅུ)རྩ་གཉིས་ཏེ་གཡོན་ལ་ཇི་ལྟ་བ་དེ་བཞིན་དུ་གཡས་པ་ལ་ཡང་ངོ་།། ཐམས་ཅད་དུ་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་གཅིག་ནི་སྐུའི་ཚད་དེ་གྲུ་བཞིའོ།།[25]ཞེས་དེ་བཞིན་གཤེགས་པའི་སྐུའི་གཡས་གཡོན་དང་སྟེང་འོག་གི་ཚད་ནི་མཉམ་པོར་གནས་པའི་གྲུ་བཞི་ཡིན་པར་གསུངས་པས་སྐུའི་ཚད་གྲུ་བཞི་ནི་སངས་རྒྱས་རྣམས་ཀྱི་སྐུའི་ཚད་ཀྱི་ཁྱད་ཆོས་སུ་གྲུབ་བོ།།  དེས་ན་སངས་རྒྱས་ཀྱི་འདོམ་གང་གི་རིང་ཚད་ཀྱང་ལི་སྨི 314cm ལ་བརྩི་དགོས་པས་ང་ཚོས་ཀྱང་རྩི་གཞི་འདི་ལྟར་དཔག་ཚད་བརྩིས་ན་ཆོག་སྙམ།

གཤམ་ནས་དཔག་ཚད་དེང་རབས་ཀྱི་རྩིས་གཞིར་ཕབ་ན་འདི་ལྟ་སྟེ།

རྒྱང་གྲགས:314cm×500=15700cm÷100=1570m÷1000=1.57km

དཔག་ཚད:1.57km×8=12.56km

གཞི་འདོམ་ལྔ་བརྒྱར་རྒྱང་གྲགས་གཅིག་དང་། རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་གི་རྩིས་གཞི་ལྟར་དེང་རབས་ཀྱི་རྒྱལ་སྤྱིའི་ཚད་འཇལ་རྩིས་གཞིར་ཕབ་ན་རྒྱང་གྲགས་གཅིག་ལ་སྤྱི་ལེ 1.57kmདང་། དཔག་ཚད་གཅིག་ལ་སྤྱི་ལེ12.56km ཡིན།(འདི་ནི་རོབ་བརྩིས་བརྒྱབ་པ་ཙམ་ཡིན་པས་ཡང་དག་ཡིན་མིན་ལ་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་ད་དུང་དཔྱད་རྒྱུ་གལ།)

འདི་ལྟར་དབྱིག་གཉེན་གྱི་མངོན་པ་མཛོད་ལས་བྱུང་བའི། སྐད་ཅིག་ཕྲ་རབ་རྡུལ་དང་ནི།། རྡུལ་ཕྲན་དང་ནི་དེ་བཞིན་དུ།།ལྕགས་ཆུ་རི་བོང་ལུག་དང་གླང་།།ཉི་ཟེར་རྡུལ་དང་སྲོ་མ་དང་།། དེ་ལས་བྱུང་དང་དེ་བཞིན་དུ།། སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར།། སོར་མོ་ཉི་ཤུ་བཞི་ལ་ཁྲུ།། ཁྲུ་བཞི་ལ་ནི་གཞུ་གང་ངོ་།། དེ་དག་ལྔ་བརྒྱ་རྣམས་ལ་ནི།། རྒྱང་གྲགས་དེ་ལ་དགོན་པར་འདོད།། དེ་བརྒྱད་དཔག་ཚད་ཅེས་བྱའོ།།[26]ཞེས་བདུན་བསྒྱུར་གྱི་གྲངས་དང་། རྒྱ་ཆེར་རོལ་བའི་མདོ་ལས་བྱུང་བའི། བྱང་ཆུབ་སེམས་དཔས་སྨྲས་པ། རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲ་མོ་གཅིག་གོ། རྡུལ་ཕྲན་མོ་བདུན་ལ་ནི་རྡུལ་ཆུང་ངུ་གཅིག་གོ།། རྡུལ་ཆུང་ངུ་བདུན་ལ་ནི་ཉི་ཟེར་གྱི་རྡུལ་གཅིག་གོ། ཉི་ཟེར་གྱི་རྡུལ་བདུན་ལ་ནི་རི་བོང་རྡུལ་གཅིག་གོ། རི་བོང་རྡུལ་བདུན་ལ་ནི་ལུག་རྡུལ་གཅིག་གོ། ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག་གོ། གླིང་རྡུལ་བདུན་ལ་ནི་སྲོ་མ་གཅིག་གོ། ཡུངས་འབྲུ་བདུན་ལ་ནི་ནས་གཅིག་གོ། ནས་བདུན་ལ་ནི་སོར་གཅིག་གོ། སོར་བཅུ་གཉིས་ལ་ནི་མཐོ་གང་ངོ་།། མཐོ་དོ་ལ་ནི་ཁྲུ་གང་ངོ་།། ཁྲུ་བཞི་ལ་ནི་གཞུ་གང་ངོ་།། གཞུ་སྟོང་ལ་ནི་ཡུལ་མ་ག་ངྷའི་རྒྱང་གྲགས་གཅིག་གོ། རྒྱང་གྲགས་བཞི་ལ་ནི་དཔག་ཚད་གཅིག་གོ།།[27]ཞེས་པའི་སྐབས་སུ་གཞུ་སྟོང་ལ་ཡུལ་མ་ག་དྷའི་རྒྱང་གྲགས་གཅིག་དང་། རྒྱང་གྲགས་བཞི་ལ་དཔག་ཚད་གཅིག་ཏུ་བརྩིས་པའི་དཔག་ཚད་ཀྱི་ཚད་ནི་གཅིག་པ་ཡིན་ཏེ། གཉིས་ཀའང་སྤྱི་ལེ 12.56km ཡིན་ནོ།།

དུས་འཁོར་ནས་གསུངས་པའི་དཔག་ཚད་ཀྱི་ཚད་ནི་མངོན་པ་ལས་བྱུང་བའི་དཔག་ཚད་ཀྱི་ལྡབ་ཉིས་འགྱུར་ཡིན་ཏེ། དཔག་ཚད་གཅིག་ལ་སྤྱི་ལེ 25.12km ཡིན། རྒྱུ་མཚན་ནི་མཐའ་གཅིག་ཏུ་འདི་ཞེས་བཤད་དཀའ་མོད་ཀྱང་། མདོ་ལུང་དང་བསྟུན་ནས་བརྩིས་པའི་ཐོབ་གྲངས་ནི་མངོན་པ་ལས་བཤད་པའི་དཔག་ཚད་ཀྱི་ལྡབ་གཉིས་ཡིན།  དུས་འཁོར་བསྡུས་རྒྱུད་ལས། ཕྲ་རབ་བརྒྱད་རྣམས་དག་གིས་ཕྲ་མོ་འདི་གཅིག་ཕྲ་མོ་བརྒྱད་ཀྱིས་སྐྲ་ཡི་རྩེ་མོ་ཕྲ་སྟེ།། འདི་རྣམས་ཀྱི་སྐེ་ཚེ(སྐྲ་རྩེ་ཟླུམ་པོ་བརྒྱད་ཕྲེང་བར་བརྩེགས་པ་ནི་སྐེ་ཚེའི་ཚད)ཤིག་དང་ནས་ཏེ་ལྟོ་འགྲོ(གྲངས་བརྒྱད་ཀྱི་དོན)ནས་ཀྱིས་སོར་ཏེ་སོར་མོ་ཉི་མ(གྲངས་བཅུ་གཉིས་ཀྱི་མངོན་བརྗོད)ནི།། ཟུང་གི་ཁྲུའོ་ཁྲུ་བཞིས་གཞུ་སྟེ་འདིར་ནི་སྟོང་ཕྲག་གཉིས་ཀྱི་གཞུ་ཡིས་རྒྱང་གྲགས་དག་ཏུ་འགྱུར།། རྒྱང་གྲགས་བཞི་རྣམས་དག་གིས་དཔག་ཚད་དེ་ཡིས་ལྷ་ཡུལ་ས་དང་ནམ་མཁའ་དག་ལ་ཚད་ཡིན་ནོ།།[28] ཞེས་གསུངས་པ་གཞིར་བྱས་ཏེ་རྟོག་ཞིབ་བྱས་ཚེ། གཞུ་འདོམ་གང་གི་ཚད་ནི་གོང་ལྟར་ལི་སྨི 314cm རྩིས་གཞིར་བཟུང་སྟེ་བརྩིས་ན། རྒྱང་གྲགས་གཅིག་ལ་གོམ་པ 6280m དང་སྤྱི་ལེ 6,28km ཡོད་ལ། དཔག་ཚད་གཅིག་ལ་གོམ་པ 25120m དང་སྤྱི་ལེ 25.12km ཡོད་ཅིང་དེ་ནི་སློབ་དཔོན་དབྱིག་གཉེན་གྱི་རྩིས་ཚུལ་ལས་ལྡབ་གཉིས་ཀྱི་ཆེའོ།། མངོན་པ་མཛོད་ཀྱི་ལུགས་སམ་སློབ་དཔོན་དབྱིག་གཉེན་གྱི་ལུགས་ལ 25.12÷2=12.56km ཡིན་ནོ།།

བཞི།  ཞར་བྱུང་དུས་མཐའི་སྐད་ཅིག་མའི་ཚད་བརྟག་པ།

ཆོས་མངོན་པ་མཛོད་ལས།  སྐད་ཅིག་མ་བརྒྱ་ཉི་ཤུ་ལ།། དེ་ཡི་སྐད་ཅིག་དེ་དག་ཀྱང་།། དྲུག་ཅུ་ལ་ནི་ཐང་གཅིག་གོ། ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི།།   གོང་ནས་གོང་དུ་སུམ་ཅུར་འགྱུར།། [29]ཅེས་དང་། རང་འགྲེལ་ལས། གཟུགས་འགྲིབ་པའི་མཐའ་ནི་རྡུལ་ཕྲ་རབ་ཡིན་ནོ།། དུས་ཀྱི་མཐའ་ནི་སྐད་ཅིག་མའོ།། མིང་གི་མཐའ་ནི་ཡི་གེ་སྟེ། དཔེར་ན་བ་ལང་ཞེས་བྱ་བ་ལྟ་བུའོ།། ཡང་སྐད་ཅིག་མའི་ཚད་ནི་ཇི་ཙམ་ཞེ་ན། རྐྱེན་རྣམས་ཚོགས་ན་ཇི་སྲིད་དུ་ཆོས་ཀྱི་བདག་ཉིད་ཐོབ་པའམ། ཆོས་འགྲོ་བ་ནི་ཇི་སྲིད་དུ་རྡུལ་ཕྲ་རབ་ནས་རྡུལ་ཕྲ་རབ་གཞན་དུ་འགྲོ་བ་ཡིན་ནོ།། ཆོས་མངོན་པ་རྣམས་ན་རེ། སྐྱེས་བུ་སྟོབས་དང་ལྡན་པའི་སེ་གོལ་གཏོགས་པ་ཙམ་གྱིས་སྐད་ཅིག་མ་དྲུག་ཅུ་རྩ་ལྔ་འདའོ།།[30]ཞེས་བྱུང་ཞིང་། མཛོད་འགྲེལ་མཁན་པོ་དག་གིས་ནི། གཟུགས་ཀྱི་ཆུང་བའི་མཐའ་ནི་རྡུལ་ཕྲ་རབ་ཆ་མེད་དང་། མིང་གི་ཆུང་བའི་མཐའ་ནི་ཡི་གེ་དང་། དུས་ཀྱི་ཐུང་བའི་མཐའ་ཆ་མེད་ནི་དུས་མཐའི་སྐད་ཅིག་མར་འཇོག་ཅིང་། དེའི་ཡུན་ཚད་ནི། སྐྱེས་བུ་སྟོབས་ལྡན་གཅིག་གིས་སེ་གོལ་གཅིག་གཏོགས་པའི་ཡུན་ལ་ཆ་དྲུག་ཅུ་རེ་ལྔར་ཕྱེ་བའི་ཆ་གཅིག་ལ་དུས་མཐའི་སྐད་ཅིག་མར་འཇོག་ཅིང་། དུས་མཐའི་སྐད་ཅིག་མ་བརྒྱ་དང་ཉི་ཤུ་ལ་དེའི་སྐད་ཅིག་མ་གཅིག དེ་འདྲའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་ཅིག་དང་། ཐང་ཅིག་ད་ཙམ་སུམ་ཅུ་ལ་ཡུད་ཙམ་གཅིག      ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག་དང་། ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་ཏུ་འཇོག་པར་འགྲེལ་བ་གནང་གི་ཡོད་དོ།།

སྤྱིར་ན། ཉིན་ཞག་དང་ལོ་ཟླའི་ཚད་ནི་གྲུབ་མཐས་བློ་མ་བསྒྱུར་བའི་སེམས་ཅན་ངག་སྨྲ་ཤེས་པ་ཕལ་ཆེ་བས་རྟོགས་ཤིང་གོ་བ་ནི་ཀུན་ལ་མཐུན་སྣང་གྲུབ་བོ།། དེས་ན་འདིར་རྟོག་ཞིབ་ཀྱི་ཡུལ་ནི་ཉིན་ཞག་གཅིག་གི་ཚད་ལ་ད་ལྟའི་དུས་ཚོད་ཀྱི་རྩིས་གཞི་བྱས་ཏེ་ཆོས་མངོན་པ་མཛོད་ལས་བྱུང་བའི་དུས་མཐའི་སྐད་ཅིག་མའི་ཚད་ལ་བརྟག་རྒྱུ་དེ་ཡིན།  བརྟག་ཐབས་ནི་ཨང་རྩིས་རིག་པ་བེད་སྤྱད་དེ་སྟབས་བདེ་བཟོ་ཅི་ཐུབ་བྱ་རྒྱུ་ཡིན། གཤམ་དུ་ང་ཚོས་ཉིན་ཞག་གཅིག་གི་ཡུན་ལ་སའི་གོ་ལའི་རང་བསྐོར་གྱི་ཚད་དང་བསྟུན་ནས་ཆུ་ཚོད་ཉེར་གསུམ་དང་སྐར་མ་ང་དྲུག་དང་སྐར་ཆ་བཞི (23:56:04)གཞིར་བཟུང་སྟེ་རྩིས་རྒྱག་རྒྱུ་ཡིན། ཉིན་ཞག་གཅིག་གི་ཚད་ནི་དུས་ཚོད་སྐར་ཆ 86164 ཡིན།
རྩིས་ཐབས་སྤྱད་ན།
23×60×60+56×60+4
﹦82800+3360+4
﹦86164(སྐར་ཆ)

གོང་ནས་ཉིན་ཞག་གཅིག་གི་ཡུན་ཚད་ནི་ང་ཚོས་སྐར་ཆ 86164 ལ་གཏན་འཁེལ་ཚར་བ་ཡིན། གཤམ་ནས་རིམ་གྱིས་ཡུད་ཙམ་གཅིག་དང་ཐང་ཅིག་རེ་ནས་བརྩི་བར་བྱ་སྟེ།   རྩིས་གཞི་ཉིན་ཞག་གཅིག་ལ་ཡིད་ཙམ་སུམ་ཅུའི་ཆར་གཞིར་བཞག་སྟེ་རྩིས་ལ་ཡུད་ཙམ་གཅིག་གི་ཚད་ལ་དུས་ཚོད་སྐར་ཆ 2872.13 3 ཡོད་པ་དེ་ཤེས་ཐུབ་ལ།  ཐང་ཅིག་གི་ཡུན་ཚད་ལ་དུས་ཚོད་སྐར་ཆ 95.738 ཡོད་པ་དེ་ཤེས་ཐུབ་བོ།།
རྩིས་ཐབས་སྤྱད་ན།
86164÷30﹦2872.13333
≈2872.133(སྐར་ཆ)

2872.13333÷30﹦95.7377778
≈95.738(སྐར་ཆ)

ཡུད་ཙམ་གྱི་ཚད་དང་ཐང་ཅིག་གི་ཚད་ནི་དེ་ལྟར་ཡིན་ན། འོ་ན་སྐད་ཅིག་མའི་ཚད་ནི་གང་ཡིན་ཞེ་ན། དེ་ཡང་གོང་གི་རྩིས་ཐབས་དང་གཅིག་པ་ཡིན་ཏེ། ཐང་ཅིག་གི་དྲུག་ཅུ་ཆའི་ཡིན་ཏེ། དུས་ཚོད་སྐར་ཆ་ནི1.596 ཡིན་ནོ།།
རྩིས་ཐབས་སྤྱད་ན།
95.7377778÷60﹦1.59562963
≈1.596(སྐར་ཆ)

ཉིན་ཞག་དང་ཡུད་ཙམ། ཐང་ཅིག་དང་སྐད་ཅིག་མའི་ཚད་ནི་ང་ཚོས་གོང་ནས་བརྩིས་ཟིན་ལ། ད་ནི་ང་ཚོས་བརྩི་དགོས་པ་ནི་དུས་མཐའི་སྐད་ཅིག་མའི་ཡུན་ཚད་ཡིན། དུས་མཐའི་སྐད་ཅིག་ཡུན་ཚད་རྩིས་པའི་ཚེ་ན་སྐད་ཅིག་མའི་ཆ་བརྒྱ་དང་ཉི་ཤུ་གཅིག་ལ་རྩིས་གཞི་བྱས་བྱས་ཏེ་བརྩི་དགོས་པ་ཞིག་ཡིན།  སྐད་ཅིག་མའི་ཚད་དེ་བརྒྱ་དང་ཉི་ཤུའི་གྲངས་ཆ་གཅིག་ལ་ཕབ་ན་དུས་ཚོད་སྐར་ཆ 0.013 ཡིན་ཞིང་། འདི་ནི་མངོན་པ་མཛོད་ལུགས་ཀྱི་དུས་མཐའི་སྐད་མའི་ཚད་ཀྱང་ཡིན་ནོ།།
རྩིས་ཐབས་སྤྱད་ན།
1.59562963÷120﹦0.01329691
≈0.013 (སྐར་ཆ)

མངོན་པ་མཛོད་ལུགས་ཀྱི་དུས་མཐའའི་སྐད་ཅིག་མའི་ཚད་ནི་འདི་ལྟར་རྩིས་ཐབས་སྤྱད་ནས་གཏན་ལ་ཕབ་ཟིན་ལ། ཐལ་འགྱུར་བ་སོགས་ཀྱི་དུས་མཐའི་སྐད་ཅིག་མའི་ཚད་ཀྱང་འདི་ལྟར་གཏན་ལ་ཕབ་ན་གནོད་བྱེད་གང་ཡང་མི་འབྱུང་ངོ་། ཡིན་ནའང་། མངོན་པ་མཛོད་ལུགས་ཀྱི་དུས་མཐའི་སྐད་ཅིག་མ་འདི་ནི་ཡང་སྙིང་དུས་མཐའི་སྐད་ཅིག་མ་ཡིན་ནམ། མཛོད་ལུགས་ལ་དུས་མཐའི་སྐད་ཅིག་མ་འདི་ལྟའི་རགས་མོ་ཞིག་ལ་ངོས་འཛིན་གནང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

 

 

 

 

[①] སྡེ་དགེ བསྟན། མངོན་པ། ཀུ   གནས་གསུམ་པ། ཤོག་ངོས 155 ན་གསལ། དཔེ་བསྡུར་མ། དེབ79  ཤོག་ངོས381ན་གསལ། སེར་གཙུག མངོན་པ་མཛོད་རང་འགྲེལ། ཤོག་ངོས། 397-398 ན་གསལ།

[②] སྡེ་དགེ བསྟན། ཨི ཚིགས་བཞི་བ།ཤོག་ངོས 9ན་གསལ། དཔེ་བསྡུར་མ། དེབ 78 ཤོག་ངོས། 650 ན་གསལ།

[③] སྡེ་དགེ  བཀའ། མདོ་སྡེ། ཁ། ལེའུ་བཅུ་གཉིས་པ། ཤོག་ངོས 77  ན་གསལ། དཔེ་བསྡུར་མ། དེབ།46 ཤོག་ངོས185ན་གསལ།

[④] འཇང་བཀའ་འགྱུར། འདུལ་བ། ཆ། གློག་རྡུལ་དེབ། ཤོག་ངོས 6.139aན་གསལ།

[⑤] གཞི་དངོས་པོའི་རྣམ་བཞག་གམ་ཚན་རིག  པོད་དང་པོ། སྟོད་ཆ། ཀུན་བཏུས་རྩོམ་སྒྲིག་ཚན་ཆུང་ནས་བསྒྲིགས། 2014 ཤོག་ངོས334ན་གསལ།

[⑥] མཆིམས་འཇམ་པའི་དབྱངས་ཀྱིས་བརྩམས། 《མཛོད་འགྲེལ་མངོན་པའི་རྒྱན》ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་བསྐྲུན་ཁང་། 1988 ཤོག་ངོས321ན་གསལ།

[⑦] སྡེ་དགེ  བཀའ། མདོ་སྡེ། ཁ། ལེའུ་བཅུ་གཉིས་པ། ཤོག་ངོས 77  ན་གསལ།

[⑧] ཐང་ཟན་ཙང་དང་ཕེན་ཅིས་བརྩམས།གུང་མགོན་སྐྱབས་ཀྱིས་བསྒྱུར།《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག》ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2006 ཤོག་ངོས 181 ན་གསལ།

[⑨] cm ནི་རྒྱལ་ཚད་འཇལ་རྩིས་གཞི་ལས་ལིས་སྨི་མཚོན་བྱེད་ཡིན།རྒྱའི་བརྒྱ་བཤེར百度ནང་གི་རྒྱ་གར་གྱི་འབྲས་ཚད་གཞིར་བརྩིས་བྱས་ཡོད།

[⑩] ལི་སྨི1=ནཱ་སྨི10000000(རྒྱལ་སྤྱིའི་བརྩི་གཞི་ལྟར་ཡིན།)

[11] རྡོ་རྗེ་རྒྱལ་པོས་བདམ་བསྒྲིགས་བྱས།《ཚད་མ་རིག་པའི་སྐོར་གྱི་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས། 》དེབ་དང་པོ། མི་རིགས་དཔེ་སྐྲུན་ཁང་།1989ཤོག་ངོས193ན་གསལ།

[12] མཆིམས་འཇམ་པའི་དབྱངས་ཀྱི་བརྩམས།《མཛོད་འགྲེལ་མངོན་པའི་རྒྱན།》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།1989 ཤོག་ངོས 314ན་གསལ།

[13] གོང་དང་མཚུངས།

[14] གོང་དངམཚུངས།

[15] སློབ་དཔོན་དབྱིག་གཉེན་གྱིས་མཛད། 《མངོན་པ་མཛོད་རྩ་འགྲེལ།》སྟོད་ཆ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས། ཤོག་ངོས390ན་གསལ།

[16] ཐབས་མཁས་བློ་གྲོས་དང་གཡུང་དྲུང་དཀོན་མཆོག་གིས་བསྒྲིགས།《དངོས་ཁམས་རིག་པའི་ངོ་སྤྲོད་སློབ་དེབ》ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱིས་པར་བསྒྲིགས་བྱས།  ཤོག་ངོས57ན་གསལ།

[17] 《བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད》(གློག་རྡུལ་དེབ)འཇང་བཀའ་འགྱུར། དྲི་མེད་འོད། ལཱིཤོག་ངོས108e.102a-108e.103bན་གསལ།

[18] 约翰.圣弗德【美】 著 繁星 流萤 译 《退化论-基因熵与基因组的奥秘》山东友谊出版社 2010 见1页

[19] 见《锦州医学学报》1998年06期

[20]《བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད》(གློག་རྡུལ་དེབ)འཇང་བཀའ་འགྱུར། དྲི་མེད་འོད། ལཱི།  ཤོག་ངོས108e.103bན་གསལ།

[21] ཁྲི་གང་ལ་སོར་མོ་ཉེར་བཞི་དང་ལི་སྨི 33.3cm ལྟར་བརྩིས་ཡོད།

[22] སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། (གློག་རྡུལ་དེབ།)འཇང་བཀའ་འགྱུར། མདོ་སྡེ། ཛ། ཤོག་ངོས58-54aན་གསལ།

[23] སྟག་ཚང་ལོ་ཙཱ་བས་བརྩམས། 《གྲུབ་མཐའ་ཀུན་ཤེས་རྩ་འགྲེལ།》 མི་རིགས་དཔེ་སྐྲུན་ཁང་། 2011ལོའི་པར་ཐེངས་གཉིས་པ། ཤོག་ངོས74-75ན་གསལ།

[24] ཐང་ཟན་ཙང་དང་པེན་ཅིས་བརྩམས། གུང་མགོན་པོ་སྐྱབས་ཀྱིས་བསྒྱུར།《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་བཞུགས་སོ།།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006 ཤོག་ངོས185ན་གསལ།

[25] 《བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད》(གློག་རྡུལ་དེབ)འཇང་བཀའ་འགྱུར། དྲི་མེད་འོད། ལཱི།  ཤོག་ངོས108e.103bན་གསལ།

[26] སློབ་དཔོན་དབྱིག་གཉེན་གྱིས་མཛད།《ཆོས་མངོན་པ་མཛོད་ཀྱི་རང་འགྲེལ།》【སྟོད་ཆ】སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས།དཔར་ལོ་མི་གསལ།ཤོག་ངོས22ན་གསལ།

[27] སྡེ་དགེ  བཀའ། མདོ་སྡེ། ཁ། ལེའུ་བཅུ་གཉིས་པ། ཤོག་ངོས 77  ན་གསལ། དཔེ་བསྡུར་མ། དེབ།46 ཤོག་ངོས185ན་གསལ།

[28] སྡེ་དགེ། བཀའ། རྒྱུད། ཀ ལེའུ་དང་པོ། ཤློཀ 13 ཤོག་ངོས 23ན་གསལ། དཔེ་བསྡུར་མ། དེབ 77 ཤོག་ངོས 60 ན་གསལ།

[29] སློབ་དཔོན་དབྱིག་གཉེན་གྱིས་མཛད།《ཆོས་མངོན་པ་མཛོད་ཀྱི་རང་འགྲེལ།》【སྟོད་ཆ】སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས།དཔར་ལོ་མི་གསལ།ཤོག་ངོས22ན་གསལ།

 

སློབ་དཔོན་དབྱིག་གཉེན་གྱིས་མཛད།《ཆོས་མངོན་པ་མཛོད་ཀྱི་རང་འགྲེལ།》【སྟོད་ཆ】སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས།དཔར་ལོ་མི་གསལ།ཤོག་ངོས 397 ན་གསལ།

[30]