དེང་སང་རྒྱ་ནག་གཞུང་ཕྱོགས་ཀྱིས་གཏན་ལ་ཕབ་པ་ལྟར་ཀུན་ལ་གོམས་ལོབས་སུ་སོང་བའི་རྒྱའི་ལོ་རྒྱུས་འཆད་ཚུལ་ཞིག་མཆིས་པ་དེ་ནི། ཀུའོ་མོ་རུའོ་སོགས་སྲིད་གཞུང་གི་ཞབས་འབྲང་མཁས་པ་སྐོར་ཞིག་གིས་སུའུ་ལེན་མར་ལེ་རིང་ལུགས་ཀྱི་སྤྱི་ཚོགས་འཕེལ་རིམ་སྨྲ་བར་གཞི་བཅོལ་ཏེ་སྒྲིག་བཟོ་བྱས་པ་ཞིག་སྟེ། ཁོ་ཚོས“རྒྱ་ནག་ནི་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་དུས་རིམ་རིང་པོ་ཞིག་བརྒྱུད་མྱོང”ཞེས་དང་། “རྒྱ་ནག་ལ་ལོ་ངོ5000རིང་གི་ཤེས་རིག་ལོ་རྒྱུས་ཡོད”ཅེས་པ་སོགས་ཀྱང་ཆབ་སྲིད་ཀྱི་དགོས་དབང་ལྟར་བཏོན་པའི་ལོ་རྒྱུས་ལྟ་བ་ཞིག་ཡིན་པ་རེད། དེ་ཡང་བསླབ་དེབ་སོགས་ལ་བཀོད་དེ་མི་རབས་འགའི་བག་ཆགས་ཀྱི་གཏིང་རིམ་དུ་ཟུག་པར་བྱས་ཡོད་འདུག་་་་་་་་་་་་་་་་
ཞ་མོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དབྱི་ཀྲུང་ཐེན(中国厦门大学教授易中天)གྱིས་རྒྱ་ནག་གི་ཤེས་རིག་ལོ་རྒྱུས་བསྐྱར་དུ་འབྲི་རྒྱུར་ཁས་འཆེས་པ་ལྟར། བརྩམས་གྲུབ་པའི《ཀྲུང་ཧྭའི་ལོ་རྒྱུས》ཞེས་པ་ད་ལྟའི་བར་པོད་བཅུ་ཕྲག་བརྒལ་པ་པར་སྐྲུན་བྱས་ཟིན་འདུག ད་དུང་མུ་མཐུད་དུ་པོད་མང་པོ་པར་སྐྲུན་བྱེད་གྲབས་འདུག་ཅེས་གྲགས། གཤམ་དུ་འབྱུང་བའི་སྐད་ཆ་དུམ་བུ་འདི་ནི་ཁོས་རྒྱ་ནག་ལོ་རྒྱུས་ལ“ཀྲུང་ཧྭའི་ལོ་རྒྱུས”ཞེས་བཞེད་པ་ལྟར་ཤེས་རིག་འཕེལ་རིམ་གྱི་ངོས་ཐད་ནས་གཙོ་གནད་འགའ་ཞིག་ཁོལ་ཕྱུང་གིས་ཡང་བསྐྱར་དཔྱད་ཞིབ་དགག་སྒྲུབ་གནང་བའི་ལྟ་ཚུལ་ཡིན་འདུག 【སྒྱུར་བ་པོས】


གཅིག ཀྲུང་ཧྭའི་ལོ་རྒྱུས་ཀྱི་ལྦུ་ལྒང་བརྟོལ་བ།

“ལོ་ངོ5000རིང་གི་ཀྲུང་ཧྭའི་ཤེས་རིག”ཟེར་བའི་བཤད་ཚུལ་དེ་ནི་དབུགས་ཀྱིས་སྦོས་པའི་ལྦུ་ལྒང་ཞིག་དང་ཁྱད་མི་འདུག་སྟེ། དངོས་སྟོབས་རིགས་པས་དཔྱད་བཟོད་ཀྱི་ཀྲུང་ཧྭའི་ཤེས་རིག་ལོ་རྒྱུས་ནི་ལོ་ངོ3700ཙམ་གྱི་ཡུན་ལས་འདའ་དཀའ་བ་ཡིན།

མི་ལ་ལས་ས་འོག་ནས་ལོ་ངོ་ཁྲི་ཕྲག་སྔོན་གྱི་རྫ་བུམ་རྙེད་སོང་བ་དེས་ཀྲུང་ཧྭའི་ཤེས་རིག་ལོ་རྒྱུས་ནི་མིའི་རིགས་ཀྱི“ལོ་རྒྱུས་སྔ་ལོགས་ཀྱི་ལོ་རྒྱུས”ལ་གཏུག་ཆོག་པར་ར་སྤྲོད་བྱེད་ཐུབ་ཟེར། དེ་ནི་དངོས་གནས་མ་ཤེས་པའི་རྟགས་སུ་འཁུམས་ཏེ། ས་འོག་ནས་ལོ་ངོ་ཁྲི50ཡར་སྔོན་གྱི་མིའི་ཐོད་རུས་བཏོན་སོང་བ་མ་ཡིན་ནམ། དེ་ཤེས་རིག་ལོ་རྒྱུས་ལ་འབྲེལ་བ་སྤུ་ཙམ་ཡོད་པ་མ་ཡིན། ཤེས་རིག་ལ་གྲུབ་ཆ་གཙོ་བོ་འདི་གསུམ་ཚང་དགོས་པ་ཡིན་ཏེ།
མཚན་ཉིད་རིག་པ——འགྲོ་མིའི་ཤེས་རབ་སྤུངས་པའི་གཏེར་མཛོད།
ཆོས་ལུགས——འགྲོ་མིའི་ནང་སེམས་བདེ་འབྱིན་གྱི་འཇུག་ངོགས།
སྒྱུ་རྩལ——འཇིག་རྟེན་མཛེས་སྡུག་གི་ཉམས་ཚོར་རང་ཤར།
མཚན་ཉིད་རིག་པ་དང་ཆོས་ལུགས་དང་སྒྱུ་རྩལ་གསུམ་གྱི་མྱུ་གུ་མ་འབུས་སྔོན་དུ་འགྲོ་མིའི་ཤེས་རིག་གི་ལོ་རྒྱུས་ཞེས་པའི་གདགས་གཞི་ཡོད་པ་མ་ཡིན། ཡོད་པ་ནི་དམུན་འཁོབ་ཀྱི་ལོ་རྒྱུས་དང་ཡང་ན་ཡ་ཐོག་ཚོ་སྐོར་གྱི་ལོ་རྒྱུས་ཙམ་ཡིན། དེ་བས་ཀྲུང་ཧྭའི་ཤེས་རིག་ལོ་རྒྱུས་ནི་མི་ལོ3700ཙམ་ལས་མི་ལོ5000ལ་འདེད་རྒྱུ་ཡོད་པ་མ་ཡིན།

གཉིས། ཀྲུང་ཧྭའི་ལོ་རྒྱུས་གཡའ་སེལ།

དེ་ཡང་དཔེར་ན། “རི་བོ་ཆེན་པོ་གསུམ”ནི་སུ་དང་གང་གིས་མགོ་རྟིང་བསློགས་པའི་དངོས་ཚུལ་དེ་མི་རྣམས་ལ་གསལ་བོར་གོ་བརྡ་སྤྲོད་པའི་དགོས་པ་ལྷག་ཏུ་ཆེ་བར་མཐོང་། དེ་ཡང་འདི་ལྟར་ཏེ།
——“བཀས་བཀོད་རིང་ལུགས”ནི་བཀའ་ལ་གཏོགས་པའི་རྒྱལ་ཁམས་དབང་རིས་རང་སྐྱོང་གི་ལམ་ལུགས་ཏེ། དེ་ནི་ཆིན་ཧྲི་ཧུང་གིས་རྩ་བ་ནས་བསྒྱུར་བ་རེད།
——“བཙན་རྒྱལ་རིང་ལུགས”ནི་རྒྱལ་ཁམས་གོང་འོག་བར་གསུམ་གྱི་འཛིན་སྐྱོང་ལ་གོང་མ་རྒྱལ་པོའི་བཀའ་དབང་གཅིག་ཆོད་བྱེད་པའི་ལམ་ལུགས་ཏེ། དེ་ནི་སུན་ཀྲུང་ཧྲན་གྱིས་མགོ་རྟིང་བསློགས་པ་རེད།
——“དཔོན་རིགས་མ་རྩ་རིང་ལུགས”ཞེས་པ་རྒྱ་ནག་ལ་གཏན་ནས་བྱུང་མྱོང་མེད། ཅིའི་ཕྱིར་ཞེ་ན། དཔོན་རིགས་རིང་ལུགས་དང་སྒེར་སྡོམ་རིང་ལུགས་གཉིས་འདྲ་བ་དང་། མ་རྩ་རིང་ལུགས་དང་འགྲན་རྩོད་རིང་ལུགས་གཉིས་འདྲ་བ་ཡིན་ཙ་ན། སྒེར་སྡོམ་དང་འགྲན་རྩོད་གཉིས་མེ་ཆུ་ཇི་བཞིན་ཏེ་གཞི་གཅིག་ལ་ཚོགས་པའི་གོ་སྐབས་རྩ་བ་ནས་མེད་པ་ཡིན། དེས་ན“དཔོན་རིགས་མ་རྩ་རིང་ལུགས”ཟེར་བ་ཞིག་འབྱུང་ཐབས་མེད། དོན་དམ་པས་རྒྱ་ནག་ལ་བྱུང་བ་ནི“དཔོན་རིགས་དབང་འདུན་རིང་ལུགས”ཡིན་པ་རེད།
“བཀས་བཀོད་ལམ་ལུགས”ཀྱི་རྗེས་སུ“དབང་སྡུད་ལམ་ལུགས”བྱུང་བ་དང་། དེ་གཉིས་ཀྱི་ཁྱད་པར་ནི་འདི་ལྟ་སྟེ།

བཀས་བཀོད་ལམ་ལུགས——བསམ་བློ་སྣ་མང་། གཏམ་བརྗོད་རང་དབང་ཅན་ཏེ། ལམ་ལུགས་དེའི་འོག་ཏུ་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བསྐལ་པ་ཤར་མྱོང་ཡོད་པ་དེ་བཞིན་རེད།
དབང་སྡུད་ལམ་ལུགས——བསམ་བློ་སྣ་གཅིག གཏམ་བརྗོད་དམ་དྲག་ཅན་ཏེ། ལམ་ལུགས་དེའི་འོག་ཏུ“བྱུར་གྱི་སྣ་འདྲེན་ཁ། ཁ་དེའི་རིང་ལ་མགོ”ཞེས་བཤད་སྲོལ་བྱུང་དང་འབྱུང་བཞིན་པ་དེ་འདྲ་རེད།
དེར་མ་ཟད། བཀས་བཀོད་ལམ་ལུགས་ཀྱི་གནས་སྐབས་དེར་རྒྱལ་པོ་ལ་ནི“གནམ་བསྐོས” སུ་འབོད་པ་དང་། དབང་སྡུད་ལམ་ལུགས་བྱུང་རྗེས་ད་གཟོད“གོང་མ”ཞེས་པའི་འབོད་ཚུལ་བྱུང་བ་རེད།
ཆིན་ཧྲི་ཧུང་གིས“བཀས་བཀོད་ལམ་ལུགས”གཏོར་ཏེ“དབུས་གཅིག་སྡུད་ལམ་ལུགས”བཙུགས་རྗེས་ཁོ་རང་ནི་རྒྱ་ནག་ལོ་རྒྱུས་སྟེང་གི་གོང་མ་དང་པོ་དེ་ཆགས་པ་རེད། དེ་ལྟར“དབུས་དབང་སྡུད་ལམ་ལུགས”དེ་ལོ་ངོ2000ལྷག་ལ་མཚམས་མ་ཆད་པར་ད་ལྟའི་བར་དུ་རྒྱུན་སྐྱོང་བཞིན་ཡོད་པ་རེད།
དེ་བས་རྒྱ་ནག་གི་ལོ་རྒྱུས་བཤད་སྟངས་ལ་དག་བཅོས་བྱེད་པའི་དགོས་པ་ཤིན་ཏུ་ཆེ་སྟེ།
——རྒྱ་ནག་གི་བཀས་བཀོད་ལམ་ལུགས་དེ་གནའ་སྔ་མོ་ནས་མཇུག་བསྡུས་ཏེ་ད་ལྟའི་བར་དུ“དབུས་དབང་སྡུད་ལམ་ལུགས”ཀྱི་སྒང་ལ་ཡོད་པ་ནི་གནད་ཀྱི་དམ་པར་ཤེས་དགོས་སོ། །

གསུམ། ཀྲུང་ཧྭའི་གནའ་དེང་ལོ་རྒྱུས་གཤིབ་བསྡུར།

དེ་ཡང་དཔེར་ན། “བྲན་གཡོག་ལམ་ལུགས”དང“གཡོན་མཐའ་ལམ་ལུགས” གཉིས་གཤིབ་བསྡུར་ཅུང་ཟད་བགྱིས་ན་འདི་འདྲའི་མཚུངས་ཆོས་མང་དུ་འབྱུང་སྟེ། ངལ་རྩོལ་མི་མང་རྣམས“རང་དབང་གིས་འཚོ་རྟེན་སྒྲུབ་པའི་ཐོབ་ཐང”དང“རང་དབང་གིས་ཆགས་གཞིས་སྤོ་བའི་ཐོབ་ཐང”སོགས་ལྷག་ལུས་མེད་པར་ཕྲོགས་པའི་རྗེས་སུ། “བྱ་བྱེད་ཐམས་ཅད་བཀོད་འདོམས་ལ་བརྟེན་དགོས”ཞེས་ཏེ་བཀའ་དང་བཀོད་འདོམས་ལ་བརྟེན་ནས་འཚོ་བ་སྟེ་དོན་ལ་གཡོག་རྒྱུག་གིས་འཚོ་དགོས་པ་ལྟ་བུ།

དེ་བཞིན་དུ།“དགུ་ཆའི་ལམ་ལུགས”དང“ཀུང་ཧྲེའི་ལམ་ལུགས” གཉིས་ཀྱི་གཞི་རྩའི་འདྲ་ཆོས་ཀྱང་ས་ཞིང་ཐམས་ཅད“སྤྱི་ལ་དབང་བའི”ལམ་ལུགས་ཡིན་པ་ཤེས་སླ་སྟེ། དེ་ཡང་མིང་ལ་སྤྱི་ཞེས་བཏགས་ཀྱང་དོན་ལ་མི་ཉུང་ཤས་ཀྱིས་བདག་ཏུ་བཟུང་ཡོད་པ་དཔེར་ན། ས་ཞིང་རང་བདག་དང་ལེ་ལག་འཁོར་རྒྱུག་གི་དབང་ཆ་རྗེ་བོ་རྣམས་དང་མི་དམངས་ལ་ཞབས་འདེགས་སྒྲུབ་མཁན“གཞུང་ཞབས”ཚོའི་ལག་ཏུ་ཡོད་པ་ལྟ་བུ། དེས་ན་འབངས་མི་སེར་ལ་ནི“བཀའ་ལྟར་གཡོག་རྒྱུག་དགོས་པའི་ཐོབ་ཐང”ལས་ཅི་ཡང་ལྷག་ཡོད་པ་མ་ཡིན།

ལོ་རྒྱུས་ནི་འཕྲེད་གཞུང་གིས་གཤིབ་བསྡུར་བྱས་ན་ད་གཟོད་དེའི་ངོ་བོ་གཤིས་ཚུལ་གསལ་རྗེན་དུ་མངོན་འོང་བ་ཡིན་ཏེ། འདིའི་རིང་ལུགས་དང་དེའི་རིང་ལུགས་ཞེས་མང་དུ་འབྱུང་ནའང་། མི་རྣམས“རང་དབང་གིས་འཚོ་རྟེན་སྒྲུབ་པའི་ཐོབ་ཐང”དང“རང་དབང་གིས་ཆགས་གཞིས་སྤོ་བའི་ཐོབ་ཐང”འཕྲོག་པའམ། ཡང་ན“སྤྱི་ལ་དབང་བའི་ལམ་ལུགས”དེར་ཡང་བསྐྱར་ཞུགས་ན་ནི། དེ་ནི་ལོ་རྒྱུས་འཕེལ་རྒྱས་སུ་ཕྱིན་པ་མ་ཡིན་ཏེ། ལྡོག་སྟེ་སྲོལ་ངན་འདས་ལོག་བྱུང་བ་ཤ་སྟག་གོ།

བཞི། འཛམ་གླིང་ལོ་རྒྱུས་ལ་དཔེ་བལྟ་བ་ལས་འོས་མེད།

དེ་ཡང་དཔེར་ན། ཕྱི་ལོ་དུས་རབས17པར་བྱོན་པའི་དབྱིན་ཇིའི་མཚན་ཉིད་རིག་པའི་ཁྱུ་མཆོག་འཇོན•ལོ་ཀ(John Locke)ཞེས་པས་འདི་ལྟར་གདམས་ཡོད་དེ།
——རྒྱུ་ནོར་ནི་སྤྱི་ལ་དབང་མི་འོས། དབང་ཆ་ནི་སྒེར་ལ་དབང་མི་འོས། དེ་ལྟ་མིན་ཚེ་མིའི་རིགས་ཟད་མི་ཤེས་པའི་ཆག་འཇིག་གི་ཀློང་དུ་ཚུད་ངེས་པ་ཡིན།
དེ་ནི་ཚིག་ཉུང་དོན་ཟབ་མན་ངག་གི་ཉིང་བཅུད་ཤ་སྟག་སྟེ། དེས་ནི་ཏག་ཏག“དཔལ་འབྱོར་དམངས་ལ་བདག་པ”སྟེ་དཔལ་འབྱོར་རང་དབང་གི་ལམ་ལུགས་དང་། “ཆབ་སྲིད་དམངས་གཙོ་ཅན”ཏེ་འོས་བསྡུ་རང་དབང་གི་ལམ་ལུགས་བསྟན་པ་མ་ཡིན་ནམ།
འཇོན•ལོ་ཀ་ནི་ཁྲིམས་སྲིད་དམངས་གཙོའི་ལྟ་གྲུབ་དེ་གཏིང་ཟབ་ཅིང་དཔྱིས་ཕྱིན་པར་ཞིབ་བརྗོད་གནང་མཁན་ཐོག་མ་ཡིན་པ་རེད་ལ། ཁོང་གི་མན་ངག་དེས་ཨ་རིའི་རྒྱལ་ཡབ་རྣམ་པ་དང་ཧྥ་རན་སིའི་བློ་འབྱེད་མཚན་ཉིད་རིག་པ་མཁན་དག་ལ་གཞི་རྩའི་ཆ་ནས་ཤུགས་རྐྱེན་ཟབ་མོ་ཐེབས་མྱོང་སྟེ།
——ཁྲིམས་སྲིད་ནི་གན་ཆིངས་ཀྱི་ངོ་བོར་གྲུབ་པས། ཁྲིམས་སྲིད་ཀྱི་སྙིང་དོན་ཡང་དཔལ་འབྱོར་སྒེར་ལ་དབང་བའི(རྒྱུ་ནོར་སྒེར་ལ་བདག་པ)ལམ་ལུགས་ཏེ། “དཔལ་འབྱོར་རང་དབང”གི་ལམ་ལུགས་འབའ་ཞིག་ལས་འབྱུང་བ་རེད།

ཞིབ་ཏུ་བཤད་ན། “དཔལ་འབྱོར་རང་དབང”གི་ལམ་ལུགས་ཚུགས་མེད་ན“འོས་བསྡུ་རང་དབང”ཞེས་བརྗོད་ཀྱང་དེ་ལ་སྟངས་འཛིན་དབང་སྙོམ་བྱེད་མཁན་མེད་པ་ཡིན་པས། དེ་ཡིས་ངོ་བོ་གཞན་ཞིག་གི་ཐོག་ནས་དབང་ཆ་སྒེར་འཛིན་གྱི་ཆག་འཇིག་གི་ཀློང་དུ་མི་བརྫང་རང་བརྫང་ཡིན་པ་རེད། དཔེར་ན། “སྒེར་ལ་དབང་བའི་ལོག་ལམ་དུ་མི་འཇུག་གཏན་འཁེལ་ཡིན”ཞེས་སྒྲོག་པའི་རྒྱལ་ཁབ་ཝེ་ནེ་ཟུ་ཝེ་ན་དང་། ན་ཙི་འཇར་མན། སྔར་གྱི་ཨི་རག་དང་ད་ལྟའི་ཨི་རན་ལ་སོགས་པའི་མི་མང་གི་འཚོ་རྟེན་སྒྲུབ་སྟངས་ནི“སྤྱི་ལ་དབང་བ”དང“རྒྱལ་ཁབ་ལ་དབང་བའི”ལམ་ལུགས་ཀྱི་སྒྲོམ་དུ་བཅུག་ཡོད་པ་ཡིན་པས། ཕྱིའི་སྣང་ངོར“འོས་བསྡུ་རང་དབང”གི་བཟོ་འདྲ་ཞིག་འཁྲབ་ཀྱིན་ཡོད་ནའང་། འོས་ཤོག་ལྡུག་མཁན་དག་འཁྲུལ་རྒྱུས་བསླད་ཟིན་པས་དམངས་གཙོའི་ཐོབ་ཐང་མེད་ལ། དམངས་གཙོའི་ནུས་སྟོབས་ཀྱང་གཏན་ནས་ཡོད་པ་མ་ཡིན། དེ་ལྟར་བས་ཆ་ཝེ་ཛ་དང་ཧི་ཐི་ལིར། ས་ཌམ། ཁ་ཌ་ཧྥེ། ཨམ་ཌི་ནེ་ཇ་ཌ། མུ་སི་ལིམ་སྤུན་ཟླ་ཚོགས་པ། ཧ་མ་ས་སོགས་ཕྱོགས་སོ་སོའི་ཁྲམ་པ་དང་སྨྱོན་པ་སྐོར་ཞིག་སོ་སོར་ཁྲི་སྟེགས་ལ་བསྐྱོན་པས། གཡས་མཐའི་མི་རིགས་རིང་ལུགས་དང་། གཡོན་མཐའི་དམངས་ཕུལ་རིང་ལུགས། ཆོས་ལུགས་ཐལ་མཐའ་པ་དག་ལམ་ལྷོང་རྒྱུག་པའི་གྲོགས་འབའ་ཞིག་ཏུ་གྱུར་སོང་བ་རེད། དེ་ནི་ཁྲིམས་སྲིད་དམངས་གཙོའི་ལྟ་གྲུབ་དང་རྒྱབ་འགལ་དུ་ཕྱིན་པས་རེད། དེ་ལ་དམངས་གཙོ་ཟེར་བ་ནི་སྐྱག་རྫུན་ཤ་སྟག་ཡིན་པ་རེད། དེ་ནི་སྒེར་གཅོད་རྒྱལ་པོ་ཅུང་བཟང་པོ་དག་ལའང་དོ་བ་མ་རེད།

ལྔ། གྲལ་རིམ་ལོ་རྒྱུས་ལའང་ཕྱོགས་བསྡོམས་བྱེད་དགོས་འདུག

འགྲོ་མིའི་དཔལ་ཡོན་གྱི་ལོ་རྒྱུས་ནི་སྙིང་བརྩེ་བ་གཞི་རྩར་བྱས་པ་སྟེ།
——བདག་གཞན་ཀུན་ཁྱབ་ཀྱི་བརྩེ་བ། སྣོད་བཅུད་སྙོམ་འཇུག་གི་བརྩེ་བ། བྱམས་པས་ཀུན་བསླངས་ཀྱི་བརྩེ་བ་སོགས་ཀྱིས་བསྐྱེད་པ་རེད། དེ་ལས་ལྡོག་སྟེ“སྡང་འཛིན”དང“འཐབ་རྩོད”སོགས་ནི་འགྲོ་མིའི་དཔལ་ཡོན་དང་རྒྱལ་འགལ་དུ་སོང་བ་ཡིན་པས། འགྲོ་མིའི་དཔལ་ཡོན་ལས་ལོག་པའི“གྲལ་རིམ་འཐབ་རྩོད” ནི་རིང་ནས་རིང་དུ་སྤང་དགོས་པ་ཡིན།

འོན་ཀྱང་། འགྲོ་མིའི་དཔལ་ཡོན་ལས་ལོག་པའི“གྲལ་རིམ་འཐབ་རྩོད”རིང་དུ་སྤོང་བ་དང་མཉམ་དུ“གྲལ་རིམ”གྱི་དབྱེ་བའང་མེད་པར་བཟོ་དགོས་ཟེར་བ་མིན། མི་ཞེས་པ་འདི་ལ་འཇོན་ནུས་སོགས་ཀྱི་ཆ་ནས་རབ་འབྲིང་ཐ་གསུམ་ཡོད་པ་ཡིན་ན་གྲལ་རིམ་གྱི་དབྱེ་བའང་རང་བཞིན་གྱིས་ཡོད་པ་ནི་སྨོས་ཅི་དགོས། གྲལ་རིམ་མི་འདྲ་བའི་སྟོབས་ཤུགས་ཀྱིས་བསྐྱེད་པའི་ལོ་རྒྱུས་འཕེལ་ཕྱོགས་ཀྱང་སོ་སོར་འདྲ་བ་མ་ཡིན། 《མར་ཁེ་སིའི་གཞུང་ལུགས》ཀྱིས“དབུལ་ཕྱུག” གི་ཁྱད་པར་ལ་བལྟོས་ཏེ་གྲལ་རིམ་གྱི་དབྱེ་བ་བཀར་བ་དེ་ནོར་སོང་བ་རེད། ངས་བལྟས་ན་དབུལ་པོ་དང་ཕྱུག་པོ་གང་རུང་གིས“འབྱོར་བ་སྒྲུབ་ཐབས”ནི་ད་གཟོད་སོ་སོའི་གྲལ་རིམ་ཇི་ལྟར་དགར་རྒྱུ་དང་ལོ་རྒྱུས་འཕེལ་ཕྱོགས་ལ་ཞིབ་འཇུག་ཇི་ལྟར་བྱ་རྒྱུའི་ཚད་ཐིག་ཉག་གཅིག་ཡིན་པ་རེད། དེ་ཡང་འདི་ལྟར་ཏེ།
——དམིགས་བསལ་དབང་ཆ་སྤྱོད་པ་དང་ཚོང་ཟོག་སྒེར་སྡོམ་ལ་བརྟེན་ནས་འབྱོར་བ་སྒྲུབ་མཁན་དག་ནི། “ཁྱད་དབང་ཅན་གྱི་གྲལ་རིམ”ཡིན་པ་དང་།
——གསར་གཏོད་དང་འགྲན་རྩོད་ཀྱི་ལམ་ནས་འབྱོར་བ་སྒྲུབ་མཁན་དག་ནི། “འབྱོར་ལྡན་གྲལ་རིམ”ཡིན་པ།
——དམིགས་བསལ་གྱི་ཁྱད་དབང་དེའང་ཐོབ་ཐབས་བྲལ་བ་དང་འགྲན་རྩོད་ཀྱི་ནུས་པའང་མེད་པ་དག་ནི། “འབྱོར་མེད་གྲལ་རིམ”ཡིན་པ་རེད།
ཚད་ཐིག་དེའི་སྟེང་ནས་ང་ཚོས་སྤྱི་ཚོགས་ལ་ལ་སྔ་མོ་ནས་དམངས་གཙོ་ཅན་དུ་འཕེལ་བ་དང་། སྤྱི་ཚོགས་ལ་ལ་ད་དུང་ཆབ་སྲིད་སྒེར་གཅོད་ཀྱི་ལམ་དུ་ཡང་ཡང་བསྐོར་བ་རྒྱག་གི་ཡོད་པའི་རྒྱུ་རྐྱེན་གནས་ལུགས་ཧ་གོ་ངེས། དེ་ལ་ཡང་འདི་ལྟའི་ཆོས་ཉིད་ཅིག་ཡོད་དེ། དམངས་གཙོ་དང་འགྲན་རྩོད་གཉིས་ནི་ངོ་བོ་རྣམ་པ་གཅིག་ལ་གནས། དེ་བཞིན་དུ་སྒེར་སྡོམ་གཞིར་བྱས་པའི“ཁྱད་དབང་ཅན་གྱི་གྲལ་རིམ”དེས་དྲང་བཞག་མ་ཡིན་པའི་སྤྱི་ཚོགས་ཤིག་བསྐྱེད་པ་ཡིན་ལ། འགྲན་རྩོད་གཞིར་བྱས་པའི“འབྱོར་ལྡན་གྲལ་རིམ”གྱིས་དམངས་གཙོའི་སྤྱི་ཚོགས་ཤིག་བསྐྱེད་པ་ཡིན། དྲག་སྦྱོར་གཙོ་བོར་བསྟེན་པའི“འབྱོར་མེད་གྲལ་རིམ”གྱིས་ཇི་ལྟར་གྱེན་ལྡོག་དང་གསར་བརྗེ་བྱས་ཀྱང་དེའི་འབྲས་བུར་ཆབ་སྲིད་སྒེར་གཅོད་རྐྱང་རྐྱང་ལས་འཐོབ་རྒྱུ་གཞན་ཡོད་པ་མ་ཡིན།

དེ་ཡང་ལོ་རྒྱུས་ལ་བལྟས་ན་ར་འཕྲོད་པ་ཡིན་ཏེ། ཀྲང་ཅའོ། ཀྲུའུ་ཡོན་ཀྲང་། ལི་ཙི་ཁྲེང་། ཀྲང་ཞན་ཀྲུང་། ཧུང་ཞིའུ་ཆོན། བདེན་འཛོམས་ཚོགས་སྡེ།(义和团)མང་ཕྱོགས་ཚོགས་པ།(布尔什维克)རྒྱལ་ཁབ་སྤྱི་ཚོགས་རིང་ལུགས་གསུམ་ལྡན་བཟོ་བའི་ཚོགས་པ།(纳粹党)ཨི་ཐ་ལིའི་དྲག་པོ་བཟོ་བའི་རུ་ཚོགས།(法西斯)དམར་པོ་གམ་བྷོ་དྷེ་ཡ།(红色高棉)དམར་སྲུང་དམག གྱེན་ལྡོག་ཕྱོགས་ཁག་སོགས་འཛམ་གླིང་ལོ་རྒྱུས་སྟེང་ཡུལ་དུས་སོ་སོར་དངོས་སུ་བྱུང་མྱོང་བའི“འབྱོར་མེད་གྲལ་རིམ”གྱི་དྲག་པོའི་ཚོགས་པ་དེ་ཚོར་མེ་མདའི་ཁ་ནས་སྲིད་དབང་འཐོབ་སྲིད་ནའང་འགྲོ་མིའི་ཐོབ་ཐང་ནི་གཏན་ནས་འཐོབ་མི་སྲིད་པ་ལྟ་བུའོ། །

ངས《ཀྲུང་ཧྭའི་ལོ་རྒྱུས》ཞེས་པ་ཞིག་རྩོམ་པའི་དམིགས་ཡུལ་ནི་སྲོལ་རྒྱུན་ལྟར་དུ་ལོ་རྒྱུས་ཞིབ་བརྗོད་བྱེད་བསམ་པ་མིན། འོ་ན་ཅི་ཡིན་ཟེར་ན། ངས་འབྲི་བསམ་པ་ནི་ལོ་རྒྱུས་ལྟ་ཚུལ་ཡོ་བསྲང་དང་ལོ་རྒྱུས་གཤིབ་བསྡུར་ཡིན། ངས་ལོ་རྒྱུས་ཀྱི་དངོས་ཚུལ་དང་ལོ་རྒྱུས་ཀྱི་ངོ་བོ་འབྲི་བསམ་པ་ཡིན། དེ་ཡིན་ན་འོས་ཤོག་སྙེག་མཁན་ཚོས་བཀླགས་རྗེས་ཚིག་རྩུབ་ཀྱིས་བཀྱོན་ངེས། མའོ་རྗེས་འབྲང་ཚོས་བཀླགས་རྗེས་སྡང་དགྲ་གཏེ་བོ་ཞེས་གཤེ་ངེས། བྱེད་ལས་རིགས་མཐུན་ཚོས་བཀླགས་རྗེས་ཕྲག་དོག་གིས་དམོད་ངེས། ཁ་ཆེན་དབང་ཆེན་ཚོས་བཀླགས་རྗེས་མ་རུངས་ཁོག་བཅུག་ཅེས་གཤུང་ངེས། གང་ལྟར་ཀྱང་རུང་གི ངས་ནི་དབུགས་ཀྱི་རྒྱུ་བ་མ་ཆད་ན་ཀྲུང་ཧྭའི་ལོ་རྒྱུས་བསྐྱར་དུ་འབྲི་རྒྱུའི་དམ་བཅའ་བགོས་ཡོད།
——ལོ་ངོ་སྟོང་གི་རིང་ལ་བཙའ་དྲེག་ཆགས་པའི་ཀླད་པའི་འཕྲུལ་འཁོར་ཡང་བསྐྱར་བསྐོར་རྒྱུ་ཡིན། ཡུན་རིང་ས་རྒོད་དུ་ཤོར་བའི་མྱ་ངམ་ཐང་ལ་བསམ་བློའི་ས་བོན་འདེབས་རྒྱུ་ཡིན། དེ་བས། ཁྲི་སྟོང་མང་པོས་བཀག་ཀྱང་རུང་། །ང་ཡི་གོམ་སྒྲ་འཇགས་ཐབས་བྲལ། །ཞེས་ཀྱང་སྨྲའོ།།